Quantcast
Channel: བོད་ཀྱི་དུས་བབ།
Viewing all 4854 articles
Browse latest View live

རྨ་ཆུའི་ཆུ་སྣ་ཟི་ལིང་དུ་འདྲེན་རྒྱུ་ཡིན་འདུག

$
0
0

རྒྱ་ནག་གཞུང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཆུ་འདྲེན་བཟོ་སྐྲུན་གྱི་གལ་ཆེའི་དགོངས་དོན་ཟེར་བའི་འོག་རྨ་ཆུའི་ཆུ་སྣ་ཟི་ལིང་ས་ཁུལ་དུ་འདྲེན་རྒྱུ་ཡིན་ཟེར།
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཆུ་འདྲེན་བཟོ་སྐྲུན་གྱི་གལ་ཆེའི་དགོངས་དོན་ཞེས་པའི་འོག སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་མགྱོགས་མྱུར་སྒོས་སྤེལ་དགོས་སྐོར་དང་། ཟི་ལིང་གི་འཆར་འགོད་འཛུགས་སྐྲུན་སྤེལ་བ་དང་བསྟུན། ད་ཡོད་ཀྱི་ཆུའི་ཐོན་ཁུངས་ཀྱིས་མ་འོངས་པའི་ཆུ་བཀོལ་སྤྱོད་ཐད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་པས། རྨ་ཆུའི་ཆུ་སྣ་ཟི་ལིང་ས་ཁུལ་དུ་འདྲེན་རྒྱུ་ཡིན་སྐོར་བརྗོད་འདུག

ལས་གཞི་དེའི་ཐད་མཚོ་སྔོན་ཞིང་ཆེན་དམར་ཤོག་ཚོགས་པའི་ཚོགས་གཙོ་གཞོན་པ་ལིག་ཉིང་ཟེར་བ་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱས་ཡོད་པ་དང་། ཁོས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་དེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་ཆུ་འདྲེན་ལས་གཞི་ཐོག་མ་དེ་ཡིན་པའི་ཆ་ནས་སྐྱེ་ཁམས་བཟོ་སྐྲུན་ཡིན་ལ། དམངས་འཚོའི་བཟོ་སྐྲུན་ཡང་ཡིན་པས། ཞི་ཅིན་ཕིན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་ཁྲིད་འོག སྟོབས་ཤུགས་ཡོད་རྒུས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་སྔ་མོ་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་པ་དང་སྔ་མོ་ནས་ཕན་འདོགས་པར་སྐུལ་འདེད་གཏོང་དགོས་སྐོར་བརྗོད་འདུག

ཡང་ཁོས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱས་ན། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་བཅས་ཀྱི་ཚེ་སྲོག་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་། ལིན་ཀྲིག་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་བྱེད་པ། རྨ་ཆུ་དང་ཙོང་ཆུ་ས་ཁུལ་གྱི་སྐྱེ་ཁམས་དང་མི་སྡོད། ཁོར་ཡུག་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རེ་བ་དང་མཚོ་སྔོན་འཕེལ་རྒྱས་ཀྱི་གནས་བབ་གཏན་འཁེལ། ཚན་རིག་དང་མཐུན་པའི་སྒོ་ནས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་འཛུགས་སྐྲུན་ལ་འཆར་འགོད་བཟང་བོ་བྱེད་དགོས་སྐོར་སོགས་བརྗོད་ཡོད་འདུག

འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་མང་པོར་ཆུ་རགས་བརྒྱབས་པ་དང་གཙང་བོའི་བཞུར་རྒྱུན་ཁ་གཞན་དུ་བསྒྱུར་བ། ཆུ་འདྲེན་སྦུག་ལམ་རྒྱུད་བོད་ཀྱི་གཙང་བོ་ཁག་གི་ཆུ་གཞན་ལ་འདྲེན་པ་སོགས་ཀྱི་ལས་འཆར་བཟོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་ལྷོ་རྒྱུད་དུ་རྒྱུག་པའི་ཡར་རླུང་གཙང་པོའི་ཆུ་ལག་ཅིག་གི་ཁ་བསྒྱུར་ཏེ། ཤིན་ཅང་རང་སྐྱོང་ཁུལ་གྱི་བྱེ་ཐང་དུ་འདྲེན་ཆེད་ཆུ་འདྲེན་སྦུག་ལམ་སྤྱི་ལེ་༡༠༠༠ ལྷག་ཅན་ཞིག་འཛུགས་སྐྲུན་བྱེད་འཆར་ཡོད་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་རེད།

དེ་བཞིན་ཕྱི་ལོ་༢༠༡༦ ཟླ་ ༡༠ ཚེས་༡༤ ཉིན། དྷ་སར་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་ཉམས་ཞིབ་པ་དང་ཁོར་ཡུག་སྲུང་སྐྱོབ་པ་སྐུ་ཞབས་གྷེ་བྷེ་རིལ་ལཱ་ཧྥེ་ཊི་ཡིས་གཏམ་བཤད་ཅིག་གི་སྐབས། རྒྱ་ནག་གིས་ལོ་ལྔ་ཅན་གྱི་འཆར་གཞི་གསུམ་སྟེ་ཕྱི་ལོ་ ༢༠༡༥ ནས་ ༢༠༣༠ བར་ལ་བོད་ཤར་ཕྱོགས་ཁུལ་གྱི་གཙང་པོ་མང་པོ་ཞིག་གི་སྟེང་དུ་ཆུ་རགས་རྒྱག་འཆར་ཡོད་པ་དང་། གལ་ཏེ་ལས་འཆར་དེ་དག་ས་གནས་གང་དུ་ལག་ལེན་བསྟར་རྩིས་ཡོད་པ་སྔོན་ཚུད་ནས་ཤེས་ན། ས་གནས་དེ་དག་གི་ཡུལ་མི་སོགས་ལ་ཤུགས་རྐྱེན་ག་རེ་ཡོང་གི་ཡོད་མེད་དང་། ལས་འཆར་དེ་དག་ལ་འགོག་རྒོལ་བྱེད་རྒྱུར་ཕན་ཐོགས་ཡོད་པ་སྐོར་དང་། ཁོང་གིས་ཉམས་ཞིབ་བྱས་པ་བརྒྱུད་རྒྱ་ནག་གིས་བོད་ཀྱི་གཙང་པོ་མང་པོ་ཞིག་དང་དེ་དག་གི་ཆུ་ལག་ཡོང་རྫོགས་སྟེང་ཆུ་རགས་རྒྱག་འཆར་ཡོད་པ་དང་། ལྷག་པར་དུ་བོད་དཀར་མཛེས་དང་རྔ་བ་ཁུལ་གྱི་གཙང་པོ་ཚང་མར་ཆུ་རགས་དང་། ཁུལ་དེར་འཛམ་གླིང་སྟེང་གི་ཆུ་རགས་མཐོ་ཤོས་མི་ཊར་༣༡༨ ཅན་ཞིག་རྒྱག་འཆར་ཡོད་པ། དེ་སྔོན་དང་མི་འདྲ་བར་ཆུ་རགས་དེ་ཆུ་མཛོད་ཆེན་པོ་ཞིག་ཏུ་བཟོས་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་གློག་གཏོང་ཐབས་དང་། འབྲི་ཆུ་དེ་རྨ་ཆུ་ཁུལ་ལ་ཤར་གཏོང་བྱས་ནས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་རྣམས་ཀྱི་རྡོ་སོལ་བཟོ་གྲྭར་གཏོང་འཆར་ཡོད་སྐོར་སོགས་བརྗོད་ཡོད་འདུག

རྒྱ་གཞུང་གིས་བོད་ཀྱི་གཙང་བོ་ཁག་གི་བཞུར་རྒྱུན་གང་སར་འདྲེན་པ་དང་ཆུ་རགས་བརྒྱབ་པ་སོགས་ཀྱིས་གཙང་བོ་དེ་དག་གི་རང་བྱུང་སྐྱེས་ཁམས་ལ་གཏོར་སྐྱོན་ཆེན་པོ་བྱུང་གི་ཡོད་པ་མ་ཟད། རྩྭ་ས་བྱེ་འགྱུར་གྱི་གནད་དོན་ཉེན་ཚབས་ཅན་དུ་འགྱུར་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ལོར་འདི་གའི་གསར་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་བཅར་འདྲི་བྱས་སྐབས། ད་ལྟའི་ཆར་བོད་མདོ་སྨད་ཀྱི་ས་ཆ་ཕལ་ཆེ་བ་དང་མདོ་སྟོད་ཀྱི་ས་ཆ་མང་པོ་ཞིག་རིམ་གྱིས་བྱེ་ཐང་དུ་འགྱུར་བཞིན་ཡོད་པ་རེད། ཞིབ་འཇུག་པ་ཚོས་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་མཚོ་སྔོན་ཞིང་ཆེན་ནི་བྱེ་ཐང་དུ་འགྱུར་བ་ཚབས་ཆེ་ཤོས་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད་ལ། བྱེ་ཐང་དུ་འགྱུར་ཚད་སྔར་དང་མི་འདྲ་བར་དཔེ་མི་སྲིད་པའི་ཤུགས་ཆེན་པོ་རེད། རྩྭ་ཐང་དེ་བྱེ་ཐང་དུ་འགྱུར་སོང་ན་མིས་འཚོ་བ་སྐྱེལ་བར་རང་བཞིན་གྱིས་དོ་ཕོག་ཡོང་བ་དང་། མིའི་འཚོ་བ་ལ་དོ་ཕོག་བྱུང་ན་རིག་གནས་སོགས་གང་ཅིའི་ཐད་ནས་རིམ་གྱིས་ཡོངས་སུ་རྫོགས་པ་ཉམས་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་མ་ཟད། མ་འོངས་པར་མི་འཚོ་སྡོད་བྱེད་ཐུབ་ཀྱི་རེད་དང་མ་རེད་ཟེར་བའི་དཀའ་ངལ་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་འདུག

ཁོས་མུ་མཐུད་ཡར་ཀླུང་གཙང་པོ་ལྟ་བུར་མཚོན་ན་ཆུ་རག་ཆེན་པོ་ ༡༡ རྒྱག་གི་ཡིན་ལབ་ཀྱི་ཡོད་པ་ལྟར། རྫམ་ཆུ་རག་ཆེན་མོ་བརྒྱབ་ཟིན་པ་དང་། གཉིས་རྒྱག་བཞིན་པ་ཡིན་དུས་ཆུ་རག་ལྔ་ཞིག་རྒྱག་རྒྱུ་ཡིན་པ་དེ་གསལ་པོ་ཆགས་བསྡད་ཡོད་པ་རེད། དེ་ནས་འབྲི་ཆུ་ནི་ཆུ་རག་མང་ཤོས་ཤིག་ཆགས་ཡོད་པ་དང་། དམིགས་བསལ་གྱིས་ཕྱི་ལོ་ ༡༩༦༠ ནས་ ༡༩༨༠ བར་དུ་དཔེ་མི་སྲིད་པའི་ཆུ་རག་ཆེ་ཆུང་འདྲ་མི་འདྲ་མང་པོ་ཞིག་བརྒྱབ་ཡོད་པ་རེད། གཞན་ཡང་རྨ་ཆུ་ལྟ་བུ་ཡིན་ན་སྔོན་མ་ནས་ཆུ་རག་མང་པོ་ཞིག་བརྒྱབ་ཡོད་པ་རེད་དེ་ཕྱིས་སུ་རྨ་ཆུ་ཁོ་རང་ཆུང་ཆུང་ཞེ་དྲགས་ཆགས་ཡོད་དུས། ཆུ་རག་གསར་པ་མང་པོ་རྒྱག་པའི་ནུས་པ་མེད་བསྡད་པ་འདྲ་བོ་ཞིག་ཆགས་ཡོད་པ་རེད། རྒྱལ་མོའི་དངུལ་ཆུ་དང་རྫ་ཆུར་དེ་སྔོན་ཆུ་རག་ཞེ་དྲགས་རྒྱག་གི་མེད་ཀྱང་ཕྱིས་སུ་དེ་གཉིས་ལའང་ཆུ་རག་དཔེ་མི་སྲིད་པའི་ཕོན་ཆེན་པོ་རྒྱག་པའི་བསམ་བློ་ཡོད་པ་ཞིག་རེད། གང་ཡིན་ཟེར་ན། རྒྱ་ནག་ལྷོ་ཡི་ཕྱོགས་ལ་ཆུ་འབེལ་པོ་དང་བྱང་གི་ཕྱོགས་ལ་ཆུ་དཀོན་པོ་ཡིན་དུས། བོད་ཀྱི་ཆུ་ཡོངས་རྫོགས་ཁ་བསྒྱུར་མ་ཐུབ་ཀྱང་ཏོག་ཙམ་རིམ་གྱིས་ཁ་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་རྒྱ་ནག་སྤྱི་ཡོངས་ཀྱི་ནང་ཁྱོན་ཆུ་རག་ཁྲི་ ༨ ཙམ་ཡོད་བསམ་སོང་། བོད་ས་ཡོངས་སུ་ཁྱོན་ཆུ་རག་ག་ཚོད་ཅིག་ཡོད་མེད་ཀྱི་གྲངས་འབོར་དེ་ཏག་ཏག་མེད་ཀྱང་ཆུ་རག་ཆེ་ཆུང་ ༣༠༠ ལྷག་ཅིག་ཡོད་པ་ཚོད་དཔག་རང་གི་ཐོག་ནས་བཤད་ཀྱི་ཡོད་པ་རེད། ཆུ་རག་ཁ་ཤས་གྲོང་གསེབ་ཁག་ལ་གློག་མཁོ་འདོན་ཙམ་གྱི་ཆེད་དུ་བརྒྱབ་པས་ཧ་ཅང་ཆུང་ཆུང་དེ་འདྲ་རེད། ད་ལྟ་ཆུ་རག་ཚད་མཐོ་བོ་དང་ཆེན་པོ་ཕལ་ཆེར་ཉི་ཤུ་སུམ་ཅུ་ཞིག་མེད་དམ་བསམ་པ་ཞིག་འདུག ཅེས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post རྨ་ཆུའི་ཆུ་སྣ་ཟི་ལིང་དུ་འདྲེན་རྒྱུ་ཡིན་འདུག appeared first on བོད་ཀྱི་དུས་བབ།.


འཇོ་མདའ་རྫོང་སྤོ་ལུ་ཕྱོགས་ཀྱི་དྲ་ལམ་བཀག་སྡོམ་བྱས་འདུག

$
0
0

འབྲི་ཆུའི་འཁྱིལ་མཚོ་གློད་དེ་ཆུ་ཤུགས་ཆེན་པོ་རྒྱས་པའི་རྐྱེན་གྱིས་ཆུ་རྒྱུད་ཀྱི་རྫོང་ཁག་མང་པོ་ཉེན་ཁར་འཕྲད་དེ་ཟམ་པ་དང་སེམས་ཅན་སོགས་ཆུས་འཁུར་བའི་གནས་ཚུལ་ཡོང་བཞིན་འདུགཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་འབྲི་ཆུའི་འཁྱིལ་མཚོ་གློད་ཐུབ་ཡོད་ཀྱང་འཁྱིལ་མཚོས་གནོད་སྐྱོན་ཚབས་ཆེན་ཕོག་པའི་འཇོ་མདའ་རྫོང་སྤོ་ལུ་དགོན་གྲོང་གཉིས་ཀྱི་མི་མང་ལ་མུ་མཐུད་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། འབྲི་ཆུའི་སྨད་རྒྱུད་ཀྱི་མི་མང་ལ་ཆུ་ཤུགས་ཆེན་པོས་གནོད་སྐྱོན་ཐེབས་བཞིན་ཡོད་འདུག

འདི་གའི་གསར་འགོད་པས་འཇོ་མདའ་སྤོ་ལུ་དགོན་ནས་ཡིན་པའི་དགེ་འདུན་པ་ཞིག་ལ་ད་ལྟའི་ཆར་སྤོ་ལུ་དགོན་པའི་གནས་སྟངས་ག་འདྲ་ཆགས་ཡོད་སྐོར་དྲིས་པར་ཁོང་གིས། འབྲི་ཆུའི་ནང་རི་ཐེངས་གཉིས་ལ་ཉིལ་བ་རེད། མཐའ་མ་དེར་འབྲི་ཆུ་ཡར་འཁྱིལ་ནས་དགོན་པ་རྙིང་པ་དང་གྲྭ་ཤག་ཧ་ལམ་བདུན་ཅུ་ནས་བརྒྱད་ཅུ་ཙམ་ཡོད་པ་དང་། དེ་བཞིན་མཆོད་རྟེན་ཆེན་པོ་གཅིག་དང་བཤད་གྲྭ་བཅས་ཚང་མ་ཆུའི་ནང་ནུབ་པ་རེད། དེ་མ་ཚད་གཙུག་ལག་ཁང་གསར་པ་དང་མགོན་ཁང་གསར་པ་ཆེན་པོ་ཞིག་བཞེངས་ཡོད་པ་རེད་དེ། ད་ལྟ་དེ་གཉིས་ནུབ་གྲབས་ཡོད་པའི་ཉེན་ཁ་ཆེན་པོ་ཞིག་ལ་ཐུག་ཡོད་སྟབས། གཙུག་ལག་ཁང་གསར་པ་བསྐྱར་གསོ་དགོས་ཀྱི་མི་འདུག་ཀྱང་། འདུ་ཁང་གསར་པ་དེ་བསྐྱར་གསོ་དགོས་པའི་གནས་སྟངས་ཆགས་ཡོད་འདུག གང་ལྟར་འབྲི་ཆུའི་རྒྱུད་དུ་ཆགས་པའི་སྤོ་ལུ་དགོན་པ་ཆུར་ནུབ་ནས་བརྒྱ་ཆའི་ ༡༠ ཙམ་ཡང་ལྷག་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

དགེ་འདུན་པ་ཚོས་གཙུག་ལག་ཁང་གསར་པ་དང་འདུ་ཁང་གསར་པ་སྲུང་སྐྱོབ་ཆེད་ཆུ་རགས་བརྒྱབ་པ་དེར་སྲིད་གཞུང་གིས་བཀག་སྡོམ་བྱས་པའི་སྐོར་ལ་ཁོང་གིས། དགོན་པ་རྙིང་པ་དང་མཆོད་རྟེན། བཤད་གྲྭ་རྣམ་ཆུའི་ནང་ནུབ་ཚར་པ་རེད། དགོན་པ་གསར་པའི་སར་ཆུ་སླེབ་ཡོང་སྐབས་ཆུ་རགས་རྒྱག་མཁན་སྤོ་ལུ་དགོན་གྱི་སྒང་ན་ཡོད་པའི་སྡེ་ཤོག་ཁ་ཤས་ཀྱི་གྲྭ་བ་བཅུ་གྲངས་ཡོང་ནས་ཆུ་རགས་རྒྱག་སྐབས། ཆུ་རགས་རྩ་བ་ཉིད་ནས་རྒྱབ་མི་ཆོག་ལབ་ནས་ཕྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་དྲུག་པ་ཙམ་ལ་མི་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཏེ་ཤུག་རྩ་གཤིས་ལ་འཁྲིད་ནས་ཕྱིར་ཡོང་མི་ཆོག་པ་བཟོས་ཡོད་པ་རེད། ཆུ་རགས་རྒྱབ་མི་ཆོག་པའི་རྒྱུ་མཚན་ནི་དགོན་པ་དེ་ཨེ་ནུབ་ཀྱི་རེ་བ་རེད། གལ་སྲིད་ནུབ་ཏེ་རྩ་མེད་ཕྱིན་པ་ཡིན་ན། མཐར་སྤོ་ལུ་དགོན་དེ་ས་གནས་གཞན་ཞིག་ཏུ་མ་སྤོ་ཐབས་མེད་དུ་འགྱུར་ཆེད་རེད། ཅེས་བརྗོད་བྱུང་།

སྤོ་ལུ་ཡུལ་ཚོའི་མི་མང་གི་གནས་སྟངས་ག་འདྲ་ཆགས་ཡོད་དྲིས་པར་ཁོང་གིས། དེ་སྔོན་ནས་རི་ཉིལ་བའི་ཉེན་ཁ་འདུག་ལབ་ནས་ད་ལྟ་རི་ཉིལ་སའི་དཔེ་དགེ་སྡེ་ཤོག་དེ་སྤོས་ཚར་པ་རེད། དེ་ནས་ཡར་ཡོང་ན་མགོ་རིང་ཚན་ཁག་ལབ་པ་ཞིག་ཡོད་པ་རེད། དེར་རི་ཉིལ་ཡོད་པ་མ་རེད་དེ་ཏོག་ཙམ་ཉེན་ཁ་འདུག་ལབ་ནས་ཆ་ཚང་སྤར་ཚར་རེད། དེ་ནས་ཡར་ཡོང་ན་དགོན་པའི་ཕར་ཕྱོགས་ན་རྒྱ་མིའི་ཡུལ་ཚོ་ཞིག་ཡོད་པ་རེད། གྲོང་ཚོ་དེར་ཧ་ལམ་མི་ཚང་བདུན་བཅུ་བརྒྱད་ཅུ་ཙམ་ཡོད་པ་ཚང་མ་སྤར་ཚར་རེད། ཁོང་ཚོ་ཆ་ཚང་རི་དང་པོ་ཉིལ་དུས་ནས་སྤར་ཚར་བ་རེད། ཅེས་ཟེར།

ཡུལ་མི་ཚོ་གནས་སྤོར་གང་དུ་བྱས་ཡོད་པ་དང་མི་གྲངས་ག་ཚོད་ཅིག་ཡོད་པ། ཁོང་ཚོའི་འཚོ་བའི་གནས་སྟངས་སྐོར་ལ་ཁོང་གིས། གནས་སྤོ་ས་དེ་སྤོ་ལུ་དགོན་ནས་ཧ་ལམ་རྟ་ཞོན་ནས་སོང་ན་ཆུ་ཚོད་གསུམ་ཙམ་གྱི་ལམ་ཁ་ན་ཤུག་རྩ་གཤིས་ཟེར་བའི་ཐང་ཞིག་ཡོད་པ་དེར་མགོ་རིང་དང་དཔེ་དགེ། འབྲས་ཐོག་བཅས་སྡེ་ཤོག་གསུམ་གྱི་གྲོང་མི་སྤར་སོང་བ་རེད། སྡེ་ཤོག་རེ་རེ་ན་གྲོང་ཚོ་དྲུག་ཅུ་ནས་བདུན་ཅུ་བར་ཡོད་པ་རེད། བཟའ་ཚང་མང་བ་ལ་ཁྱིམ་མི་བཅུ་ཙམ་རེ་ཡོད་པ་རེད་ལ། གཉིས་རེ་གསུམ་རེ་ཡོད་མཁན་ཡང་ཡོད་པས་ཁྱོན་མི་ག་ཚོད་ཡོད་པའི་གྲངས་ཀ་ཏག་ཏག་ཤེས་ཀྱི་མེད། སྤྱིར་དེང་སང་བོད་ནང་ནམ་དུས་དགུན་ཁ་ཡིན་པ་དང་། བོད་ས་དེ་མ་གཞི་ནས་མཐོན་པོ་ཡིན་སྟབས། སྡོད་གུར་ནང་བཅའ་སྡོད་བྱེད་བཞིན་པའི་སྤོ་ལུ་ཡུལ་མི་རྣམས་ལ་དཀའ་ངལ་འཕྲད་མུས་རེད། འོན་ཀྱང་ཚང་མར་རྒྱལ་ཁབ་ཀྱིས་སྟངས་འཛིན་བྱེད་བཞིན་ཡོད་པས། གཞུང་གིས་གང་སྤྲད་པ་དེ་སྤྱོད་རྒྱུ་ལས་རང་མོས་ཡོད་པ་མ་རེད་ལ། སྡུག་ལ་ཐུག་ཀྱང་མགོ་སྒུར་ནས་སྡོད་རྒྱུ་ལས་གཞན་བྱེད་ཐབས་མེད་པ་རེད། ཅེས་བརྗོད་བྱུང་།

གནས་སྤོས་བྱས་པའི་མི་མང་ལ་རྒྱ་ནག་གཞུང་གིས་རོགས་རམ་ག་རེ་བྱེད་ཀྱི་ཡོད་པ་དང་མ་འོངས་པར་བྱེད་འཆར་ཅི་ཡོད་དྲིས་པར་ཁོང་གིས། རྒྱ་གཞུང་ནས་མི་ཚང་རེར་སྡོད་གུར་རེ་དང་གྲོ་ཞིབ། འབྲས་དང་སྔོ་ཚལ་སོགས་དུས་གསུམ་གྱི་ཟ་མ་འདང་ཙམ་ཞིག་སྤྲོད་ཀྱི་ཡོད་པ་དང་། རྒན་རྒོན་རྣམས་ཤུག་རྩ་གཤིས་ནང་སྡོད་མ་བཅུག་པར་འཇོ་མདའ་རྫོང་ཐོག་རང་ལ་འཁྲིད་ནས་རྫོང་གི་རྒན་གསོ་ཁང་དུ་བཞག་ཡོད་འདུག སྤོ་ལུ་གྲོང་ཚོའི་སློབ་གྲྭ་དེ་ཆུའི་ནང་ནུབ་སྟེ། ད་ལྟའི་ཆར་སློབ་མ་རྣམས་སོ་སོའི་ནང་མི་དང་ལྷན་དུ་བསྡད་ཡོད་པ་ལས། རྒྱ་གཞུང་ནས་ཟུར་དུ་སློབ་གྲྭ་ཟེར་ནས་གུར་ཕུབ་པ་སོགས་གྲ་སྒྲིག་གང་ཡང་བྱས་མི་འདུག་ལ། ད་ལྟའི་ཆར་ཡུལ་མི་རྣམས་ཤུག་རྩ་གཤིས་སུ་སྡོད་གུར་ནང་བསྡད་ཡོད་པ་ལས། རྒྱ་གཞུང་གིས་ས་གནས་གཞན་དུ་སྤོ་རྒྱུ་སོགས་ཀྱི་འཆར་གཞི་དང་གྲ་སྒྲིག་གང་ཡང་བྱས་མི་འདུག ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད། རྒྱ་གཞུང་གིས་བཙན་གྱིས་ཡུལ་མི་རྣམས་ལ་རྒྱ་ནག་གི་དར་དམར་འཕྱར་བ་དང་ཏང་གི་མགོ་འཁྲིད་ཚོའི་འདྲ་པར་འཁུར་དུ་འཇུག་གི་ཡོད་སྐོར་བརྗོད་སྐབས། གནས་སྤོས་ནས་འགྲོ་སྐབས་མའོ་ཀྲུའུ་ཞི་གཙོ་བོ་བྱས་པའི་དབུས་གཞུང་གི་མི་དྲག་ལྔ་སྟེ་ཏིན་ཞའོ་ཕིན་དང་ཅང་ཙི་མིན། ཧའོ་ཅིན་ཐའོ་དང་ཞི་ཅིན་ཕིན་བཅས་ཀྱི་པར་མི་རེ་རེའི་ལག་ཏུ་མི་འདོད་བཞིན་བཙན་གྱིས་བཞག་ནས་རྒྱའི་རྒྱ་དར་དམར་པོ་རེ་འཛིན་དུ་བཅུག་ཡོད་པ་མ་ཟད། རི་མགོ་རེ་རེར་དར་དམར་རེ་འཛུགས་སུ་བཅུག་ཡོད་པ་རེད། དེ་ལྟར་མ་བྱས་ཚེ་མི་གྲལ་དུ་ཡང་མི་འཇུག་པའི་བཙན་བཀའ་བཏང་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ཡུལ་མི་ཚོས་ཕ་མེས་ནས་བཞག་པའི་ས་ཞིང་དེ་འདྲའི་ཡག་པོ་ཡོད་པ་དེར་དགོན་པ་བཞེངས་ཡོད་པ་རེད། སྤོ་ལུ་དགོན་པ་བཞག་ནས་འགྲོ་དགོས་ན་དགོན་པར་ལྟ་མཁན་ཡོད་པ་མ་རེད་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པས་བྱིན་གྱིས་བརླབས་པའི་དགོན་པ་རྩ་ཆེན་པོ་དེ་སྤོར་དགོས་ན་ས་ཆ་གཞན་རྩ་ཆེན་པོ་དེ་འདྲ་ཐོབ་གྱི་ཡོད་པ་མ་རེད། དེ་ནི་ཡུལ་མི་ཚོའི་སེམས་འཁྲལ་ཆེ་ཤོས་དེ་རེད་འདུག ཅེས་དང་། སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་ལ་གསེར་སོགས་གཏེར་ཁ་སྔོག་འདོན་སོགས་བྱེད་སྐབས་ས་བརྐོ་འཕྲུལ་ཆས་བརྒྱ་ཉིས་བརྒྱ་ལྷག་ཡོང་གི་འདུག་ཀྱང་། ད་ཐེངས་འབྲི་ཆུའི་དོན་རྐྱེན་བྱུང་ནས་དགོན་གྲོང་གཉིས་ལ་དཀའ་ངལ་ཆེན་པོ་བྱུང་སྐབས། ས་བརྐོ་འཕྲུལ་ཆས་ ༥ ཙམ་ལས་མེད་པ་དེ་ནི་འཛམ་གླིང་མི་མང་གི་མདུན་དུ་ལྟ་སྣང་ཧ་ཅང་སྡུག་པོ་ཞིག་དང་། ང་རང་གིས་ཀྱང་གནས་སྟངས་སྡུག་པོ་ཞིག་མཐོང་སོང་ཞེས་བརྗོད་བྱུང་།

ས་གནས་མི་མང་གིས་འབྲི་ཆུ་འགག་པའི་རྒྱུ་རྐྱེན་སྐོར་ངོས་འཛིན་ག་འདྲ་བྱེད་ཀྱི་ཡོད་སྐོར་ཁོང་གིས། སྤོ་ལུ་དགོན་པའི་འགྲེལ་བརྗོད་གནང་བ་ལྟར་ན། སྤོ་ལུ་སྡེ་བར་འབུ་རང་ཞེས་པའི་གཞི་བདག་རྩ་ཆེན་ཞིག་ཡོད་པ་དེ་ང་ཚོའི་ཕ་མེས་ཡང་མེས་ཀྱི་དུས་ནས་ལོ་ལྟར་བོད་ཟླ་ ༥ ཚེས་ ༧ འཛམ་གླིང་སྤྱི་བསང་སྐབས་གསོ་སྲོལ་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་རྒྱ་གཞུང་གིས་དགོན་པའི་ཉེ་འགྲམ་དུ་ཆུ་རགས་གློག་ཁང་དང་ལྕགས་ཟམ་བརྒྱབས་པ། གསེར་སོགས་ཀྱི་གཏེར་ཁ་སྔོག་འདོན་བྱས་པ། དེ་བཞིན་ཆོས་བྱེད་སའི་ས་ཆ་འཕྲོག་པ་སོགས་ཀྱི་རྐྱེན་གྱིས་ལྷ་ཀླུ་འཁྲུག་སྟེ་གོད་ཆག་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་བརྗོད་བྱུང་།

ཕྱི་ཚེས་ ༡༢ ཉིན་ནས་འབྲི་ཆུའི་འཁྱིལ་མཚོ་གློད་ཡོད་པས་ད་ལྟ་ཉེན་ཁ་ག་རེ་ཡོང་གི་ཡོད་དྲིས་པར། གལ་ཏེ་ཞོགས་པའི་ཆུ་ཚོད་ ༤ ཙམ་ལ་འབྲི་ཆུ་གློད་བའི་དབང་དུ་བཏང་ནའང་། ཆུ་ཆེན་པོ་ཞིག་གློད་ཐུབ་ཡོད་པ་མ་རེད་བསམ་གྱི་འདུག རི་ཉིལ་ཆེན་པོ་བྱུང་ཡོད་སྟབས་འཕྲུལ་ཆས་ཆུ་གློད་སའི་ཡུར་བུ་ཆུང་ཆུང་མ་གཏོགས་བརྐོས་ཐུབ་མེད་པས་འཁྱིལ་མཚོ་གློད་རྒྱུར་ཉིན་མང་པོ་འགོར་ཡོད་པ་རེད། ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༢ ཙམ་ནས་ཆུ་ཆེན་པོ་གློད་མགོ་བརྩམས་ཡོད་ཀྱང་། ད་ལྟའི་ཆར་ང་ཚོའི་ཕྱོགས་ལ་དྲ་རྒྱ་བཀག་ཡོད་པའི་རྐྱེན་གྱིས་དེའི་རྗེས་ཀྱི་གནས་ཚུལ་གང་བྱུང་ཡོད་མེད་གསལ་ཁ་མི་འདུག སྤྱིར་འབྲི་ཆུའི་རྒྱུད་ལ་སྨར་ཁམས་ལ་སོགས་པའི་བོད་ཁུལ་རེ་འགའ་མ་གཏོགས་གཙོ་བོ་རྒྱ་ནག་གི་ཞིང་ཆེན་དང་རྫོང་ཁག་ཐུག་གི་ཡོད་པས། འབྲི་ཆུ་ཤུགས་ཆེན་རྒྱུག་ནས་ཆུ་རྒྱུད་ཀྱི་རྫོང་ཁག་དང་སྡེ་ཤོག་ལ་གཏོར་བརླག་ཚབས་ཆེན་ཐེབས་སྲིད་པས། སྔར་ནས་རྒྱ་གཞུང་གིས་འབྲི་ཆུའི་ཁ་ལ་བསྡད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་རེད། ཅེས་བརྗོད་བྱུང་།

གཞན་ཡང་། ཁོང་གིས་གཏེར་ཁ་སྔོག་འདོན་ཤུགས་ཆེན་བྱེད་ཀྱི་ཡོད་པའི་སྐོར་བརྗོད་སྐབས། ང་ཚོ་སྡོད་སའི་འབྲི་ཆུའི་རྒྱུད་ལ་རྡོ་སོལ་དང་། གསེར་རྡོ། ཧ་ཡང་གི་རིགས། དེ་བཞིན་སྣུམ་མཛོད་ཆེན་པོ་ཞིག་ཡོད་པ་ཤེས་རྟོགས་བྱུང་སྟེ། ལོ་ལྟར་རྒྱ་གཞུང་གི་ལས་བྱེད་པས་གཏེར་ཁ་ཡོད་སའི་ས་ཆ་ཁག་ལ་དམར་རྟགས་བརྒྱབས་པ་དང་། ཚོད་ལྟའི་ས་རྡོ་འཁྱེར་ཏེ་བརྟག་དཔྱད་བྱས་པ་མ་ཟད། ཕྱི་ལོ་ ༢༠༠༧ ལོར་སྤོ་ལིའི་ཡུལ་མི་རྣམས་ཀྱིས་རྒྱ་ནག་གི་གཏེར་ཁ་སྔོག་འདོན་དང་། གློག་ཁང་བརྒྱབ་རྒྱུའི་ལས་གཞི་དེར་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གིས་འཇོ་མདའ་རྫོང་ནས་དམག་དཔུང་བཏང་སྟེ་བོད་མི་ངོ་རྒོལ་བ་རྣམས་ལ་རྡུང་རྡེག་བཏང་སྟེ་བཙོན་ཁང་དུ་བཅུག་ཡོད་པ་དང་། ལོ་དེ་རང་ལ་ས་གནས་ཀྱི་དགེ་འདུན་པ་གཉིས་ཀྱིས་རྒྱའི་དཔོན་པོ་ཞིག་དང་། སྒོ་སྲུང་བ། ཁ་ལོ་བ་གཅིག་བཅས་རྒྱ་མི་གསུམ་དང་འཁྲུག་འཛིང་བྱས་ཏེ་རྒྱ་མི་གཉིས་བསད་པར་བརྟེན། ཕྱི་ལོ་ ༢༠༡༠ ལོར་དགེ་འདུན་པ་གཉིས་འཇོ་མདའ་རྫོང་ཐོག་ཏུ་སྲོག་ཐོག་བཏང་ཡོད་པ་དང་། ཁོང་གཉིས་ཀྱི་མིང་ལ་བསོད་རྡོ་དང་ལྷ་དགའ་ཟེར་ཞིང་། བསོད་རྡོ་ཁོང་གི་ཚ་བོ་ཡིན་པ་དང་། དེ་མིན་གྱི་བོད་མི་གསུམ་ལ་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་བྱུང་།

སྤོ་ལུ་དགོན་ནི་སྔ་མོ་སྡེ་དགེ་རྒྱལ་པོའི་མངའ་ཁོངས་འཇོ་མདའ་རྫོང་དུ་ཡོད་པ་དང་། འབྲི་ཆུ་ཤར་ནུབ་གཉིས་ཡོད་པ་ལས་ནུབ་རྒྱུད་དུ་ཡོད་ཅིང་། འབྲི་ཆུའི་ནུབ་རྒྱུད་ཀྱི་མདོ་ཆུ་ཞེས་པ་དེར་མདོ་དགོན་ཁག་ལྔ་སྟེ། སྦོ་ལི་དགོན་དང་ཝ་ར་དགོན། གསེར་ལྗོངས་དགོན། མདོ་སྲུབ་དགོན། དུམ་མདོ་དགོན་བཅས་ཡོད་པ་དང་། དེ་དག་ལ་འབྲི་ཆུའི་ནུབ་རྒྱུད་ཀྱི་ས་སྐྱའི་དགོན་ཁག་ལྔ་རུ་འབོད་ཀྱི་ཡོད་འདུག མདོ་དགོན་ཁག་ལྔ་ནས་སྤོ་ལུ་ཐུབ་བསྟན་བསམ་འགྲུབ་ནོར་བུའི་ལྷུན་པོ་བཤད་སྒྲུབ་དར་རྒྱས་གླིང་ནི་བཤད་སྒྲུབ་གཉིས་ལྡན་གྱི་དགོན་ཆེན་ཞིག་ཡིན་པ་དང་། ཕྱག་འདེབས་པ་པོ་ནི་ས་སྐྱ་གོང་མ་རྣམ་གཉིས་ཀྱི་ཞལ་སློབ་དབེན༌ཐོག༌རྒྱ༌བྱོན༌པཀྴི་ཡིས་ཕྱག་བཏབ་སྟེ། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ལ་ཕེབས་སྐབས་སྤོ་ལུ་དགོན་ལ་བཞུགས་ནས་རབ་ཏུ་གནས་ཏེ་རྟེན་གཙོ་བོ་ཐུབ་པ་གཟི་འོད་འབར་བ་གཅིག་དང་མགོན་པོ་གསུང་འབྱོན་གཅིག་ཡོད་འདུག རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་བཏང་ཡོད་ཀྱང་ཕྱིས་སུ་སྲིད་བྱུས་ཅུང་ཙམ་གུ་ཡངས་ཀྱི་རྣམ་པ་ཐོན་སྐབས། བླ་གྲྭ་རྣམས་འཛོམས་ནས་ཕྱི་ནང་གི་རྟེན་དང་རྟེན་པ་བཅས་བསྐྱར་བཞེངས་མཛད་དེ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ས་གནས་སུ་ཆུ་མཛོད་བརྒྱབས་པ་དང་གཏེར་ཁ་སྔོག་འདོན་སོགས་བྱས་པའི་རྐྱེན་གྱིས། འདི་ལོར་འབྲི་ཆུའི་རྒྱུད་དུ་རི་ཉིལ་ཐེངས་གཉིས་བྱུང་སྟེ་སྤོ་ལུ་དགོན་གྲོང་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་མ་ཟད། སྤོ་ལུ་དགོན་གྱི་དགོན་ལག་དགོན་འཛིན་དགོན་ལའང་དཀའ་ངལ་ཆེན་པོ་འཕྲད་བསྡད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

The post འཇོ་མདའ་རྫོང་སྤོ་ལུ་ཕྱོགས་ཀྱི་དྲ་ལམ་བཀག་སྡོམ་བྱས་འདུག appeared first on བོད་ཀྱི་དུས་བབ།.

འབྲི་ཆུའི་འཁྱིལ་མཚོ་གློད་རྗེས་གནས་སྟངས་ག་འདྲ་ཆགས་འདུག

སློབ་ཕྲུག་འབུམ་ལྔ་ལྷག་སློབ་ཆེན་གྱི་ཚུད་རྒྱུགས་ནང་ཞུགས།

$
0
0

ཁ་སང་ཕ་མ་དང་སློབ་གྲོགས་མང་པོའི་རེ་བ་དང་སྨོན་འདུན་ཁྲོད་ནས་ལྷོ་ཀོ་རི་ཡའི་རྒྱལ་ས་སཱོལ་གྱི་ནང་སློབ་ཕྲུག་འབུམ་ ༥ ལྷག་རྒྱལ་ཡོངས་སློབ་ཆེན་གྱི་ཚུད་རྒྱུགས་ནང་ཞུགས་ཏེ་མ་འོངས་པའི་མདུན་ལམ་ལ་དབུ་འཁྱུད་བྲིས།བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ལྷོ་ཀོ་རི་ཡའི་ཞོགས་པའི་ཆུ་ཚོད་ ༨།༤༠ ཐོག་རྒྱལ་ས་སོལ་(Seoul)ནང་སློབ་མ་འབུམ་ ༥ ལྷག་གིས་ལོ་ངོ་ ༡༢ རིང་གྲ་སྒྲིག་བྱས་ཏེ་མཇུག་མཐར་གཞུང་གི་མཐོ་རིམ་སློབ་གྲྭའི་ཚུད་རྒྱུགས་ཆེན་མོའི་ནང་ཞུགས་ཡོད་པ་དང་། ཚུད་རྒྱུགས་དེས་སློབ་མ་སོ་སོའི་མཐོ་རིམ་སློབ་གྲྭ་དང་། མ་འོངས་པའི་བྱ་བ། ཐ་ན་མ་འོངས་པའི་བཟའ་ཟླ་ཡང་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་སྐོར་བརྗོད་ཀྱི་ཡོད་སྟབས། སྔར་རྒྱུན་ལྟར་འདི་ལོ་ཡང་ཚུད་རྒྱུགས་ནང་ཞུགས་མཁན་སློབ་མ་རྣམས་ཀྱི་ཕ་མ་དང་སྤུན་མཆེད་སྟོང་ཕྲག་མང་པོ་དགོན་པ་དང་ལྷ་ཁང་དུ་ཕྱིན་ཏེ། སོ་སོའི་ཕྲུ་གུར་བར་ཆད་མེད་པ་དང་ཡིག་རྒྱུགས་ཀྱི་གྲུབ་འབྲས་ལེགས་པོ་ཡོང་བའི་སྨོན་ལམ་བརྒྱབས་པ་མ་ཟད། རྒྱུགས་རའི་ཕྱི་ལོགས་སུ་ཕ་མ་དང་སློབ་མ་གཞན་རྣམས་ཀྱིས་སྨོན་འདུན་གྱི་ཤིས་ཚིག་དང་བྱི་རིལ་སོགས་སྤྲད་དེ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་འདུག

རྒྱལ་ཡོངས་སློབ་ཆེན་གྱི་ཚུད་རྒྱུགས་དེ་དུས་ཡུན་ཆུ་ཚོད་ ༨ རིང་ཀོ་རི་ཡ་སྐད་ཡིག་དང་། དབྱིན་ཇི། ཨང་རྩིས། སྤྱི་ཚོགས་ཚན་རིག ཀོ་རི་ཡའི་ལོ་རྒྱུས། ཚན་རིག་སོགས་ཀྱི་སློབ་ཚན་ཐོག་གཅིག་རྗེས་གཉིས་མཐུད་ཀྱིས་ཡིག་རྒྱུགས་གཏོང་དགོས་ཀྱི་ཡོད་པ་དང་། ཚུད་རྒྱུགས་སྐབས་རྒྱལ་སའི་ཁྲོམ་ར་དང་དངུལ་ཁང་རྣམས་སྒོ་བརྒྱབས་པ་མ་ཟད། འཛུགས་བསྐྲུན་གྱི་ལས་རིགས་དང་། གནམ་གྲུ་འཕུར་བསྐྱོད། དམག་གི་སྦྱོང་བརྡར་ཡང་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་པ་དང་། སློབ་མ་རྣམས་ཚུད་རྒྱུགས་ལ་རྗེས་ལུས་མི་ཐེབས་ཆེད་གཞུང་ལམ་གྱི་རླངས་འཁོར་སྟངས་འཛིན་བྱས་པ་མ་ཟད། རྗེས་ལུས་ཐེབས་པའི་སློབ་མ་མང་པོ་ས་གནས་ཉེན་རྟོག་རླངས་འཁོར་གྱིས་ཛ་དྲག་ངང་བསྐྱལ་ཏེ་ཚུད་རྒྱུགས་ནང་ཞུགས་སུ་བཅུག་ཡོད་འདུག

འདི་ལོ་ཐེངས་དང་པོར་ཚུད་རྒྱུགས་ནང་ཞུགས་མཁན་རང་ལོ་ ༡༨ ཡིན་པའི་སློབ་མ་ཀོ་ཡུན་སུའུ་(Ko Eun-Suh)ཡིས། ང་ཚོ་ལ་མཚོན་ན། སུའུ་ནུང་(Suneung)ཚུད་རྒྱུགས་ཆེན་མོ་འདི་ནི་མ་འོངས་པའི་རྒྱལ་སྒོ་གལ་ཆེན་ཞིག་ཡིན་པ་དང་། ལྷོ་ཀོ་རི་ཡའི་ནང་མཐོ་རིམ་སློབ་གྲྭ་འགྲིམ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ང་ཚོས་དེ་རིང་གི་ཚུད་རྒྱུགས་གཅིག་གི་ཆེད་དུ་ལོ་ ༡༢ རིང་གྲ་སྒྲིག་བྱས་པ་རེད། ང་ལ་ཚུད་རྒྱུགས་འདིར་ཐེངས་ ༥ ཞུགས་མྱོང་བའི་ངོ་ཤེས་གྲོགས་པོ་ཡང་ཡོད། ཅེས་བརྗོད་འདུག

ཨཱལ་ཇཱ་ཛི་རའི་གསར་འགོད་པ་ཞིག་གིས་ལོ་ ༢ སྔོན་ལ་རྒྱུགས་མ་འཕྲོད་པར་འདི་ལོ་ཚུད་རྒྱུགས་ནང་བསྐྱར་ཞུགས་བྱས་པའི་སློབ་མ་ལི་ཡུན་སུའུ་(Lee Yeon-soo)ཡིས། ཡིག་རྒྱུགས་འདི་ཁོ་ནས་ང་ཚོའི་མི་ཚེ་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། ཚུད་རྒྱུགས་ཉིན་དགེ་རྒན་དང་། སློབ་མ་གཞོན་པ། ཕ་མ་བཅས་རྒྱལ་སྒོའི་རྩར་ལངས་ཏེ་ང་ཚོར་ལེགས་གྲུབ་ཡོང་བའི་སྨོན་ཚིག་བརྗོད་པ་དང་། རེ་འགས་འཕྲེད་དར་འཁྱེར་ནས་ང་ཚོར་སེམས་ཤུགས་སྤར་གྱི་ཡོད་ཀྱང་། དོན་དངོས་ཐོག་ཁོ་ཚོར་བློ་ཕམ་སྐྱེ་རུ་མི་འཇུག་སྙམ་པའི་བསམ་བློ་དེས་ང་ཚོར་མཐོང་མི་ཐུབ་པའི་གནོན་ཤུགས་ཤིག་སྦྱིན་གྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཚུད་རྒྱུགས་དེའི་ཆེད་དུ་སློབ་མ་མང་པོས་རང་སྲོག་བཅད་པ་དང་། ནད་གཅོང་གིས་མནར་བ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་མྱོང་ཡོད་འདུག་པ་དང་། ལོ་རེར་ཚུད་རྒྱུགས་ནང་ཞུགས་མཁན་སློབ་མ་བརྒྱ་ཆ་ ༢༠ ཙམ་གྱིས་རྒྱུགས་འཕྲོད་ཀྱི་མེད་འདུགརྒྱལ་ཡོངས་མཐོ་སློབ་ཀྱི་ཚུད་རྒྱུགས་དངོས་ཀྱི་སྐབས་སུ་ཡིག་རྒྱུགས་གཏོང་སའི་རྒྱལ་སྒོར་ཁ་པར་དང་ཆུ་ཚོད་སོགས་འཕྲུལ་རིགས་བཀག་སྡོམ་ཆེད་ཞིབ་བཤེར་འཕྲུལ་ཆས་བཙུགས་ཡོད་པ་མ་ཟད། རྒྱུགས་ར་ཁ་ཁུ་སིམ་པོ་ཡོང་ཆེད་ཡིག་རྒྱུགས་དོ་དམ་པ་རྣམས་ཀྱིས་ཀོ་ལམ་གྱོན་མི་ཆོག་པ་དང་། སློབ་མ་རྣམས་ཀྱིས་ཡིག་རྒྱུགས་གཏོང་སར་ཁ་ལག་དང་། ཚགས་པར། དཔེ་ཆ་སོགས་གང་ཡང་འཁྱེར་ཆོག་གི་མེད་པ་རེད། སློབ་མ་ཕལ་ཆེ་བས་ཚུད་རྒྱུགས་འདི་བརྒྱུད་ཀོ་རི་ཡའི་ནང་གི་མཐོ་སློབ་ཡག་གྲས་ཤིག་ལ་དམིགས་ཚད་མ་བཟུང་བར་ “མཁའ་དབྱིངས་སློབ་གྲྭ་ཆེན་མོ” ཞེས་པའི་ཀོ་རི་ཡའི་ནང་མིང་གྲགས་དང་མཐོང་ཆེ་ཤོས་ཡིན་པའི་སཱོལ་གཙུག་ལག་སློབ་ཆེན་(Seoul National University)དང་། ཀོ་རི་ཡ་གཙུག་ལག་སློབ་ཆེན (Korea University) ། ཡོན་སཱེ་གཙུག་ལག་སློབ་ཆེན་(Yonsei University)བཅས་གང་རུང་ནང་ཚུད་རྒྱུའི་རེ་བ་རྒྱག་བཞིན་ཡོད་ཀྱང་། ཚུད་རྒྱུགས་འཕྲོད་པའི་སློབ་མའི་ནང་ནས་བརྒྱ་ཆ་ ༧༠ ཙམ་མཐོ་སློབ་ཏུ་ཞུགས་ཀྱི་ཡོད་པ་ལས། བརྒྱ་ཆ་ ༢ ཙམ་གྱིས་མ་གཏོགས་མཁའ་དབྱིངས་སློབ་གྲྭ་ཆེན་མོ་དེ་གསུམ་གྱི་ནང་ཚུད་ཐུབ་ཀྱི་མེད་འདུག གཙུག་ལག་སློབ་གྲྭ་ཆེན་མོ་གསུམ་དེ་ལྷོ་ཀོ་རི་ཡའི་ཧར་ཝར་ཌི་(Harvard University)དང་། ཡཱེལ (Yale University)། ཡང་ན་ཨོ་སི་ཧྥོ་ཊི་(Oxford University)དང་ ཀེམ་པི་རེ་ཇི་གཙུག་ལག་སློབ་ཆེན(Cambridge University)་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་འདུག

རྒྱལ་སྤྱིའི་སྟེང་ལྷོ་ཀོ་རི་ཡའི་ཚུད་རྒྱུགས་ཀྱི་ལམ་ལུགས་དེར་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱི་ཡོད་པ་དང་། ཚུད་རྒྱུགས་ཀྱི་དྲི་ཤོག་རྣམས་གཞུང་རང་གིས་སྟངས་འཛིན་ནན་མོ་བྱེད་ཀྱི་ཡོད་པ་དང་། ལོ་ལྟར་རྒྱལ་ཡོངས་ཀྱི་དགེ་རྒན་ ༥༠༠ ལྷག་འདེམ་སྒྲུག་གིས་ཟླ་གཅིག་གི་རིང་རི་སྡེ་ས་ཁུག་གཅིག་ལ་རང་གི་སྤུན་མཆེད་དང་ནང་མི་སོགས་སུ་ལའང་འབྲེལ་བ་བྱས་མི་ཆོག་པར་ཆེས་གསང་བའི་ཐོག་ནས་ཚུད་རྒྱུགས་ཀྱི་དྲི་ཤོག་རྣམས་སྒྲིག་དགོས་ཀྱི་ཡོད་འདུག

ཀོ་རི་ཡའི་རྒྱལ་ཡོངས་མཐོ་སློབ་ཚུད་རྒྱུགས་དེ་ཐོག་མ་ཕྱི་ལོ་ ༡༩༦༠ ལོ་ནས་མགོ་འཛུགས་ཀྱིས་སྒྱུར་བཅོས་རིམ་པ་ ༡༢ ཙམ་ཕྱིན་ཚར་ཡོད་པ་དང་། ད་ལྟའི་ཚུད་རྒྱུགས་ཀྱི་སྲིད་བྱུས་དེ་ཕྱི་ལོ་ ༡༩༩༤ ལོར་གཏན་འབེབ་བྱས་ཏེ་ལག་བསྟར་བྱེད་ཀྱི་ཡོད་པ་དང་། སྐབས་འགར་གཞུང་གི་ཚུད་རྒྱུགས་ཕྱིར་བསྡུ་བྱས་ཏེ་མཐོ་སློབ་སོ་སོའི་འདོད་མོས་བཞིན་ཚུད་རྒྱུགས་གཏོང་ཆོག་པ་བཟོས་ཡོད་ཀྱང་། དུས་ཚོད་དང་སྤྱི་སྙོམ་མེད་པའི་རྐྱེན་གྱིས་གཞུང་རང་གི་ཡོངས་ཁྱབ་རང་བཞིན་གྱི་ཐོག་ནས་དུས་གཅིག་གནས་གཅིག་ལ་ཚུད་རྒྱུགས་གཏོང་བཞིན་ཡོད་འདུག འདི་ལོའི་རྒྱལ་ཡོངས་ཚུད་རྒྱུགས་ཀྱི་གྲུབ་འབྲས་དེ་བདུན་ཕྲག་འདིའི་གཟའ་མཇུག་ཙམ་ལ་འཐོན་གྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

The post སློབ་ཕྲུག་འབུམ་ལྔ་ལྷག་སློབ་ཆེན་གྱི་ཚུད་རྒྱུགས་ནང་ཞུགས། appeared first on བོད་ཀྱི་དུས་བབ།.

རྒྱ་ནག་གིས་བྱང་ཀོ་རི་ཡར་འབྲེལ་བ་ཤུགས་ཆེ་རུ་བཏང་།

$
0
0

ཨ་རིའི་ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་དང་བདེ་སྲུང་བསྐྱར་ཞིབ་ཚོགས་ཆུང་གིས་ཨ་རིའི་ནོར་སྲིད་ལྷན་ཁང་གིས་མྱུར་དུ་རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་འབྲེལ་ཐད་སྙན་ཐོ་ཞིག་འདོན་གལ་ཆེ་བའི་དགོས་འདུན་བཏོན།ཁ་སང་ཨ་རིའི་ཨ་རྒྱ་གཉིས་ཀྱི་དཔལ་འབྱོར་དང་བདེ་སྲུང་བསྐྱར་ཞིབ་ཚོགས་ཆུང་ (The US-China Economic and Security Review Commission) གིས་སྙན་ཐོ་ཞིག་བཏོན་པའི་ནང་། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་མཚམས་མ་བཞག་བར་དུ་རྒྱ་ནག་གིས་ཚོང་འབྲེལ་ཉེས་ཆད་ཀྱི་རྩ་དོན་ཁག་ལ་བརྩི་བཀུར་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་ནའང་། ད་ལོའི་ལོ་མགོ་ནས་རྩིས་མེད་ཀྱིས་བྱང་ཀོ་རི་ཡར་ཚོང་འབྲེལ་ཤུགས་ཆེ་རུ་བཏང་ཡོད་སྐོར་བཀོད་འདུག

ཡང་སྙན་ཐོ་དེའི་ནང་། རྒྱ་ནག་གི་བྱང་ཤར་ས་ཁུལ་ཁག་ཏུ་བྱང་ཀོ་རི་ཡའི་ལས་མི་རྣམས་ཕྱིར་ལས་གནས་སུ་ཞུགས་བཅུག་ཡོད་པ་དང་། ས་མཚམས་ཀྱི་དཔལ་འབྱོར་དང་ཡུལ་སྐོར་བའི་བྱ་འགུལ་རྣམས་མགོ་བཙུགས་པ། དེ་བཞིན་ཕྱོགས་གཉིས་ཀྱི་གནམ་གྲུ་རྣམས་ཕན་ཚུན་ལ་འཕུར་བ་དང་མཐོ་རིམ་མི་སྣའི་ཉམས་མྱོང་བརྗེ་ལེན་སོགས་མགོ་འཛུགས་བྱས་ཡོད་པ་རེད། དེ་སྔོན་རྒྱ་ནག་གིས་ཉེས་ཆད་གཅོད་སྐབས་བྱང་ཀོ་རི་ཡའི་དངོས་ཟོག་ཕྱིར་འདྲེན་མངོན་གསལ་དོད་པོས་ངང་ཉུང་དུ་ཕྱིན་ཡོད་པ་རེད། ཅེས་བཀོད་འདུག

རྒྱ་ནག་གིས་དོན་དངོས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་མཚམས་འཇོག་ཏུ་འཇུག་འདོད་ཡོད་མེད་ཀྱི་སྐོར་སྙན་ཐོ་དེའི་ནང་། པེ་ཅིན་གཞུང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མཇུག་བསྡུ་བཞིན་ཡོད་པ་དོན་སྙིང་ལྡན་པ་ཞིག་ཏུ་མཐོང་གི་ཡོད་པ་རེད་དེ། མཐར་ཐུག་གི་དམིགས་ཡུལ་ནི་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་དུས་རབས་ཕྱེད་ཀ་ཙམ་གྱི་དམག་འཁྲུག་མཚམས་འཇོག་བྱས་ཏེ། ཨ་རི་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་དང་། ལྷོ་ཀོ་རི་ཡའི་ནང་ཨ་རིའི་དམག་ཤུགས་ཆུང་དུ་གཏོང་བར་འབད་བཞིན་ཡོད་པ་རེད། ཅེས་བཀོད་དེ། ཉིན་ ༡༨༠ ནང་ཚུད་དུ་ཨ་རིའི་ནོར་སྲིད་ལྷན་ཁང་གིས་རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་འབྲེལ་ཐད་སྙན་ཐོ་ཞིག་འདོན་གལ་ཆེ་བའི་དགོས་འདུན་བཏོན་འདུག

ཟླ་འགའི་སྔོན་བྱང་ཀོ་རི་ཡའི་མགོ་འཁྲིད་ཀེམ་ཇོང་ཨན་དང་ཨ་རིའི་སྲིད་འཛིན་ཊོམ་ཕུ་གཉིས་ཐུག་འཕྲད་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་མཚམས་འཇོག་རྒྱུ་དང་། མཚོན་ཆ་བཟོ་གྲྭ་རྣམས་རྩ་མེད་བཟོ་རྒྱུ་ཡིན་སྐོར་བསྒྲགས་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ཚན་པའི་རྒྱ་ནག་དང་ཨུ་རུ་སུ་ཕྱོགས་ནས་བྱང་ཀོ་རི་ཡས་ཡར་རྒྱས་ཀྱི་ཕྱོགས་ལ་འབད་བཞིན་ཡོད་པས་ཉེས་ཆད་ཆག་ཡང་དུ་གཏང་དགོས་སྐོར་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རྒྱ་གཉིས་ཀྱི་ཆེས་མཐོའི་དཔོན་རིགས་བར་བདེ་སྲུང་སྐོར་ཀྱི་གྲོས་མོལ་གནང་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེག་པོམ་པོ་ (Mike Pompeo) ལགས་ཀྱིས་ཚང་མ་མཉམ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཐོག་ཤར་སྐྱོད་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མཚམས་འཇོག་བྱེད་ཐབས་ལ་འབད་བརྩོན་བྱེད་གལ་ཆེ་སྐོར་བརྗོད་སྐབས། རྒྱ་ནག་གི་ཕྱི་འབྲེལ་སྐུ་ཚབ་ཡང་ཅེ་ཁྲི་ (Yang Jiechi) ཡིས་རྒྱ་ནག་གིས་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཁག་ལག་བསྟར་བྱ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ ནང་ཀེམ་ཇོང་ཨན་པེ་ཅིན་ཏུ་ཕྱིན་ནས་ཞི་ཅིན་ཕིན་དང་ཐུག་འཕྲད་བྱས་པ་དེ་ཁོང་བྱང་ཀོ་རི་ཡའི་མགོ་འཁྲིད་དུ་གྱུར་ནས་ཕྱི་རྒྱལ་དུ་ཕྱིན་པ་ཐེངས་དང་པོར་གྱུར་ཡོད་པ་དང་། དེའི་རྗེས་ཊོམ་ཕུ་དང་ཐུག་འཕྲད་མ་བྱས་སྔོན་ཏག་ཏག་དེར་སླར་ཡང་གསང་སྟབས་ཀྱིས་པེ་ཅིན་ཏུ་ཐེངས་ཤིག་ཕྱིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་ཨ་རིས་རྒྱ་ནག་དང་ལྷན་ཚོང་དམག་གྲ་སྒྲིག་བྱས་པ་ནས་བཟུང་རྒྱ་ནག་དང་བྱང་ཀོ་རི་ཡའི་བར་འབྲེལ་ལམ་ཤུགས་ཆེ་རུ་སོང་ཡོད་པ་ཚོད་དཔག་བྱེད་བཞིན་པ་རེད།

ཕྱི་ལོ་ ༢༠༠༦ ཟླ་ ༡༠ ཚེས་ ༩ ཉིན་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པར་བརྟེན་ཟླ་དེའི་ཕྱི་ཚེས་ ༡༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་ཚན་པས་གྲོས་ཆོད་བཞག་ཏེ། རྒྱལ་ཚོགས་ཀྱི་ཚོགས་མི་ཡོངས་ནས་བྱང་ཀོ་རི་ཡར་མངོན་ལྐོག་གཉིས་ནས་གོ་མཚོན་གྱི་ཉོ་ཚོང་འབྲེལ་བ་གཅོད་རྒྱུ་དང་། བྱང་ཀོ་རི་ཡའི་རྒྱལ་དར་དཔར་བའི་ཅ་དངོས་མི་ཉོ་བ། བྱང་ཀོ་རི་ཡའི་གོ་མཚོན་བཟོ་སྐྲུན་དང་འབྲེལ་བའི་མི་སྣ་རྒྱལ་ཁབ་སོ་སོའི་ནང་འཛུལ་དུ་མི་འཇུག་རྒྱུ་སོགས་ཀྱི་ཉེས་ཆད་བཅད་ཡོད་ཀྱང་། ཕྱི་ལོ་ ༢༠༠༩ དང་ ༢༠༡༣ ། དེ་བཞིན་ ༢༠༡༦ དང་ ༢༠༡༧ ལོ་སོ་སོར་བྱང་ཀོ་རི་ཡས་རྡུལ་ཕྲན་ཚོད་ལྟ་བྱས་པའི་རྐྱེན་གྱིས། རྒྱལ་ཚོགས་ནས་རྡོ་སོལ་དང་ལྕགས་རིགས། ཞྭ་ཉེ་དང་མཚོ་ལས་བྱུང་བའི་ཟས་རིགས། རྡོ་སྣུམ་སོགས་ཚོང་འབྲེལ་གྱི་ཉེས་ཆད་སྣ་མང་བཅད་ཡོད་པ་མ་ཟད་རྒྱ་ནག་གིས་ཀྱང་ཉེས་ཆད་དང་ལེན་ལག་བསྟར་བྱས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

The post རྒྱ་ནག་གིས་བྱང་ཀོ་རི་ཡར་འབྲེལ་བ་ཤུགས་ཆེ་རུ་བཏང་། appeared first on བོད་ཀྱི་དུས་བབ།.

ང་ཚོའི་ལུས་པོ་མཉམ་དུ་མེད་ཀྱང་སེམས་པ་མཉམ་དུ་ཡོད་ཅེས་ཤུགས་ཆེན་པོས་ཞུ་འདོད་བྱུང་།

$
0
0

ཁྲིམས་ཟེར་བ་དེ་འཆམ་མཐུན་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ལམ་ལུགས་ཤིག་ལ་གོ་དགོས་པ་ལས་མི་གསོད་ཁྲག་སྦྱོར་གྱི་ལམ་ལུགས་ཤིག་ལ་ཁྲིམས་ཟེར་གྱི་མེད་པས་རྒྱ་ནག་ལ་ཁྲིམས་ཡོད་པ་མ་རེད་ཟེར།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གཉིས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་སྲུང་གཙི་བྱས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་དང་།  དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། གདན་ཞུའི་མཁས་དབང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་དང་། སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་དང་སློབ་སྤྱི་པ་སངས་ཚེ་རིང་ལགས། བོད་ཀྱི་དཔེ་མཛོད་ཁང་རིག་གཞུང་ཉམས་ཞིབ་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས། དེ་བཞིན། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤེལ་བློ་གྲོས་ལགས་དང་། དྲུང་ཆེ་ཉི་མ་འཚོ་ལགས། གཞན་ཡང་བཞུགས་སྒར་ཁུལ་གྱི་དོ་འཁུར་ཆེ་བའི་རྩོམ་པ་པོ་ཁག་ཅིག་དང་། སྲི་ཞུ་ལས་བྱེད། སློབ་ཕྲུག་བཅས་ཁྱོན་མི་གྲངས ༦༠ ཡས་མས་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ནང་གི་བཙོན་འོག་རྩོམ་པ་པོའི་སྙན་ངག་གྱེར་འདོན་དང་སྐུ་མགྲོན་གཉིས་ནས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་དཔར་སྐྲུན་བྱས་པའི་<<བཀག་སྡོམ་དང་དབྱེ་འབྱེད་འོག་གི་བོད་ཀྱིི་རྩོམ་རིག>>ཅེས་པའི་དབྱིན་བོད་གཉིས་ཀྱི་ནང་ཡོད་པའི་ཞིབ་འཇུག་སྙན་ཐོ་རྒྱས་པ་ཞིག་དང་། ཉི་མ་འཚོས་བོད་སྒྱུར་བྱས་པའི་བྱིས་སྒྲུང་དེབ་བརྒྱད། སྙན་ངག་ཆེད་དེབ་གཅིག་བཅས་དབུ་འབྱེད་གནང་རྗེས། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཉི་མ་འཚོ་ལགས་ཀྱིས་བཙོན་འོག་རྩོམ་པ་པོའི་ཉིན་མོ་ངོ་སྤྲོད་གནང་སྐབས། དེ་རིང་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༥ ཉིན་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ཐོག་མར་རྩོམ་པ་པོ་རྣམ་པ་དང་དམིགས་བསལ་དྲང་བདེན་གྱི་སྨྱ་གུ་བཟུང་ནས་མིའི་རིགས་ཀྱི་བདེ་དོན་སྒང་སྐད་ཆ་བཤད་མཁན་རྩོམ་པ་པོ་དང་གསར་འགོད་པ་ཚོར་གུས་བརྩི་བླ་མེད་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་ནས་དེ་རིང་གི་ཉིན་མོ་འདི་ཕྱི་ལོ་ ༡༩༨༡ ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་ཡིན་ཞེས་གཏན་ལ་ཕབ་བཞག་པ་ཞིག་རེད། ཉིན་མོ་འདི་གཏན་འབེབ་བྱེད་དགོས་དོན་ནི། འགྲོ་བ་མིའི་ཡོངས་ཁྱབ་ཀྱི་རང་དབང་ལ་ལོངས་སྤྱོད་བྱེད་མཁན་གསར་འགོད་པ་དང་རྩོམ་པ་པོ། ཤེས་ཡོན་པ་སོགས་མང་པོ་ཞིག་ལ་བཀག་སྡོམ་དང་བཙོན་འཇུག མནར་གཅོད་བྱས་པ་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་རྣམ་པ་མཚོན་ཆེད་ཉིན་མོ་འདི་གཏན་འཁེལ་བྱས་པ་ཞིག་རེད། དེར་བརྟེན། རྒྱལ་སྤྱིའི་པེན་གྱི་བཙོན་འོག་རྩོམ་པ་པོའི་སྡེ་ཚན་གྱིས་ལོ་ལྟར་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོ་གང་ཞིག་གི་གནས་སྟངས་ཆེས་ཛ་དྲག་ཅན་དང་། དམིགས་བསལ་རྒྱལ་སྤྱིའི་སྒང་དོ་སྣང་སླེབ་ཐུབ་ཀྱི་མེད་པ། དེ་བཞིན། སྲིད་གཞུང་ལ་གོ་བརྡ་སྤྲོད་དགོས་པ་སོགས་ཀྱི་གནས་སུ་གྱར་བའི་རྩོམ་པ་པོ་ཁག་ཅིག་བདམས་ཏེ། འཛམ་གླིང་ནང་པེན་རྩོམ་པ་པོའི་མཐུན་ཚོགས་ལ་ཡན་ལག་ཁང་ ༡༥༠ ལྷག་ཡོད་པ་ཚོར་བརྒྱུད་སྐུལ་གྱིས། བཙོན་འོག་རྩོམ་པ་པོ་དེ་ཚོའི་ཆེད་དུ་ལས་འགུལ་སྤེལ་བ་དང་། མི་སྣ་དེ་ཚོ་ངོ་སྤྲོད་བྱེད་དགོས་པ། དེ་བཞིན། ཞུ་འབོད་སོགས་ཀྱི་ལས་འགུལ་སྤེལ་རོགས་ཞེས་སྐུལ་སློང་བྱེད་ཀྱི་ཡོད་པ་རེད། དེ་དང་དེ་བཞིན་སྒེར་གཅོད་དང་སྡུག་རྩུབ་འོག་འདས་གྲོངས་སུ་གྱུར་བའི་རྩོམ་པ་པོ་དང་། ད་ལྟའི་ཆར་བཙོན་འོག་ཏུ་སྡུག་སྦྱོང་དང་མནར་གཅོད་མྱོང་བཞིན་པའི་རྩོམ་པ་པོ་དང་། དེ་བཞིན། རྩོམ་པ་པོའི་ཚེ་སྲོག་ལས་གྲུབ་པའི་བརྩམས་ཆོས་བཀག་སྡོམ་བྱས་ཡོད་པ་སོགས་ལ་རྗེས་དྲན་དང་ངོས་འཛིན། རྒྱབ་སྐྱོར་བྱེད་དགོས་པ་རེད་ཅེས་དྲན་གསོ་གཏོང་བའི་ཉིན་མོ་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན། ང་ཚོ་ཕྱི་སྡོད་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ན་ནིང་ནས་བཟུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མཉམ་འབྲེལ་གྱིས་ལོ་རྟག་པར་རྒྱ་ནག་གི་བཙོན་འོག་ཏུ་ཚུད་པའི་བོད་ནང་གི་བོད་རིགས་རྩོམ་པ་པོ་དང་སྒྱུ་རྩལ་བ། དེ་བཞིན། ཤེས་ཡོན་པ་རྣམས་ལ་ང་ཚོའི་ངོས་ནས་རྗེས་དྲན་དང་རྒྱབ་སྐྱོར། ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། གདུང་སེམས་མཉམ་སྐྱེད་ཀྱིས་ག་དུས་ཡིན་ཡང་རྒྱལ་སྤྱིའི་སྒང་ཁོ་ཚོའི་གནས་སྟངས་གང་ཐུབ་ཀྱིས་ཞུ་འབོད་བྱེད་བཞིན་ཡོད་ཅེས་ཞུ་རྒྱུ་ཡིན་ལ། ག་དུས་ཡིན་ཡང་ང་ཚོའི་ལུས་པོ་མཉམ་དུ་མེད་ཀྱང་སེམས་པ་མཉམ་དུ་ཡོད་ཅེས་ཤུགས་ཆེན་པོས་ཞུ་འདོད་བྱུང་། ཞེས་བརྗོད་སོང་།

དེ་ནས་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་རང་དབང་ཞེས་པ་འཐབ་རྩོད་བྱས་ནས་རག་ཐུབ་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲོམ་གཞིར་སྐྱོན་ཆ་ཡོད་པའི་སྐོར་བརྗོད་སྐབས། བོད་པར་མཚོན་ན་རྩོམ་འབྲི་རང་དབང་ཞེས་པ་དེ་ཉམས་མྱོང་གི་ཐོག་ནས་ཆ་རྒྱུས་ཡོད་བསྡད་པ་ཞིག་དང་། རང་གི་ལུང་པ་ཤོར་བ་ལ་བརྟེན་ནས་ང་ཚོར་རང་དབང་སྣ་གཅིག་ཀྱང་མེད་ཟེར་ནའང་ཆོག་པ་ཞིག་ཡིན་པས། མཁས་པ་མང་པོའི་བཤད་སྲོལ་ལྟར་དེང་སང་འཛམ་གླིང་ཐོག་གི་དམངས་གཙོ་ལ་སོགས་པའི་རང་དབང་དང་བདེ་སྐྱིད་རྣམས་མནར་གཅོད་གཏོང་མཁན་ལ་རྒོལ་ལན་འཐབ་རྩོད་བྱས་ཏེ་ཐོབ་པ་ཞིག་ཡིན་སྟབས། ང་ཚོས་རང་གི་རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་དང་། བོད་ནང་གི་བོད་མི་རྩོམ་པ་པོ་རྣམས་ཀྱིས་རང་དབང་དང་དམངས་གཙོ་དགོས་པའི་བསམ་ཚུལ་བཏོན་དུས། རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་གཞི་རྩའི་སྒྲོམ་གཞི་ལ་སྐྱོན་ཆ་ཡོད་པའི་རྐྱེན་གྱིས་རེད། ཅེས་བརྗོད་སོང་།

སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་ནས་རིག་གཞུང་རྒྱུད་གནས་ཡོང་ཐབས་སུ་རྩོམ་པ་པོའི་རང་དབང་གལ་ཆེན་རིང་བཞིན་སྐོར་ལ། ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་རྣམས་ད་ལྟ་ང་ཚོས་གོ་རྟོགས་ཐུབ་པ་དང་དར་འཕེལ་བྱུང་བ་དེ་མཁས་གྲུབ་པཎ་ཆེན་རྣམས་ཀྱི་རྩོམ་འབྲི་ལ་བརྟེན་ནས་བྱུང་བ་མངོན་གསལ་ཆགས་བསྡད་ཡོད། ཤར་ཕྱོགས་ལ་བལྟས་ན་ནུབ་ཕྱོགས་པའི་དཔལ་འབྱོར་དང་རིག་གནས་སོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་བའི་རྨང་གཞི་གཙོ་བོ་དེ་ཡང་རང་དབང་ཡིན་པ་དང་། ནུབ་ཕྱོགས་པས་རང་དབང་གི་ཐོག་ནས་མིའི་བསམ་བློ་གཅིག་ཐོག་གཉིས་བརྩེགས་ཀྱིས་སྔོག་འདོན་བྱས་ནས་ཡོང་ཡོད་ལ། ནུབ་ཕྱོགས་པའི་ནང་རང་དབང་ཡོད་སྟབས་རང་བཞིན་གྱིས་སྤྱི་ཚོགས་འཕེལ་རྒྱས་སོང་ཡོད་པ་རེད། རང་དབང་ལ་བཀག་སྡོམ་ཇི་ཙམ་བྱས་ཚེ་འཕེལ་རྒྱས་ཀྱི་སྒོ་བརྒྱབ་པའི་གནས་ལུགས་རྟོགས་དགོས་ལ། དེ་རྟོགས་པའི་ཐོག་ནས་རང་དབང་ལྡན་པའི་སྤྱི་ཚོགས་ཀྱི་སྒྲོམ་གཞི་གཏིང་སྟེ་རང་དབང་ལ་སྲུབ་སྐྱོབ་ཀྱིས་ནུབ་ཕྱོགས་པའི་སྤྱི་ཚོགས་འཕེལ་རྒྱས་ཕྱིན་ཡོད་པ་རེད།  དེར་བརྟེན། བོད་ཀྱི་ཤེས་རིག་དང་བསམ་བློ་དེ་ཇི་སྲིད་བར་འཕེལ་རྒྱས་འགྲོ་དགོས་ན། རང་དབང་གི་ཐོག་ནས་མིའི་བསམ་བློ་སྔོག་འདོན་བྱེད་དགོས་པས། རང་དབང་ནི་རིག་གཞུང་འཕེལ་རྒྱས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། ཅེས་བརྗོད་བྱུང་།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་འཇུ་བསྟན་སྐྱོང་ལགས་ཀྱིས། ང་རང་ལས་བྲེལ་གྱི་དབང་གིས་གྲྭ་སྒྲིག་བྱེད་རྒྱུ་མ་བྱུང་བ་དང་། ནམ་རྒྱུན་གྲྭ་སྒྲིག་བྱས་ནའང་དམིགས་བསལ་ཡག་པོ་གང་ཡང་བཤད་ཤེས་ཀྱི་མེད་ལ། གང་ལྟར་ནམ་རྒྱུན་ངས་གང་དྲན་པ་དེ་བཤད་ནས་འགྲོ་ཡི་ཡོད། དེ་ཕལ་ཆེ་རང་དབང་ཡིན་རྒྱུ་རེད།  དེ་ནས་རང་དབང་སྐོར་རྣམ་པ་ཚང་མས་གསུངས་སོང་ལ། སྤྱིར་བཏང་རང་དབང་གལ་ཆེན་པོ་ཡིན་པ་མི་ཤེས་མཁན་གཅིག་ཀྱང་ཡོད་རྒྱུ་མ་རེད།  མི་ཚང་མར་རང་དབང་དགོས་ཀྱི་ཡོད་པ་རེད། འོན་ཀྱང་། སྐབས་སུ་བབས་པའི་རྩོམ་པ་པོར་རང་དབང་ག་རེ་བྱས་ནས་དགོས་པ་རེད་ཟེར་རྒྱུ་དེ་རེད། ངས་བསམ་བློ་བཏང་ན་རྩོམ་པ་པོར་རང་དབང་དགོས་རྒྱུ་ནི་འགྲོ་བ་མིའི་རིགས་ལ་མཁས་པའི་རྣམ་དཔྱོད་ཀྱི་རྙེད་དོན་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ང་ཚོ་འགྲོ་བ་མིའི་རིགས་ལ་ལམ་སྟོན་གྱི་སྒྲོན་མེ་ནི་མཁས་པ་ཚོའི་རྣམ་དཔྱོད་ལས་རྙེད་བཞག་པའི་དོན་དག་དེ་ཆགས་ཀྱི་ཡོད། དེ་ལྟ་བུའི་རྙེད་དོན་དེ་ཕྱི་ལོགས་ལ་སྟོན་ཐུབ་དང་མ་ཐུབ་དེ་རྩོམ་པ་པོ་དེའི་རང་དབང་ལ་ཐུག་བསྡད་ཡོད་པ་རེད། ཁོའི་རྣམ་དཔྱོད་ཀྱི་རྙེད་དོན་དེ་ཕྱི་ལོགས་སུ་སྟོན་ཐུབ་པའི་དབང་ཆ་ཡོད་ཚེ། ང་ཚོ་འགྲོ་བ་མིའི་རིགས་ལ་མཁས་པའི་ཤེས་རབ་ཀྱི་ལམ་སྟོན་ཞིག་ཐོབ་ཀྱི་ཡོད་པ་རེད། གལ་སྲིད་ཁོའི་རྣམ་དཔྱོད་ཀྱི་རྙེད་དོན་དེ་ཕྱི་ལོགས་སུ་སྟོན་པའི་དབང་ཆ་མེད་པ་ཡིན་ན། མཁས་དབང་ཚོས་ང་ཚོར་རྫུན་མ་བཤད་དེ་མགོ་སྐོར་ཐེབས་ཀྱི་ཡོད་པ་མ་ཟད། ལམ་ལོགས་ལའང་འཁྲིད་འགྲོ་ཡི་ཡོད། དེར་བརྟེན། གལ་ཆེ་ཤོས་དེ་ལམ་ལོགས་སུ་འགྲོ་དང་མི་འགྲོ་ཟེར་བ་དེ་མཁས་པར་རང་དབང་ཡོད་མེད་ལ་ཐུག་བསྡད་ཡོད་སྟབས། ངས་བལྟས་ན་མཁས་པའི་རང་དབང་དེ་གལ་ཆེན་པོ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

སྨན་ཤེལ་བློ་གྲོས་ལགས་ཀྱིས་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཞིབ་འཇུག་སྙན་ཐོའི་སྐོར་ལ་ཁོང་གིས། ད་ཐེངས་ཀྱི་ཞིབ་འཇུག་འདི་ནི་རྒྱ་ནག་གིས་བཀག་སྡོམ་དང་དབྱེ་འབྱེད། རྩོམ་སྒྲིག་རང་དབང་གི་གནོན་ཤུགས་དེ་རྩོམ་པ་པོ་བྱེ་བྲག་གཅིག་གཉིས་དང་ལོ་བཅུ་གྲངས། བརྩམས་ཆོས་གཅིག་གཉིས་ཀྱི་གནས་ཚད་ཙམ་མིན་པར་ཡོངས་ཁྱབ་ཀྱི་གནས་སྟངས་ལ་ཁ་ཕྱོགས་ཡོད་པ་དང་། བཀག་སྡོམ་སྐོར་ལ་ཕྱི་ལོ་ ༡༩༥༩ ནས་ ༡༩༧༩ བར་མུན་ནག་གི་དུས་རབས་དང་།  ཕྱི་ལོ་ ༡༩༧༩ ནས་ ༢༠༠༠ ཉེ་བ་ཙམ་གྱི་བར་དུ་རྨ་ཤུལ་དུས་རབས་ཀྱི་རྩོམ་རིག་དང་། སྟོང་ལོ་གསར་པ་དེའི་རྩོམ་རིག་ལ་མི་རབས་གསར་བའི་རྩོམ་རིག་གི་དུས་སྐབས་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དེར་བོད་ཕྱི་ནང་གཉིས་དང་བོད་ཀྱི་རྩོམ་རིག་དང་སྒྱུ་རྩལ་ལ་ཉམས་ཞིབ་བྱེད་མཁན་ཡོངས་ཀྱིས་ངོས་འཛིན་གཅིག་གྱུར་བྱུང་ཡོད་པ་དང་། རྩོམ་རིག་གི་ཁྱབ་ཁུངས་ངོས་ནས་བཀག་སྡོམ་དང་དབྱེ་འབྱེད་བྱེད་བཞིན་པའི་ཆ་ནས་རིམ་པ་ ༣ ངོས་འཛིན་བྱེད་ཀྱི་ཡོད་པ་ལས། བཀག་སྡོམ་ཆེ་ཤོས་དེ་ལོ་རྒྱུས་ཀྱི་ཁྱབ་ཁུངས་དང་དེ་བཞིན་བོད་ཀྱི་རིག་གནས་ཀྱི་ཁྱབ་ཁུངས། མཐའ་མ་དང་གལ་ཆེ་ཤོས་དེ་རང་དབང་གི་ཁྱབ་ཁུངས་ཡིན་པ་བཅས་དང་། བོད་ནང་གི་རྩོམ་པ་པོ་ཚོར་གདོང་ཐུག་ཆེན་པོ་གསུམ་བརྒྱབས་ཡོད་པ་ནས་དང་པོ་ནི་རིག་གནས་གསར་བརྗེ་ཡི་སྔོན་གྱི་བོད་ཀྱི་དམངས་གཙོ་བཅོས་བསྒྱུར་སྐབས་མུ་གེ་ཤུགས་ཆེན་བྱུང་བ་དང་བོད་ས་ཡོངས་སྐྱོབ་དགོས་པ། བོད་མི་མང་པོ་བཙོན་ཁང་ནས་སྐྱོབ་དགོས་པའི་གནད་དོན་གླེང་སློང་རྩོམ་ཡིག་གི་ལམ་ནས་གདོང་ཐུག་བྱུང་ཡོད་པ་དང་། དེའི་དང་པོ་དང་གཙོ་བོ་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཡིག་འབྲི་ཁྲི་བདུན་གྱི་སྙན་ཞུ་ཆགས་ཡོད་པ། གཉིས་པ་དེ་ནི་བོད་ཀྱི་ངོ་བོ་དང་རིག་གཞུང་། སེམས་ཁམས་དེ་རྒྱ་ནག་གིས་བོད་པའི་ཚབ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ངོ་སྤྲོད་དང་གོ་ལོག་བཟོ་བཞིན་པ། དེར་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལ་སོགས་པས་ངོ་སྤྲོད་དང་མཚམས་སྦྱོར་བྱེད་མགོ་བརྩམས་ཡོད་པ་དང་། གསུམ་པ་དེ་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཧྲིལ་བོ་ནས་གདོང་ཐུག་བརྒྱབས་ཡོད་པ་རེད། སྐབས་དེར་དུས་རབས་མང་པོའི་ནང་བྱུང་མ་མྱོང་པའི་ཞི་རྒོལ་བྱུང་ཡོད་པ་དང་བོད་མིར་དྲག་གནོན་ཤུགས་ཆེན་བྱས་ཏེ། དྲིལ་བསྒྲགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་སྤྱིའི་ཁོར་ཡུག་ནང་བོད་མིའི་གསར་བརྗེའི་ཞི་བའི་ལས་འགུལ་གྱི་བྱུང་རྐྱེན་དང་ངོ་བོ། ཁ་ཕྱོགས་སོགས་ལ་འགྲེལ་བཤད་རིམ་པ་མང་པོ་བརྒྱབས་ཡོད་པ་དེར་བོད་མི་ཚོས་གདོང་ཐུག་བརྒྱབས་ཡོད་པ་རེད།  ཅེས་བརྗོད་བྱུང་།དགེ་བཤེས་ལྷག་རྡོར་ལགས་ཀྱིས། ང་ཚོའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་འཐབ་རྩོད་ཡིན་སྟབས། འཚེ་མེད་ཞི་བ་དང་ལྟ་བ་རྟེན་འབྱུང་སོགས་མགོ་འཚོས་པར་ཡོན་ཏན་དགོས་ཀྱི་ཡོད་པ་རེད། ཡོན་ཏན་མེད་པ་ཡིན་ན་གང་འཚམ་ཞིག་ནས་འུ་ཐུག་སྟེ་རྒྱ་མིའི་ལྷན་དུ་གསོད་རེས་གཏུབ་རེས་ཐོག་འགྲོ་རྒྱུ་ཡིན་པ་ཉག་ཅིག་རེད། དེ་འདྲའི་ཐོག་ཕྱིན་པ་ཡིན་ན་ཕན་ཐོགས་ག་རེ་ཡོད་མེད་ལྷོད་ལྷོད་བྱས་ནས་བསམ་བློ་གཏང་ན་ཧ་གོ་འགྲོ་ཡི་རེད། ཕར་ཕྱོགས་ནས་རྒྱ་མིས་ང་ཚོར་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡིན་ཟེར་གྱི་ཡོད་པ་རེེད། ང་ཚོས་འདི་ནས་༧གོང་ས་མཆོག་གི་དབུ་འཁྲིད་འོག་གཉིས་ཕན་དབུ་མའི་ལམ་བཤད་ཀྱི་ཡོད་པ་ལས་ཁྱོད་ཤི་ང་གསོན་བཤད་ཀྱི་ཡོད་པ་མ་རེད། དེ་རིང་གི་ཚོགས་འདུ་འདིའི་ཐོག་ནས་བསམ་བློ་གཏང་ན། ང་ཚོའི་མཚོན་དོན་སྨྱུ་གུ་རེད། དབྱིན་ཇིའི་གཏམ་དཔེའི་ནང་སྨྱུ་གུ་དེ་གྲི་ལས་སྟོབས་ཤུགས་ཆེ་བ་ཡོད་ཅེས་བཤད་ཀྱི་ཡོད་པ་རེད། རྒྱ་ནག་གི་མགོ་འཁྲིད་མའོ་ཙེ་དུང་གིས་ཆབ་སྲིད་ཀྱི་དབང་ཆ་དེ་མེ་མདའི་ཁ་ནས་ཐོན་གྱི་ཡོད་ཅེས་ལབ་ཡོད་པ་རེད། དེ་འདྲ་བྱས་ནས་ང་ཚོ་བོད་པ་ཕར་ཞོག་ཁོ་རང་ཚོར་བདེ་སྐྱིད་ཡོང་གི་ཡོད་ན་འགྲིག་གི་ཡོད་པ་རེད་དེ། བྱེད་སྟངས་དེ་ལྷོད་ལྷོད་བྱས་ནས་ང་ཚོས་ཧ་གོ་ཡོང་གི་རེད། གོང་ནས་རྒྱ་མིའི་ཁྲིམས་ལུགས་ཐོག་སྐད་ཆ་བཤད་སོང་། ཞིབ་ཚགས་བཤད་ན་རྒྱ་མིར་ཁྲིམས་ཡོད་པ་མ་རེད། དབྱིན་ཇིའི་ཁྲིམས་ཟེར་བ་དེ་མིའི་དབར་མཐུན་སྒྲིལ་དང་འཆམ་མཐུན་ཡོང་ཐུབ་པ། མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་ལམ་ལུགས་ཤིག་ལ་གོ་དགོས་པ་ལས་མི་གསོད་དང་རྡུང་རྡེག་གཏོང་རྒྱུ་ཞིག་ལ་ཁྲིམས་ཟེར་གྱི་ཡོད་པ་མ་རེད། དེར་བརྟེན། མི་གསོད་ཁྲག་སྦྱོར་གྱི་རིགས་ལ་ཁྲིམས་ཟེར་གྱི་ཡོད་པ་མ་རེད་ལ། དངོས་གནས་དྲང་གནས་བཤད་ན་རྒྱ་མིར་ཁྲིམས་ཡོད་པ་མ་རེད། དེ་འདྲའི་ཁོར་ཡིག་ཞིག་གི་འོག་རྩོམ་འབྲི་རང་དབང་ཟེར་བ་ཞིག་ག་བ་ནས་ཡོང་གི་ཡོད་པ་རེད་ཅེ་ན་རྩ་བ་ནས་ཡོང་ཐབས་ཡོད་པ་མ་རེད། རྒྱ་མི་ཁོ་རང་ཚོའི་ལམ་ལུགས་ལ་བསྟོད་བསྔགས་གཏོང་མཁན་ཞིག་ཡིན་ན་འབྲི་ཆོག་གི་ཡོད་པ་རེད། ཁོ་རང་ཚོའི་ལས་སྟངས་བྱེད་སྟངས་ལས་གཞན་༧རྒྱལ་བ་རིན་པོ་ཆེ་ཕར་ཞོག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་བོད་རིགས་འབུར་ཐོན་གྱི་གཞས་པ་དང་རྩོམ་པ་པོ། དེ་བཞིན། བླ་མ་གལ་ཆེན་ཞིག་ཡིན་ན་ཚང་མ་བཙོན་འཇུག་བྱེད་ཀྱི་ཡོད་པ་མཐོང་མཐོང་པ་རེད། ངས་ནི་ཁོ་ཚོར་སྣང་བ་བཏང་མེད་ལ་སྡིག་པ་མིག་བཙུམ་ཟེར་བ་ནང་བཞིན་བསྡད་ཡོད་མ་གཏོགས། ཁོ་ཚོའི་བྱ་སྤྱོད་དེའི་ཁོངས་འཁྱོལ་ཐུབ་ཀྱི་མ་རེད། ཅེས་བརྗོད་བྱུང་།

མཇུག་ཏུ་སྐུ་མགྲོན་གཙོ་བོ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས།  བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་ལྟེ་གནས་ཁང་བཙུགས་ཏེ་ལོ་ངོ་ ༢༢ དང་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་བཙུགས་ནས་ལོ་ ༡༩ ཙམ་འགྲོ་ཡི་ཡོད་པ་རེད། ང་ཚོའི་བཙན་བྱོལ་ནང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་གཞུང་འཛིན་དགའ་ལྡན་ཕོ་བྲང་གི་སྐབས་དང་ད་ལྟའི་བོད་མིའི་སྒྲིག་འཛུགས་སྐབས་ཡིན་ནའང་རོགས་རམ་ཐོབ་རྒྱུ་དཀའ་ལས་ཁག་པོ་ཞེ་དྲགས་ཡོད་པ་རེད། ད་རེས་བཤད་རྒྱུ་གཙོ་བོ་དེ་རྩོམ་འབྲི་རང་དབང་དང་མཐོ་གནོན་དང་སྡུག་སྦྱོང་གི་སྐད་ཆ་ཞིག་ཡོང་གི་འདུག ང་ཚོས་བསམ་བློ་ཡག་པོ་ཞིག་བཏང་ན། བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་བོད་པ་ཞིག་ཡིན་ཕྱིར། ང་ཚོ་ལ་སྔོན་མེད་ཀྱི་དཀའ་ངལ་མང་པོ་ཡོད་པ་རེད། ང་ཚོ་རྩོམ་པ་པོ་ཚོས་དབུས་བོད་མིའི་སྒྲིག་འཛུགས་ལ་ཅིག་བསྟུན་དགོས་རེད། རྒྱ་ནག་རྒྱལ་ཁབ་ལ་ཅིག་བསྟུན་དགོས་རེད། གཞིས་ཕ་ཡུལ་གྱི་སྤུན་ཉེ་ཚོར་ཅིག་བསྟུན་དགོས་རེད། རྒྱ་གར་གཞུང་ལ་ཅིག་བསྟུན་དགོས་རེད། དངོས་ཡོད་གནས་ཚུལ་བཤད་ན་དེ་ཚོ་ཚང་མར་བསྟུན་དགོས་ཀྱི་ཡོད་པ་རེད། མཐོང་སྣང་ལ་རང་དབང་ཡོད་པ་འདྲ་བོ་ཡིན་ཡང་དོན་དངོས་ཐོག་རང་དབང་དེ་ཙམ་ཡོད་པ་མ་རེད། དེ་ནས་བོད་པའི་མིའི་གཤིས་ཀ་ག་འདྲ་ཡོད་པ་རེད་ཟེར་ན། ཚེ་སྔོན་མ་དང་ད་ལྟ་ཡིན་ནའང་། བོད་པའི་མིའི་གཤིས་ཀ་དེ་སྤྲེལ་ལད་དང་རྨོངས་དད་ཀྱི་རི་བོང་ཅལ་འདྲོགས་བྱེད་མཁན་ཞིག་ཡིན་པ་ལས། དངོས་གནས་དྲང་གནས་རྣམ་དཔྱོད་བེད་སྤྱོད་གཏོང་ཐུབ་མཁན་ཞིག་རེད་པས་ལབ་ན་དཀའ་ལས་ཁག་པོ་རེད། ང་རང་ཚོའི་བླ་མ་དང་དཔོན་པོ་མཐོ་ཚད་ཚང་མ་སྤྲེལ་ལད་ལ་དགའ་པོ་ཞེ་དྲགས་ཡོད་པ་རེད། སྤྲེལ་ལད་ལ་དགའ་པོ་མེད། སྤྲེལ་ལད་མ་འཁྲབ་ཟེར་ནས་བཀའ་སློབ་གནང་གི་རེད་དེ། དོན་དངོས་ལག་བསྟར་བྱས་ཡོང་དུས་ཧ་ལས་པའི་སྤྲེལ་ལད་ལ་དགའ་པོ་ཡོད་པ་རེད། སྤྱི་ཚོགས་ཁོ་རང་སྤྲེལ་ལད་སྒང་འགྲོ་དགོས་ཀྱི་ཡོད་པ་རེད། དེ་ཚོ་ང་ཚོས་བྱེད་རྒྱུ་ཡོད་པ་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། ཚང་མ་རྒྱ་མི་ལ་མཛུབ་མོ་བཙུགས་ནས་གཅིག་འགྲིག་གི་མི་འདུག་གཉིས་འགྲིག་གི་མི་འདུག་ལབ་ནས་འདུག་རན་ཡོད་ས་རེད་མ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ང་ཚོའི་ལུས་པོ་མཉམ་དུ་མེད་ཀྱང་སེམས་པ་མཉམ་དུ་ཡོད་ཅེས་ཤུགས་ཆེན་པོས་ཞུ་འདོད་བྱུང་། appeared first on བོད་ཀྱི་དུས་བབ།.

ངོས་རང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་བྱེད་ཀྱི་ཡོད།

$
0
0

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེང་སང་འཛམ་གླིང་འདིར་འབྱུང་བ་འཁྲུག་པའི་དཀའ་ངལ་སྒང་ལ་མིས་བཟོས་པའི་དཀའ་ངལ་ཧ་ཅང་མང་པོ་ཡོང་གི་ཡོད་པ་དང་སྡུག་ཤོས་དེ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་གི་ཡོད་པ་དེ་ཡིན་སྐོར་གསུངས་འདུག༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བདུན་ཕྲག་གཉིས་ཙམ་རིང་ཉི་ཧོང་ནང་མཛད་འཕྲིན་བཀའ་དྲིན་སྐྱོང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༥ ཉིན། ཉི་ཧོང་གི་ཡོ་ཀོ་ཧ་མ་རྒྱལ་ཡོངས་ཚོགས་ཁང་ (National Convention Hall of Yokohama) དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དད་ལྡན་དོན་གཉེར་ཅན་མང་པོར་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བསྩལ་གནང་ཡོད་པ་དང་། སྔོན་འགྲོའི་བཀའ་ཆོས་དང་འབྲེལ་བཀའ་སློབ་སྩལ་སྐབས། སྔར་རྒྱ་གར་ལ་སྔ་འགྱུར་དང་གསར་མ་དེ་འདྲ་མེད་ཀྱང་། བོད་ལ་ལོ་ཆེན་རིན་ཆེན་བཟང་པོ་མ་བྱུང་གོང་དེ་དག་སྔ་འགྱུར་དང་། ལོ་ཆེན་རིན་ཆེན་བཟང་པོ་བྱུང་བའི་རྗེས་དེ་དག་གསར་མ་ཞེས་གསང་སྔགས་རྙིང་མ་དང་གསར་མ་ཞེས་གཉིས་བྱུང་འདུག དེ་རིང་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་དབང་ཞུ་རྒྱུ་འདི་གསང་སྔགས་རྙིང་མའི་ཕྱོགས་རེད། དེ་ལ་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ། ཤིན་ཏུ་ཟབ་པ་དག་སྣང་ཞེས་གསུམ་གསུང་གི་འདུག དེ་རིང་གི་ཆོས་འཁོར་འདི་དག་སྣང་གི་ཁོངས་རེད། དག་སྣང་འདི་ཡོང་ཁུངས་ནི་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་རེད། ཁོང་ལ་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་པའི་དག་སྣང་མང་པོ་ཞིག་ཡོང་བཞིན་འདུག གང་ལྟར་༸གོང་ས་ལྔ་པ་ཆེན་པོ་ནས་གསང་བ་རྒྱ་ཅན་གྱི་ཆོས་འཁོར་འདི་༸རྒྱལ་བ་ལྔ་པའི་རྗེས་ཀྱི་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཕ་ཆོས་ལྟ་བུ་ཆགས་ཡོད། ངོས་ཀྱིས་གསང་བ་རྒྱ་ཅན་གྱི་ཆོས་འཁོར་ཆ་ཚང་ཆུང་དུས་ནས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ལེགས་པར་ཐོབ་པ་རེད། དེ་སྔ་འགོ་སྟོད་ལ་དཔེ་ཆ་མེད། ཕྱིས་སུ་ངོས་ལ་དཔེ་ཆ་དེ་ཐོབ་བྱུང་།  གསང་བ་རྒྱ་ཅན་གྱི་དཔེ་ཆ་བྲིས་མ་མ་གཏོགས་མེད།  གསང་བ་རྒྱ་ཅན་གྱི་དཔེ་ཆ་དེ་དག་རིམ་པས་ངོས་ཀྱི་ལག་པར་སླེབས་པ་ནས་བཟུང་ཚེས་བཅུ་ནམ་ཡིན་ལ་འཇིག་རྟེན་དབང་ཕྱུག་ལྷ་སྐུའི་སྒོ་ནས་ཚེས་བཅུ་འདོན་བཞིན་ཡོད། ཅེས་གསུངས།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ལོ་ཀེ་ཤྭ་རི་འཇིག་རྟེན་དབང་ཕྱུག་དང་ཝ་ཏི་བཟང་པོའི་སྣང་བརྙན་དང་བཅས་ངོས་དང་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད། ཁྱེད་རང་ཚོ་ཁ་ཤས་ཀྱིས་རྨོངས་དད་བྱེད་ནས་༸རྒྱལ་བ་རིན་པོ་ཆེ་འཕགས་པ་སྤྱན་རས་གཟིགས་རེད་ཟེར་བ་འདི་རྨོངས་དད་རེད། གང་ལྟར་ངོས་རང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་བྱེད་ཀྱི་ཡོད། འདི་ཕལ་ཆེར་ངོས་ཀྱིས་ཚོད་ཐིག་གི་འདུག སྤྱན་རས་གཟིགས་སྙིང་རྗེའི་བདག་ཉིད་རེད། སྙིང་རྗེའི་ལྷ་མཆོག་རེད། ཡང་སྒོས་བོད་ཁ་བ་གངས་ཅན་གྱི་ལྷ་སྐལ་རེད། གོ་ཆོད་རུང་མ་ཆོད་རུང་ཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་དེ་ངོས་རང་ཡིན། ངོས་རང་ཕར་ཚུར་འགྲོ་སྐབས་སུ་འཕགས་པ་སྤྱན་རས་གཟིགས་ལོ་ཀེ་ཤྭ་ར་ངོས་ཀྱི་མཇིང་པའི་སྟེང་ཡོད་བསམ་པ་དྲན་བཞིན་འདུག  ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན། ཉི་ཧོང་གི་ཡོ་ཀོ་ཧ་མ་གྲོང་ཁྱེར་དུ་ཡོ་ཀོ་ཧཱ་མ་རྒྱལ་ཡོངས་ལྷན་ཚོགས་ཚོགས་ཁང་དེ་རང་དུ་ཤེས་རབ་སྙིང་པོའི་ཆོས་འབྲེལ་དབུ་འཛུགས་མཛད་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དེ་རིང་ཉི་ཧོང་ལ་ཡང་བསྐྱར་བསླེབས་ནས་ང་ཚོ་ཆོས་གྲོགས་ངོ་ཤེས་རྙིང་པ་མང་པོ་ཐུག་པ་རེད། ཉི་ཧོང་ཙམ་མ་ཟད་ཀོ་རི་ཡ་དང་། ཆེན་པོ་ཧོར་གྱི་ཡུལ། རྒྱ་ནག་སྐམ་ས་ཆེན་པོ།    ཐའེ་ཝན་བཅས་ནས་ཕེབས་པའི་ཆོས་གྲོགས་ཚོ་དེ་རིང་འདིར་འཛོམས་པར་ངོས་ཀྱིས་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། དེ་རིང་ང་ཚོ་འདིར་འཛོམས་པ་དེ་ཚོང་དང་ལྟད་མོའི་དོན་དུ་འཛོམས་པ་མ་རེད། གཙོ་བོ་སངས་རྒྱས་ཀྱི་ལྟ་གྲུབ་སྐོར་འགྲེལ་བཤད་རྒྱག་རྒྱུའི་དོན་དུ་ང་ཚོ་འཛོམས་པ་རེད། ངོས་ཀྱིས་ནམ་རྒྱུན་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པར་སླེབས་ཡོད་པ་རེད་ཅེས་བརྗོད་ཀྱི་ཡོད། འཕྲུལ་ཆས་ཡར་རྒྱས་ཧ་ཅང་ཕྱིན་དང་འགྲོ་བཞིན་པ་རེད། དེ་རིང་ཁ་སང་འཕྲུལ་ཆས་ལག་རྩལ་བ་དེ་ཚོས་མིའི་བསམ་བློ་ལས་ཀ་བྱེད་ཐུབ་མཁན་གྱི་འཕྲུལ་ཆས་བཟོ་རྒྱུའི་སྐོར་སྐད་ཆ་བཤད་ཀྱི་འདུག  དེ་ཧ་ཅང་ཁག་པོ་རེད། སྒོ་ལྔའི་ཤེས་པ་རྐྱང་རྐྱང་ཡིན་ན་ཕལ་ཆེར་ཡིན་ཤེས་ཆེ། ཡིད་བློ་ཟེར་བ་དེ་རྙོག་གྲ་ཆེན་པོ་རེད། དེ་འཕྲུལ་ཆས་ཐོག་ནས་བཟོ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། གང་ལྟར་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་བསླེབས་ཡོད། འཕྲུལ་ཆས་དང་འབྲེལ་བའི་དངོས་པོ་ཡར་རྒྱས་ཚད་མཐོན་པོར་སླེབས་ཡོད། འདི་འདྲའི་དུས་ཚོད་གཅིག་ལ་ཆོས་ཟེར་བ་དེ་དགོས་མཁོ་འདུག་གམ་མི་འདུག  འབྲེལ་བ་འདུག་གམ་མི་འདུག   འདི་དྲི་བ་དང་པོ་རེད། ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ནང་པའི་རྒྱལ་ཁབ་ཁག་ཁ་ཤས་ཀྱི་དགེ་སློང་འདུལ་བ་འཛིན་པ་ཚོ་དང་ལྷན་དུ་ང་ཚོ་ཚོགས་འདུ་ཚོགས་པ་རེད།  དེ་རིང་ཁ་སང་ཆོས་ཟེར་བ་དེ་དགོས་མཁོ་འདུག་གམ་མི་འདུག   དྲི་བ་དང་པོ་དེ་རེད། ཅེས་སྐབས་དེ་དུས་ཀྱང་ངོས་ཀྱིས་ཞུས་པ་ཡིན། དགོས་མཁོ་མེད་ན་གཡུག་ན་འགྲིག་གི་རེད། དངོས་ཡོད་གནས་ཚུལ་ལ་འཛམ་བུ་གླིང་འདིའི་སྒང་ལ་བལྟས་པ་ཡིན་ན། འཛམ་གླིང་ནང་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད། དེ་དག་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད།  སྡུག་བསྔལ་མང་པོ་ཞིག་འཛམ་གླིང་གི་ཚ་དྲོད་འཕེལ་ནས་མཚོ་རླབས་ཀྱི་ཉེན་ཁ་ཞིག་དཔེར་ན་ཉི་ཧོང་ནང་ཡོང་གི་འདུག དེ་བཞིན་ཨ་རིའི་མངའ་སྡེ་ཁལ་ལི་ཧྥོར་ནི་ཡ་དང་ཡུ་རོབ་ཁུལ་དུའང་མེ་འབར་ནས་ཉེན་ཁ་བྱུང་འདུག   གང་ལྟར་འབྱུང་བ་འཁྲུག་པའི་གནོད་པ་དེ་འདྲ་ཡོང་གི་འདུག  དེ་དག་ང་ཚོ་མི་ཡིས་བཟོ་རྒྱུ་གང་ཡང་མེད། ཅེས་གསུངས།མུ་མཐུད་ཁོང་གིས། དེ་མིན་སྤྱི་ཡོངས་ཀྱི་འཛམ་གླིང་འདིའི་སྒང་ལ་མི་ཡིས་མི་ལ་གསོད་རེས་གཏོང་བ་དང་། མི་དབུལ་ཕོངས་ཉམ་ཐག་དེ་དག་སྐྱབས་མེད་མགོན་མེད་བྱས་ནས་ལྷག་བསྡད་པ། དཔེར་ན་ཡེ་མན་(Yemen) ལུང་པར་ཆ་བཞག་ན། ཕྲུ་གུ་ཆུང་ཆུང་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ། བཟའ་བཅའི་མཐུན་རྐྱེན་མ་འདང་བ། ལྟོགས་ནས་ཤི་མཁན་མང་པོ་བྱུང་འདུག ཨ་ཧྥེ་རི་ཁའི་ནང་ཆ་བཞག་ན། ནང་ཁུལ་ལ་འཁྲུག་པ་རྒྱག་པ་དང་། ཉམ་ཐག་དེ་དག་བདག་མེད་བྱས་ནས་བཞག་སྟེ་དཀའ་ངལ་ཧ་ཅང་འདུག  དེ་དག་ཚང་མ་ང་ཚོ་མི་ཡིས་བཟོས་པའི་དཀའ་ངལ་རེད།

འབྱུང་བ་འཁྲུག་པའི་དཀའ་ངལ་ཡོད་པའི་སྒང་ལ་མིས་བཟོས་པའི་དཀའ་ངལ་ཧ་ཅང་མང་པོ་འདུག  སྡུག་ཤོས་ཏེ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་གི་འདུག  ཐབས་སྐྱོ་བ་ཞིག་ལ་འབར་མའི་ནང་ནང་པ་དང་ཁ་ཆེ་འཁྲུག་པ་བརྒྱབ་ནས་ཁ་ཆེ་མང་པོར་སྡུག་པོ་གཏོང་གི་འདུག  ངོ་ཚ་དགོས་པ་རེད། སི་རི་ཡ་ Syria དང་ཨ་ཧྥི་གྷ་ནི་སི་ཐན་(Afghanistan)དེ་འདྲའི་ཁ་ཆེ་ལུང་པ་མང་པོ་ཞིག་གི་ནང་ལ་སྟོན་པ་ཨ་ལ་གཅིག་རེད། གསུང་རབ་ཁུ་རན་(Quran)གཅིག་རེད། ཉིན་རེ་ལ་ཐེངས་མ་ལྔ་སྨོན་ལམ་རྒྱག་གི་ཡོད་པ་གཅིག་གྱུར་རེད། འོང་ཀྱང་གཙོ་བོ་ཆབ་སྲིད་ཀྱི་ཐོག་ནས་སུ་ནི་(Sunni)དང་ཞི་ཡ་(Shia)དབར་གསོད་རེས་གཏོང་གི་འདུག  དེ་དག་ཚང་མ་མི་ཡིས་བཟོས་པའི་སྡུག་བསྔལ་རེད། སྡོམ་བརྒྱབ་ན་འཛམ་གླིང་འདིའི་སྒང་ལ་མི་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་འབའ་ཞིག་རེད། ཡིན་ནའང་གཞན་ཕན་གྱི་བློ་དེ་མེད་པ་དང་། ང་ཞེས་པའི་སོ་སོ་གཅིག་པུར་བསམ་བློ་བཏང་སྟེ་རང་རྒྱལ་གཞན་ཕམ་གྱི་ལྟ་ཚུལ་ཐོག་ནས་མི་ཡིས་མི་ལ་སྡུག་པོ་ཧ་ཅང་གཏོང་གི་འདུག   འདི་དག་ཚང་མ་ཐུག་སའི་རྩ་བ་དེ་བྱམས་བརྩེ་ཕུང་བར་བརྟེན་ནས་བྱུང་བ་རེད། ཅེས་གསུངས་འདུག

དེ་རིང་ཚན་རིག་མཁས་པ་གསུམ་གྱི་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་བར་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་ཡོད་པ་དང་། སང་ཉིན་ཤེས་རབ་སྐྱེད་ཚལ་གླིང་གི་གོ་སྒྲིག་འོག་ཧེ་བྷི་ཡ་ཚོགས་ཁང་(Hibiya Open Air Concert Hall)ནང་དུ་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཡིན་ཞེས་པའི་བརྗོད་གཞིའི་ཐོག་གཞོན་སྐྱེས་ཚོར་བཀའ་སློབ་གནང་རྒྱུ་ཡིན་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག་གིས་བསྡུ་སྒྲིག་བྱས།

The post ངོས་རང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་བྱེད་ཀྱི་ཡོད། appeared first on བོད་ཀྱི་དུས་བབ།.

བོད་ཀྱི་རྒྱལ་ས་ལྷ་སར་སྒམ་ཆུང་ ༣༠ བཙུགས།

$
0
0

རྒྱ་གཞུང་གིས་ནག་སེལ་གཤེད་བཅོམ་ཞེས་པའི་བྱ་འགུལ་ཤུགས་ཆེ་རུ་གཏོང་ཆེད་སྒོ་འགྲམ་དང་སྲང་ལམ་ས་ཚིགས་ཁག་ཅིག་ཏུ་སྒམ་ཆུང་ ༣༠ བཙུགས་ཏེ་ནག་ཚོགས་ཐེར་འདོན་བྱས་ན་བྱ་དགའ་ཡོད་སྐོར་དྲིལ་བསྒྲགས་བྱས་འདུག
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ནག་སེལ་གཤེད་བཅོམ་གྱི་ཆེད་དམིགས་འཐབ་རྩོད་ཞེས་པ་གཏིང་ཟབ་སྤེལ་དགོས་པ་དང་། ལྷ་ས་ཁུལ་གྱི་མི་མང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ནག་ཚོགས་ཁྲིམས་འགལ་ཉེས་དོན་གྱི་ཁུངས་སྣེ་ཐེར་འདོན་ཆེད། ལྷ་ས་གྲོང་ཁྱེར་མཁར་གྲོང་དོ་དམ་ཁུལ་ཉེན་རྟོག་ཁང་གིས་སྨན་ཁང་དང་སློབ་གྲྭ། སྲིད་གཞུང་སོགས་ཀྱི་སྒོ་འགྲམ་དང་། ལྷ་ས་གྲོང་ཁྱེར་གྱི་སྲང་ལམ་ས་ཚིགས་ཁག་ཏུ་ཐེར་འདོན་ཡི་གེ་བླུག་སའི་སྒམ་ཆུང་ ༣༠ བཙུགས་ཡོད་འདུག

གནས་ཚུལ་དེའི་ཐད་ལྷ་ས་ཉེན་རྟོག་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ནག་སེལ་གཤེད་བཅོམ་འཐབ་རྩོད་ཀྱི་ལས་ལ་ཧུར་ཐག་ངང་ཞུགས་ཆེད། གལ་ཏེ་རྒྱ་ཆེའི་མི་མང་མང་ཚོགས་ཀྱིས་ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་ཁུངས་སྣེ་ཤེས་རྟོགས་བྱུང་ཚེ། འབྲེལ་ཡོད་ཀྱི་གནས་ཚུལ་གསལ་བོར་བྲིས་རྗེས་ཐེར་འདོན་སྒམ་ནང་བཞག་ན་བྱ་དགའ་ཡོད་སྐོར་བརྗོད་འདུག་ཀྱང་། བྱ་དགའ་དངུལ་ག་ཚོད་ཡོད་མེད་སོགས་གསལ་མི་འདུག

ཡང་གསལ་བསྒྲགས་དེའི་ནང་བརྗོད་པ་ལྟར་ན། ཐེར་འདོན་སྒམ་ ༣༠ བཙུགས་ཡོད་པའི་ས་གནས་དག་ནི་མཁར་གྲོང་དོ་དམ་ཁུལ་ཉེན་རྟོག་ཁང་གི་སྒོ་འགྲམ་དང་། ཚལ་གུང་ཐང་ཡུལ་ཚོ་གཞུང་གི་སྒོ་འགྲམ། ཀརྨ་དགོན་གསར་སྲང་ལམ་དོན་གཅོད་ཁང་གི་སྒོ་འགྲམ། མཁར་གྲོང་དོ་དམ་ཁུལ་སྲིད་གཞུང་གི་སྒོ་འགྲམ། ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གསར་པའི་སྒོ་འགྲམ། རང་སྐྱོང་ལྗོངས་ཉེན་རྟོག་ཁང་གི་སྒོ་འགྲམ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་སྒོ་འགྲམ། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་སྒོ་འགྲམ། ཉི་འོད་གླིང་ཕྲན་ཚོང་ཟོག་ཆུང་གྲས་ཁྲོམ་རའི་ནུབ་སྒོ། ལྷ་ས་སློབ་འབྲིང་གི་སྒོ་འགྲམ། དོག་སྡེ་ལམ་ཉི་འོད་སྐྱེ་འཕེལ་སྨན་ཁང་གི་སྒོ་འགྲམ། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒོ་འགྲམ། ཀུན་བདེ་གླིང་ཁྲོམ་གཞུང་གི་སྒོ་འགྲམ། བདེ་སྐྱིད་དཀྱིལ་ལམ་བློན་པོ་གསེར་ཆེན་གྱི་སྒོ་འགྲམ། ས་པའོ་གྲངས་འཛིན་ཐང་ཆེན། ལེ་པའེ་ལུང་ཁྲོམ་རའི་ཐང་ཆེན། ཉང་བྲན་ལམ་བདེ་སྐྱིད་གྲོང་གསར་གྱི་འཛུལ་སྒོ། བརྒྱད་གཅིག་ལམ་བརྒྱད་གཅིག་ཚལ་ཁྲོམ་སྒོ་འགྲམ། རང་སྐྱོང་ལྗོངས་མི་མང་སྨན་ཁང་གཉིས་པ། ཚོད་ལྟའི་སློབ་ཆུང་གི་སྒོ་འགྲམ། ཀརྨ་དགོན་གསར་ལམ་དཔྱད་ཁྲིའི་བོད་ལུགས་གསོ་རིག་སྨན་ཁང་གི་ཁ་སྤྲོད་ཟུར་ཕྱོགས་ཀྱི་སྲང་ལམ་ནས་སྨི་ ༥༠༠ ས་མཚམས། ཚལ་གུང་ཐང་དཔལ་སྡིངས་ཤར་ལམ་ཨན་ཧུད་ཡོན་གཞི་མདོ། བརྒྱད་གཅིག་སྡེ་ཁུལ་ནང་ཕྱོགས་ཀྱི་སྨི་ ༥༠༠ ས་མཚམས། ནུབ་ཕྱོགས་འགྲུལ་སྐྱེལ་ས་ཚིགས། པོ་ཏཱ་ལའི་སྤ་སེ་འཚོང་ཡུལ། ནག་ཆུ་དོན་གཅོད་ཁང་གི་ཉེ་འགྲམ་གྱི་སྲང་ལམ། བྱང་ཕྱོགས་འགྲུལ་སྐྱེལ་ས་ཚིགས་ཀྱི་སྒོ་འགྲམ། ཆུ་མིག་ལམ་སྲང་ལམ་དྲོད་འཁོལ་བོགས་གཏོང་ཁང་། ཉང་བྲན་ལམ་སྲང་ལམ་སྔགས་པ་གླིང་ཙུའུ་ལྔ་པ། རྒྱ་རོང་ཙུའུ་ལྔ་པ། ཧན་ཐིང་ཨར་ཁང་ཉེ་འགྲམ་གྱི་སྲང་ལམ་ནང་ཕྱོགས་ཀྱི་སྨི་ ༥༠༠ ཡས་མས་བཅས་སུ་བཙུགས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་མི་མང་ཉིན་རེའི་ཚགས་པར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། མི་མང་དང་མཉམ་འབྲེལ་གྱིས་ཕྱི་ཟླ་དང་པོ་ནས་ ༩ པ་བར་རྒྱ་ནག་རྒྱལ་ཡོངས་སུ་ཁྱོན་ནག་གཤེད་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་ཁྲི་ ༡.༧ ལྷག་ཙམ་དང་། དེ་དག་ལ་འབྲེལ་བ་ཡོད་པའི་མི་ཁྲི་ ༥.༧ ལྷག་འཛིན་རྒྱུའི་ཆོག་མཆན་སྤྲད་ཡོད་པ་དང་། གནད་དོན་ཅན་གྱི་གྱོད་དོན་ ༦༣༠༠ ལྷག་དང་འབྲེལ་བ་ཡོད་པའི་མི་ཁྲི་ ༣.༢ ལྷག་ཞུ་གཏུག་བརྒྱབས་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་ནག་ཚོགས་གཤེད་བཅོམ་གྱི་ལས་གཞི་དེ་ས་གནས་དེ་གའི་མི་མང་དང་དོན་དངོས་ཟུང་དུ་འབྲེལ་ཏེ། མང་ཚོགས་ཁྲོད་ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་ཐེབས་པའི་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ལ་དམིགས་པ་ཞིག་ཡིན་སྐོར་དང་།  ནག་གཤེད་བཅོམ་པར་སྔོན་ལ་མྱུལ་ཞིབ་དང་མི་མང་ཁྲོད་དཔང་རྟགས་འཚོལ་བར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་འཛིན་པ་དང་ཞུ་གཏུག་མགྱོགས་མྱུར་རྒྱག་པ། ཆེད་དོན་འཐབ་རྩོད་བྱེད་པ་སོགས་བྱས་ཏེ་ནག་ཚོགས་འཚོལ་ཞིབ་དང་རྩད་གཅོད་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་རེད།

ནག་ཚོགས་གཤེད་བཅོམ་ཟེར་བའི་ལས་འགུལ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པ་ཚོགས་པ་ནས་མགོ་བརྩམས་ཏེ། འབོད་ཚིག་དང་རྣམ་པ་འདྲ་མིན་འོག་བོད་ཡུལ་གང་སར་ལས་འགུལ་དེ་སྤེལ་བཞིན་ཡོད་འདུག་ལ། ལས་འགུལ་དེ་སྤེལ་སྐབས་ཀྱི་གསལ་བསྒྲགས་ནང་ནག་ཚོགས་གཤེད་བཅོམ་ནི་མགོ་འཁྲིད་ཞི་ཅིན་ཕིན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟེར་བ་ཡིན་པ་དང་། གནད་དོན་དེ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་མང་ཀྱི་བདེ་འཇགས་ལ་ཧུར་བརྩོན་དང་། སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་འགན་ལེན་དང་། ཏང་གི་སྲིད་སྐྱོང་རྨང་གཞི་སྔར་བས་སྲ་བརྟན་གཏོང་ཆེད་དམར་ཤོག་ཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་སུ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་འགུལ་སྤེལ་དགོས། ཞེས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post བོད་ཀྱི་རྒྱལ་ས་ལྷ་སར་སྒམ་ཆུང་ ༣༠ བཙུགས། appeared first on བོད་ཀྱི་དུས་བབ།.


ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྙུང་གཞི་ཅུང་དྲག་ཏུ་ཕྱིན།

$
0
0

ལོ་ངོ་ ༣༣ རིང་རྒྱ་ནག་གཞུང་གི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་ལགས་ལ་སྙུང་གཞི་ཕོག་ནས་སྨན་བཅོས་གནང་བཞིན་འདུགཉེ་སྔོན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་མཆིན་པའི་སྙུང་གཞི་བསྐྱར་ལོག་བྱུང་སྟེ་གནས་སྟངས་ཅུང་ཛ་དྲག་ཆགས་པར་བརྟེན། ཨ་རི་ནས་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་སྨན་བཅོས་གནང་བཞིན་འདུག་ལ། སྐུ་གཟུགས་ཧ་ཅང་སྐམ་པོ་ཆགས་འདུག་ཀྱང་རྣམ་རིག་གསལ་ཞིང་བཀའ་མོལ་རྒྱུན་ལྡན་ལྟར་གནང་ཐུབ་ཀྱི་འདུག་པས། ཨ་རི་ནས་ཚུར་ཕེབས་དུས་དང་བསྡུར་ན་ཅུང་དྲག་སྐྱེད་བྱུང་ཡོད་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་དཔལ་ལྡན་རྒྱ་མཚོ་ལགས་ལ་སྙུང་གཞི་ཕོག་ནས་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཕེབས་ནས་སྨན་བཅོས་གནང་བཞིན་ཡོད་པ་ལྟར། འདི་གའི་གསར་འགོད་པས་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་གཞོན་པ་ཐོགས་མེད་ལགས་སུ། རྒན་དཔལ་ལྡན་རྒྱ་མཚོའི་སྐུ་གཟུགས་གནས་སྟངས་ག་འདྲ་ཡོད་དྲིས་པར་ཁོང་གིས། ཉེ་སྔོན་ཞིག་ནས་ཁོང་ཨ་རིར་ཕེབས་ནས་ཟླ་བ་ ༣ ལྷག་རིང་དེར་བཞུགས་སྐབས། སྔར་གྱི་མཆིན་པའི་ནད་གཞི་བསྐྱར་ལོག་བྱུང་སྟེ། ཞལ་ལག་ཀྱང་མཆོད་མ་ཐུབ་པའི་གནས་སྟངས་ཆགས་པར་བརྟེན། སྨན་བཅོས་ཆེད་ཕྱིར་རྒྱ་གར་དུ་མ་ཕེབས་ཐབས་མེད་གྱུར་བ་རེད། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་འབྱོར་ནས་བཟུང་། ད་བར་དགོན་པའི་ངོས་ནས་སྨན་བཅོས་དང་ལྟ་སྐྱོང་བྱེད་བཞིན་ཡོད་ལ། སྔར་དང་བསྡུར་ན་དེང་སྐབས་ཅུང་དྲག་སྐྱེད་བྱུང་ཡོད་པ་མ་ཟད། གཟིམ་ཆུང་མཇལ་ཁ་ཞུས་ཏེ་༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ཐུགས་སྨོན་མཛད་གནང་ཡོད་སྐོར་བརྗོད་བྱུང་། ཕྱག་མཛོད་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ལོ་ཁ་ཤས་ཀྱི་སྔོན་ལ་རྒན་དཔལ་ལྡན་རྒྱ་མཚོ་ལགས་སུ་མཆིན་པའི་ནད་གཞི་ཕོག་པ་དང་། ཁོང་གི་སྦྱིན་བདག་ནས་འགྲོ་སོང་བཏང་སྟེ། ཨ་རིར་ཡོད་པའི་མཱ་ཡོ་སྨན་ཁང་(Mayo Clinic)དུ་མཆིན་པའི་བཤག་བཅོས་གནང་ཡོད་པ་རེད། དེའི་རྗེས་ཕྱིར་རྒྱ་གར་དུ་ཕེབས་ཏེ་སྨན་ཁང་དེའི་ལམ་སྟོན་བཞིན་ལྡི་ལིའི་སྨན་ཁང་ཞིག་ཏུ་སྨན་བཅོས་གནང་སྟེ་དྲག་སྐྱེད་ལེགས་པོ་བྱུང་ཡོད་ཀྱང་། འདི་ལོར་ཨ་རིར་བཞུགས་རིང་ནད་ལོག་བརྒྱབ་སྟེ་ཅུང་ཛ་དྲག་ཏུ་གྱུར་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༡ ལོར་ཆབ་སྲིད་བཙོན་ཟུར་རྒན་དཔལ་ལྡན་རྒྱ་མཚོ་ལགས་ནས་༧ཀིརྟི་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་གསེང་ཞུས་པ་ལྟར། རིན་པོ་མཆོག་ནས་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ངལ་བསྐྱོན་པར་བརྟེན། དམིགས་བསལ་གྱིས་སྐྱིད་སྡུག་ནང་ལེན་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་། གྲྭ་ཚང་གི་ཚོགས་འདུ་ལྷན་རྒྱས་ནས་གྲོས་མོལ་བརྒྱུད། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༧ ཚེས་ ༤ ཉིན་ནས་བཟུང་གྲྭ་ཚང་ནས་ཁོང་ལ་དམིགས་བསལ་བཞུགས་ཤག་དང་། བཞེས་ལག་གྲྭ་ཚང་སྤྱི་མཚུངས་ལྟར་གནང་བ་མ་ཟད། སྨན་ཡོན་དང་། ལམ་གྲོན། སྙུང་གཞི་བཞེས་སྐབས་ཞབས་ཕྱི་བཀོད་སྒྲིག་བྱེད་རྒྱུ་དང་། དེ་བཞིན་རྗེས་ཕྱོགས་སྐུ་ཚེ་མ་བརྟན་ཚེ་གྲྭ་ཚང་རང་ནས་སྐུ་ཕུང་ཞུགས་འབུལ་དང་མཆོད་འབུལ་བསྔོ་སྨོན་སོགས་གནང་རྒྱུའི་ཐག་གཅོད་གནང་ཡོད་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་དཔལ་ལྡན་རྒྱ་མཚོ་ལགས་ནི་ཕྱི་ལོ་ ༡༩༣༣ ལོར་གཞིས་ཀ་རྩེའི་པ་སྣམ་ཡུལ་དུ་སྐྱེས་ཤིང་། ཕྱིས་སུ་གདན་ས་ཆེན་མོ་འབྲས་སྤུངས་ཏུ་ཆོས་ཞུགས་གནང་སྟེ། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གི་བཙན་འཛུལ་ལ་ཕར་རྒོལ་གྱིས་སེར་དམག་ནང་ཞུགས་སྟབས། རྒྱ་གཞུང་གིས་ལོ་ངོ་ཧྲིལ་པོ་ ༣༣ རིང་བཙོན་ཁང་དུ་བཅུག་སྟེ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་ཡོད་པ་དང་། ཕྱི་ལོ་ ༡༩༩༢ ལོར་བཙོན་འཇུག་དུས་ཡུན་རྫོགས་ནས་བཙོན་གྲོལ་ཐོབ་རྗེས་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས། བཙན་བྱོལ་ནང་བཞུགས་པའི་རིང་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་དང་། སི་པན་རྒྱལ་སྤྱིའི་ཁྲིམས་ཁང་སོགས་ལ་བོད་ནང་རང་དབང་དང་དམངས་གཙོ་མེད་པའི་དངོས་ཡོད་གནས་སྟངས་ཁྲིམས་གཏུག་ཐེངས་མང་གནང་ཡོད་པ་མ་ཟད། རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ལ་རང་དབང་མེད་ཅིང་། བོད་ནང་གི་བོད་མི་རྣམས་མནར་གཅོད་ཀྱི་འོག་ནས་འཚོ་བཞིན་པ་སོགས་ཀྱི་སྐོར་ལ་མེ་ལྕེའི་འོག་གི་བོད་ཅེས་པའི་ཕྱག་དེབ་ཅིག་བོད་རིག་པའི་མཁས་དབང་ཚེ་རིང་ཤཀྱཱ་ལགས་དང་མཉམ་འབྲེལ་ཀྱིས་བརྩམས་གནང་ཡོད་པ་རེད། ད་ལྟའི་ཆར་དཔེ་དེབ་དེ་རྒྱ་ཡིག་དང་། ཧྥ་རན་སི། འཇར་མན་སོགས་སྐད་ཡིག་ ༢༠ ལྷག་གི་ནང་བསྒྱུར་ཚར་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་ཐོབ་ཐང་དང་དམངས་གཙོ་ཞེས་པའི་ཁེ་ན་ཌའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་ཁོང་ལ་ཇཱོན་ཧམ་ཧྥེ་རི་རང་དབང་གཟེངས་རྟགས་ཞེས་པའང་ཕུལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

The post ཆབ་སྲིད་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་ལགས་ཀྱི་སྙུང་གཞི་ཅུང་དྲག་ཏུ་ཕྱིན། appeared first on བོད་ཀྱི་དུས་བབ།.

གནས་གཅིག་ནས་འཕགས་བོད་རིག་གཞུང་འགྲེམས་སྟོན་བྱས་པར་དགོངས་སེལ་ཞུས།

$
0
0

ལྷོ་ཀོ་རི་ཡ་གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་སློབ་མའི་རིག་གཞུང་འགྲེམས་སྟོན་ཐོག་བོད་རིགས་སློབ་མ་ཚོས་བོད་ཀྱི་རིག་གཞུང་འགྲེམས་སྟོན་གནང་བར་རྒྱ་རིགས་ཚོས་སྐྱོན་འཛུགས་བྱས་ཏེ་དགོངས་སེལ་ཞུས།ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ལྷོ་ཀོ་རི་ཡ་གཙུག་ལག་སློབ་ཆེན་(Korea University)དུ་རྒྱལ་སྤྱིའི་སློབ་མའི་རིག་གཞུང་དུས་སྟོན་ཞིག་ཚོགས་ཡོད་པ་དང་། སྐབས་དེར་ཐའེ་ཝན་དང་ཧོང་ཀོང་། བོད་བཅས་ཀྱི་སློབ་ཕྲུག་ཚོས་སོ་སོའི་རིག་གཞུང་ལོགས་སུ་འགྲེམས་སྟོན་བྱས་ཡོད་པ་མ་ཟད། འགྲེམས་སྟོན་སྐབས་བོད་དང་རྒྱ་གར་གྱིས་སྤྱིལ་བུ་གཅིག་གི་ནང་རྒྱལ་དར་མཉམ་དུ་འཕྱར་བར་བརྟེན། ཕྱི་ཚེས་ ༡༥ ཉིན་ལྷོ་ཀོ་རི་ཡའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ལྷོ་ཀོ་རི་ཡ་གཞུང་དང་ཀོ་རི་ཡ་གཙུག་ལག་སློབ་ཆེན་ལ་སྐྱོན་འཛུགས་བྱས་ཡོད་པ་དང་། དེའི་རྗེས་ལྷོ་ཀོ་རི་ཡ་རྒྱལ་ཡོངས་རྒྱ་རིགས་སློབ་གཉེར་བའི་མཉམ་འབྲེལ་མཐུན་ཚོགས་ཀྱི་འཕྲིན་ཕྲན་ཐོག་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། གཙུག་ལག་སློབ་ཆེན་དེས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྡོག་རོལ་བཏང་ཡོད་པས་དགོངས་སེལ་ཞུ་དགོས་སྐོར་བརྗོད་ཡོད་པ་རེད།

འདི་གའི་གསར་འགོད་པས་མཐོ་སློབ་དེར་སློབ་སྦྱོང་བྱེད་བཞིན་པའི་དུས་སྟོན་ཐོག་གི་བོད་རིགས་སློབ་མ་ཞིག་ལ་དེའི་སྐོར་སྐད་ཆ་འདྲི་སྐབས། སྤྱིར་མཐོ་སློབ་དེར་རྒྱལ་ཁབ་འདྲ་མིན་མང་པོའི་སློབ་མ་ཡོད་པ་རེད་དེ། རྒྱལ་ཁབ་ ༢༥ ཡི་སློབ་མ་མཉམ་ཞུགས་བྱས་ཡོད་པ་རེད་ལ། དེ་ནི་ཆས་གོས་དང་རིག་གཞུང་གི་དུས་སྟོན་ཞིག་ཡིན་པ་ལས་ཆབ་སྲིད་དང་འབྲེལ་བ་ཡོད་པ་མ་རེད། བོད་རིགས་སློབ་ཕྲུག་ཚོས་བོད་ཆས་གྱོན་ཏེ་གཞས་དང་ཞབས་བྲོ་འཁྲབ་པ་དང་། བག་ཚ་མར་ཁུ་དང་འབྲས་སིལ་སོགས་བོད་ཟས་སྣ་ཚོགས་གཡོས་སྦྱོར་གྱིས་འགྲེམས་སྟོན་བྱས་པ་རེད། ད་ལྟ་རྒྱ་ནག་གཞུང་ཚབ་ཁང་དང་སློབ་གྲྭ་གཉིས་བར་སྐད་ཆ་ཞིག་འགྲོ་བཞིན་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ལྷོ་ཀོ་རི་ཡར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཆོས་རྒྱལ་སྐྱབས་ལགས་ཀྱིས། གནས་ཚུལ་དེའི་སྐོར་ལྷོ་ཀོ་རི་ཡའི་གསར་ཁང་གིས་སྤེལ་འདུག་ལ། དེའི་ནང་དུ་བོད་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་པར་རྒྱ་རིགས་སློབ་ཕྲུག་ཚོ་མ་དགའ་བར་རྣམ་འགྱུར་བསྟན་པ་དང་། རྒྱ་ནག་གཞུང་ཚབ་ཁང་དང་སློབ་ཕྲུག་ཚོས་མཐོ་སློབ་ཀྱི་ངོས་ནས་དགོངས་སེལ་ཞུ་དགོས་སྐོར་བྲིས་འདུག་པ་དང་། དེའི་འོག་ལ་དང་ཐོག་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་ཕྱིས་སུ་རྒྱ་ནག་གི་བཙན་དབང་འོག་ཤོར་བ་དེ་འདྲ་རེད་ཅེས་བརྙན་ཐུང་ཞིག་བཞག་འདུག་པ་དེ་ཡི་གེ་དང་མཉམ་དུ་འགྲེལ་བཤད་བྱས་འདུག དེར་མཆན་ ༢༠༠ མ་ཟིན་ཙམ་བཀོད་ཡོད་པ་ལས་མང་ཤོས་ཀྱིས་བོད་རང་བཙན་ཡིན་སྐོར་དང་ལ་ལས་རྒྱ་ནག་གིས་ག་རེ་བཤད་པ་དེ་ཀོ་རི་ཡའི་སློབ་གྲྭ་ཞིག་གིས་ཉན་དགོས་ཀྱི་མེད་པ་སོགས་མཆན་འགོད་མཁན་ཕལ་ཆེར་བརྒྱ་ཆའི་ ༡༠༠ ཐམ་པས་བོད་ཕྱོགས་རྒྱབ་སྐྱོར་ཀྱི་རྣམ་པ་འཛིན་གྱི་འདུག གནད་དོན་དེ་དང་འབྲེལ་ནས་ཡུལ་མི་མང་པོ་ཞིག་གིས་བོད་སྐོར་གྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱུང་ཡོད་པ་ཞིག་ཀྱང་མངོན་ཡོང་གི་འདུག ཅེས་བརྗོད་བྱུང་།

རྒྱ་རིགས་སློབ་མས་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་། བོད་རང་བཙན་གྱི་རྒྱལ་དར་རྒྱ་གར་རྒྱལ་དར་མཉམ་དུ་འདྲ་མཉམ་གྱིས་མི་མང་འཛོམས་སར་བཤམས་པར་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་བྱུང་ཡོད་པ་དང་། རྒྱ་མིའི་སེམས་ལ་རྨ་ཁ་བཟོས་པ། དེ་བཞིན་བོད་ཀྱི་རྒྱལ་དར་ནི་རང་བཙན་ལ་ཁ་ཕྱོགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཚོན་རྟགས་དར་ཆ་ཙམ་ཞིག་ཡིན་ཚུལ་སོགས་ཡོད་པ་རེད།

རིག་གཞུང་དུས་སྟོན་གྱི་ཉིན་དེར་སློབ་ཆེན་དེའི་འབྲེལ་མཐུད་ཚན་པའི་ལས་མི་ཞིག་གིས། བོད་དང་རྒྱ་གར་གཉིས་སྤྱིལ་བུ་གཅིག་གི་ནང་བཞག་པ་དེ་ནི་ས་གནས་དང་སློབ་མའི་གྲངས་འབོར་གཞིར་བཟུང་གིས་བཞག་པ་ལས་རྒྱལ་ཁབ་དང་ཆབ་སྲིད་ཀྱི་གནས་བབ་ལ་བལྟས་ནས་གང་ཡང་མིན། བོད་དང་རྒྱ་གར་ནས་སློབ་མ་མང་པོ་མེད་སྟབས། ཁོང་གཉིས་ལ་སྤྱིལ་བུ་ཁ་ཁ་ཡོད་ཀྱང་གཞི་གཅིག་ལ་བཞག་པ་རེད། ཅེས་དང་། མཐོ་སློབ་ངོས་ནས་དེར་བྱ་རྒྱུ་གང་ཡང་མེད་སྐོར་བརྗོད་ཡོད་ཀྱང་། ཕྱི་ཚེས་ ༡༦ ཉིན་གཙུག་ལག་སློབ་ཆེན་དེའི་རྒྱལ་སྤྱིའི་ཞབས་ཞུ་ལྟེ་གནས་ཁང་གིས། ཐེངས་འདིའི་གནད་དོན་གྱིས་རྒྱ་རིགས་སློབ་མ་ཚོར་གནོད་སྐྱོན་ཕོག་པར་དགོངས་སེལ་ཞུ་རྒྱུ་ཡིན་ལ། བོད་དང་རྒྱ་གར་གྱིས་གནས་གཅིག་ཏུ་རིག་གཞུང་འགྲེམས་སྟོན་བྱས་པ་དེ་ཆབ་སྲིད་ཀྱི་བྱ་འགུལ་གང་ཡང་མིན་པས། གནས་ཚུལ་འདིས་རྒྱ་རིགས་སློབ་གཉེར་བ་ཚོར་གནོད་སྐྱོན་ཐེབས་པ་ཞིག་བསམ་བློའི་ནང་འཁོར་མེད་སྐོར་བརྗོད་འདུག

ཀོ་རི་ཡའི་སློབ་ཆེན་སློབ་མའི་རྒྱལ་སྤྱིའི་རིག་གཞུང་དུས་སྟོན་དེ་ནི་ལོ་རེར་ཐེངས་རེར་འཚོགས་ཀྱི་ཡོད་འདུག་ལ། སྐབས་དེར་ཡུལ་ལུང་སོ་སོའི་སློབ་མ་ཚོས་རང་གི་ཆས་གོས་དང་ཟ་མ། ཐུན་མིན་གྱི་རིག་གཞུང་སྣ་ཚོགས་འགྲེམས་སྟོན་དང་ངོ་སྤྲོད་བྱེད་ཀྱི་ཡོད་འདུག མཐོ་སློབ་དེར་རྒྱལ་ཁབ་འདྲ་མིན་མང་པོའི་སློབ་མ་ཁྱོན་ཁྲི་ ༣ ཙམ་འདུག་ལ་ཐེངས་འདིར་རྒྱལ་ཁབ་ ༢༥ ཡིས་མཉམ་ཞུག་བྱས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

The post གནས་གཅིག་ནས་འཕགས་བོད་རིག་གཞུང་འགྲེམས་སྟོན་བྱས་པར་དགོངས་སེལ་ཞུས། appeared first on བོད་ཀྱི་དུས་བབ།.

རྒྱ་རི་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གནང་།

$
0
0

ཕྱོགས་བཞི་དང་མཚམས་བཞི་བཅས་དཀྱིལ་འཁོར་ཁག་བརྒྱད་བཞེངས་ཏེ་རྒྱ་རི་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གནང་ཡོད་པ་རེད།དེ་རིང་བོད་ཟླ་བཅུ་པའི་ཚེས་བཅུ་ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༡༥ ཐོག་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དགོན་དུ། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་གི་སྐུ་གདུང་དགེ་འདུན་པ་དང་སྐུ་མགྲོན་གྱིས་སྤོས་སྣ་དྲངས་ཏེ། བླ་བྲང་ནས་ཞུགས་འབུལ་ཞུ་ཡུལ་དུ་གདན་འདྲེན་ཞུས་ཡོད་པ་དང་། དེ་ནས་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་སེར་སྐྱ་མི་མང་ནས་སྐུ་གདུང་ལ་མཇལ་དར་བསྒྲོན་རྗེས་ཞུགས་འབུལ་གནང་ཡོད་པ་རེད།  རིན་པོ་ཆེའི་འདས་མཆོད་འདི་ལོའི་ཕྱི་ཟླ་  ༡༢ ཚེས་  ༡༧ ཉིན་བར་དུ་གནང་བཞིན་ཡོད་འདུག

སྐུ་ཕུང་ཞུགས་འབུལ་སྐབས་ཤར་དུ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་ནས་ཐུགས་རྗེ་ཆེན་པོའི་སྦྱིན་སྲེག་དང་། ཤར་ལྷོ་རུ་སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་དབུ་བཞུགས་ཀྱིས་སྨིན་གྲྭ་ཁག་གཅིག་ནས་རྡོར་སེམས་ཀྱི་སྦྱིན་སྲེག ལྷོ་རུ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་དཔལ་ཡུལ་གྲྭ་ཚང་ནས་ཀར་གླིང་ཞི་ཁྲོའི་སྦྱིན་སྲེག ལྷོ་ནུབ་ཏུ་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་དང་དཔལ་ཡུལ་ཆོས་འཁོར་གླིང་གི་དགེ་འདུན་པས་ཞི་ཁྲོའི་སྦྱིན་སྲེག ནུབ་ཏུ་མཆོག་གླིང་རིན་པོ་ཆེ་དབུས་པའི་མཆོག་གླིང་གྲྭ་ཚང་གིས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྦྱིན་སྲེག ནུབ་བྱང་དུ་ཁྲོམ་དགེ་འཇིགས་མེད་རིན་པོ་ཆེ་དབུ་བཞུགས་ཀྱིས། དགོན་སྡེ་ཁག་ནས་ཕེབས་པའི་ཉག་རོང་གི་དགེ་འདུན་པས་སྐུ་གསུམ་དགོངས་འདུས་ཀྱི་སྦྱིན་སྲེག བྱང་དུ་གནས་ཆུང་སྐུ་རྟེན་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་ནས་བདེ་གཤེགས་ཀུན་འདུས་ཀྱི་སྦྱིན་སྲེག བྱང་ཤར་དུ་ཞེ་ཆེན་རབ་འབྱམས་དབུ་བཞུགས་ཐོག་སྨིན་གྲྭ་ཁག་གཅིག་ནས་དཔལ་རྡོ་རྗེ་སེམས་དཔའི་སྦྱིན་སྲེག་བཅས། ཕྱོགས་བཞི་དང་མཚམས་བཞི་བཅས་དཀྱིལ་འཁོར་ཁག་བརྒྱད་བཞེངས་ཏེ་སྐུ་གདུང་ཞུགས་འབུལ་གནང་ཡོད་པ་རེད།

The post རྒྱ་རི་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་གནང་། appeared first on བོད་ཀྱི་དུས་བབ།.

གྲོས་ཆོད་མེད་པའི་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་འདུ་གྲོལ།

$
0
0

ཨ་རི་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་གི་རྩོད་རྙོག་འོག་འདི་ལོའི་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་འདུར་གྲོས་ཆོད་འཇོག་ཐུབ་མེད་པ་རེད།དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༡༨ བར་ཨོ་སི་ཊོ་ལི་ཡའི་ལྷོ་ནུབ་མཚམས་ཀྱི་(PNG)གླིང་ཕྲན་དུ། ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་འདུ་ཐེངས་ ༣༠ པ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་འཛམ་གླིང་རྒྱལ་ཁབ་ ༢༡ མཉམ་ཞུགས་བྱས་ཏེ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཚོ་ཁུལ་བརྟན་ལྷིང་དང་ཞི་བདེ། ཚོང་འབྲེལ་རང་དབང་སྲུང་སྐྱོབ་དང་། མཉམ་འབྲེལ་ཚོང་ལས་གོང་འཕེལ་གྱིས་མདུན་སྐྱོད་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་གླེང་སློང་བྱས་སྐབས། ཚོགས་ཐོག་ནས་ཨ་རིས་རྒྱ་ནག་གིས་འཛམ་གླིང་གི་ཚོང་འབྲེལ་སྒྲིག་སྲོལ་ལ་བརྩི་སྲུང་མ་བྱས་པར་དྲང་བདེན་མིན་པའི་ཚོང་འབྲེལ་སྲིད་བྱུས་བེད་སྤྱོད་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གིས་ཚོགས་ཐོག་ནས་ལན་འདེབས་བྱས་མེད་ནའང་། ཨ་རིའི་སྐྱོན་བརྗོད་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན་སྐོར་བཤད་དེ་གྲོས་ཆོད་གཏན་འབེབ་ཡོང་ཐབས་མེད་པའི་རྣམ་འགྱུར་བསྟན་པར་བརྟེན། ཐེངས་འདིའི་དཔལ་འབྱོར་ཚོགས་འདུའི་ཐོག་གྲོས་ཆོད་གང་ཡང་འཇོག་ཐུབ་མེད་པ་རེད་ལ། ད་རེས་ནི་ཉེ་བའི་ལོ་ངོ་༣༠ མ་ཟིན་ཙམ་གྱི་རིང་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་འདུར་གྲོས་ཆོད་འཇོག་མ་ཐུབ་པ་ཐོག་མ་དེའང་ཆགས་ཡོད་པ་རེད།

ཚོགས་འདུའི་ཐོག་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་ལགས་ཀྱིས།  རྒྱ་ནག་གིས་འདས་པའི་ལོ་ངོ་མང་པོའི་རིང་བཟོ་ཚོང་དང་ཚོང་འབྲེལ་གྱི་ཁྲིམས་འགལ་སྲིད་བྱུས་ལག་བསྟར་བྱས་ཏེ། ཁྲོམ་རའི་ནང་ཨ་རིའི་བཟོ་གྲྭ་ཁག་གི་ཚོང་འབྲེལ་གྱི་ལམ་ཁ་ཡོངས་རྫོགས་བཀག་ཡོད་པར་བརྟེན། རྒྱ་ནག་གིས་ལོ་མང་རིང་ཨ་རི་བརྒྱུད་ཁེ་སྤོགས་ཟ་ཡི་ཡོད་པའི་དུས་ཚོད་ད་ནས་མཇུག་རྫོགས་པ་མ་ཟད།  རྒྱ་ནག་གིས་དྲང་བདེན་མིན་པའི་བཟོ་ཚོང་སྲིད་བྱུས་བཅོས་སྒྱུར་མ་བཏང་བར་ཨ་རིས་རྒྱ་ནག་ལྷན་དུ་ཚོང་འབྲེལ་འཐབ་འཁྲུག་མུ་མཐུད་རྒྱག་གི་ཡིན། ཞེས་བརྗོད་ཡོད་པ་རེད།

དེ་རིང་རྒྱ་ནག་གིས་གཞུང་འབྲེལ་གོ་ལའི་དུས་བབ་ནང་ཨ་རིར་ལན་འདེབས་བྱས་ཡོད་པའི་ནང་། ད་ལོར་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་འདུར་གྲོས་ཆོད་འཇོག་མ་ཐུབ་པ་ནི་ཧང་སང་དགོས་པའི་གནས་སྟངས་ཤིག་མིན་ལ།  ཨ་རིས་རྒྱ་ནག་ནས་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་ཁྲིམས་རྩིས་མེད་གཏོང་གི་ཡོད་པའི་སྐྱོན་བརྗོད་དེ་ནི་རྫུན་མ་ཡིན་པ་མ་ཟད།  རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་སྟབས། ཨ་རིས་རྒྱལ་སྤྱིའི་སྡིངས་ཆའི་ནང་དེ་སྐྱོན་ལ་བཟོས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་གཏོགས། རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཕན་ཐོགས་བྱས་པ་དང་སོ་སོས་དཀའ་ལས་བརྒྱབས་པའི་འབྲས་བུར་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ཕྱིན་ཡོད་པ་ཚོར་ཡོད། ཅེས་ལན་འདེབས་བྱས།

བྷི་བྷི་སི་གསར་ཁང་གི་དེའི་སྐོར་གྱི་གསར་འགྱུར་ནང་།  ཨ་རིས་རྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་ཁག་ནི་དམར་ཤོག་ཚོགས་པ་རང་གི་རྐང་པ་ལྟ་བུ་ཡིན་སྟབས། ཁོ་ཚོས་བཟོ་གྲྭ་དེ་དག་སྲུང་སྐྱོབ་བྱེད་པར་ཨ་རིའི་བཟོ་གྲྭ་ཁག་བེད་སྤྱོད་གཏོང་གི་ཡོད་པ་དང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ནི་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་མ་དངུལ་གཡར་ཏེ་འཛུགས་སྐྲུན་གྱི་ལས་གཞི་ཁེ་གཉེར་བྱེད་བཞིན་ཡོད་ནའང་། འཛུགས་སྐྲུན་བྱས་ཡོད་པ་ཚང་མ་རྒྱུ་སྤུས་ཞན་སྟབས་མགྱོགས་པོ་ཆག་སྐྱོན་བྱུང་གི་ཡོད་པ་སོགས་གཞན་ལ་མགོ་སྐོར་བཏང་སྟེ་བུ་ལོན་ནང་གཡུག་ཐབས་ཤིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་ཨ་རིས་གླེང་བཞིན་པའི་གནད་དོན་དེ་དག་བདེན་པ་མིན་པ་མ་ཟད། ཨ་རིས་རྒྱ་ནག་འཛམ་གླིང་གི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཞིག་ཏུ་གྱུར་བར་ཐབས་ལམ་སྣ་ཚོགས་བརྒྱུད་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་སྐོར་སོགས་བཀོད་འདུག

ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་འཐབ་འཁྲུག་ཁྲོད། ད་སྔ་བར་ཨ་རིས་རྒྱ་ནག་གི་ཚོང་ཟོག་ཁག་གི་ཐོག་དཔྱ་ཁྲལ་སྤར་ཏེ་ཁྱོན་ཨ་སྒོར་ཐེར་འབུམ་ ༢༥༠ ཚོང་འཐབ་བྱས་ཡོད་པ་དང་། རྒྱ་ནག་གིས་ཨ་རིར་ཁྱོན་ཨ་སྒོར་ཐེར་འབུམ་ ༡༡༠ ཚོང་འཐབ་བྱས་ཡོད་འདུག་ལ། ཨ་རིའི་སྲིད་འཛིན་ཊོམ་ཕུས་འབྱུང་འགྱུར་ལོའི་ཕྱི་ཟླ་དང་པོ་ནས་རྒྱ་ནག་གི་ཚོང་ཟོག་ཁག་གི་དཔྱ་ཁྲལ་བརྒྱ་ཆ་ ༡༠ ནས་ ༢༥ བར་སྤར་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། རྒྱ་ནག་གིས་ཀྱང་གཅིག་མཚུངས་དཔྱ་ཁྲལ་སྤར་རྒྱུ་ཡིན་སྐོར་སོགས་རྒྱལ་ཁབ་གཉིས་པར་གྱི་ཚོང་འབྲེལ་འཐབ་འཁྲུག་གི་གནས་སྟངས་ཛ་དྲག་ཏུ་གཏང་སྲིད་པའི་གནས་སྟངས་ཆགས་ཡོད་པ་རེད།

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། འདི་ལོའི་ལྷོ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ཚོགས་འདུའི་ཐོག་གི་གནད་དོན་གལ་ཆེན་ཞིག་ནི། ཨོ་སི་ཊོ་ལི་ཡི་དང་ཨ་རི་གཉིས་ནས་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༡།༧ བཏང་སྟེ། པྰ་པོའོ་ནེའུ་གྷ་ནེ་ཡ་གླིང་ཕྲན་དུ་དམག་སྦྱོང་ལྟེ་གནས་ཁང་ཞིག་རྒྱ་སྐྱེད་གཏོང་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་དང་།  ཆབ་སྲིད་དཔྱད་བརྗོད་པ་ཚོས་དམག་སྦྱོང་ལྟེ་གནས་དེ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྒྱ་ནག་གིས་བཙན་བཟུང་བྱེད་བཞིན་པའི་ཉ་འཛིན་གླིང་ཕྲན་(钓鱼岛)གཙོས་རྒྱ་ནག་གི་དམག་ཤུགས་སྤྱི་ལ་ཁ་གཏད་གཅོག་ཐབས་ཤིག་ཡིན་སྐོར་སོགས་བརྗོད་ཡོད་འདུག

ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ལྷན་ཚོགས་དེ་ལོ་རེར་ཐེངས་རེ་ཚོགས་ཀྱི་ཡོད་པ་དང་། ཚོགས་འདུའི་ནང་རྒྱལ་ཁབ་དང་དམིགས་བསལ་འཛིན་སྐྱོང་གི་གཞུང་སོགས་ཚོགས་མི་ཁྱོན་༢༡ ཡོད་འདུག་ལ། ཚོགས་འདུའི་དམིགས་ཡུལ་ནི། ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཁག་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༣༠༠༠ ལྷག་གི་ཚོང་རྒྱག་གི་ཡོད་པ་དག་སྲུང་སྐྱོབ་བྱས་ཏེ། སྔར་ལྷག་ཚོང་འབྲེལ་རང་དབང་སྒོ་འབྱེད་དང་འདྲ་མཉམ། ཞི་བདེ་ཡོང་ཐབས་བྱ་རྒྱུ་དེ་ཡིན་ཞིང་། ཚོགས་པ་དེ་ཕྱི་ལོ་ ༡༩༨༠ ལོར་ཐོག་མར་བཙུགས་ཏེ་ད་བར་ཚོགས་འདུ་རིམ་པ་༣༠ ཚོགས་མྱོང་བ་རེད། ལོ་རྗེས་མའི་དཔལ་འབྱོར་ཚོགས་འདུ་དེ་ལྷོ་ཨ་མི་རི་ཁའི་སྤྱི་མཐུན་རྒྱལ་ཁབ་ཆི་ལིའི་ནང་འཚོག་རྒྱུ་གཏན་འཁེལ་ཡོད་འདུག

གསར་འགོད་པ།  སྐལ་བཟང་སྦྱིན་པ།

The post གྲོས་ཆོད་མེད་པའི་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་ཚོགས་འདུ་གྲོལ། appeared first on བོད་ཀྱི་དུས་བབ།.

ཆབ་སྲིད་རྙོག་དྲའི་ནང་ལྷུང་བའི་གསེར་གྱི་རྟ་མཆོག

$
0
0

ཐའེ་ཝན་ཉི་དགའ་མེ་ཏོག་གསར་བརྗེ་ལས་འགུལ་སྐོར་གྱི་དངོས་བཤུས་གློག་བརྙན་ལ་འདི་ལོའི་གསེར་གྱི་རྟ་མཆོག་རྟགས་མའི་དངོས་བཤུས་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ།
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་གྱི་དགོང་མོར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པའེ་རུ། ཕྱི་ལོ་ ༢༠༡༨ ལོའི་ཐའེ་ཝན་གསེར་གྱི་རྟ་མཆོག་རྟགས་མའི་གློག་བརྙན་དུས་སྟོན་ཐེངས་ ༥༥ པ་དེ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་བྱ་དགའ་ཐོབ་མཁན་ཚོས་གཏམ་བཤད་གནང་སྐབས། ཐའེ་ཝན་མཚོ་གླིང་གི་རང་བཙན་དང་རྒྱ་ནག་གི་ཐའེ་ཝན་སོགས་ཀྱི་སྐད་ཆ་བྱུང་སྟེ་ཆབ་སྲིད་ཀྱི་རྙོག་ཟིང་ཁྲོད་དུས་སྟོན་མཇུག་བསྡུ་དགོས་བྱུང་ཡོད་འདུག

ད་ལོའི་གསེར་གྱི་རྟ་མཆོག་རྟགས་མའི་དངོས་བཤུས་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐའེ་ཝན་གྱི་བུད་མེད་ཧྥོ་ཡེ(Fu Yue)ལ་ཐོབ་ཡོད་པ་དང་། མོའི་དངོས་བཤུས་གློག་བརྙན་གྱི་མིང་ལ་ཐའེ་ཝན་གྱི་ན་གཞོན་ཚོ་ཞེས་གཏགས་ཡོད་འདུག  གློག་བརྙན་གྱི་ནང་དོན་གཙོ་བོ་ནི་ཕྱི་ལོ་ ༢༠༡༤ ལོའི་ཐའེ་ཝན་ཉི་དགའ་མེ་ཏོག་གི་གསར་བརྗེ་ལས་འགུལ་སྐོར་ཡིན་པ་དང་། གཏམ་བཤད་སྐབས་མོས་ནམ་ཞིག་ཐའེ་ཝན་མཚོ་གླིང་དེ་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་གཙང་མ་བྱུང་རྒྱུ་ནི་མོ་རང་གི་རེ་བ་ཉག་གཅིག་ཡིན་སྐོར་བརྗོད་ཡོད་སྟབས། གཏམ་བཤད་དེ་བྱས་རྗེས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་མཉམ་ཞུགས་པ་ཚོས་ངོ་རྒོལ་གྱི་ཚུལ་དུ་ཚོགས་འདུརནཞུགས་ཀྱི་མིན་སྐོར་བརྗོད་དེ་ཐའེ་ཝན་ནས་ཕྱིར་ལོག་བྱས་ཡོད་འདུག

གཞན་ཡང་། ད་ལོའི་གློག་བརྙན་འཁྲབ་སྟོན་གྱི་བྱ་དགའ་ཡག་ཤོས་རྒྱ་ནག་སྐམ་ས་ཆེན་མོའི་གློག་བརྙན་འཁྲབ་སྟོན་པ་ཐུའུ་མན་(Tu Men)ལ་ཐོབ་ཡོད་པ་དང་། ཁོས་གཏམ་བཤད་སྐབས་དེ་རིང་རྒྱ་ནག་ཐའེ་ཝན་དུ་ཁོ་རང་ལ་བྱ་དགའ་དེ་ཐོབ་པར་དགའ་བོ་བྱུང་ལ། རྒྱ་ནག་དང་ཐའེ་ཝན་གཉིས་ནི་ནམ་ཡང་ནང་མི་ཡིན་སྐོར་བརྗོད་དེ་ཕྱོགས་གཉིས་ཀྱི་བར་ཆབ་སྲིད་ཀྱི་ཚིག་བརྗོད་མི་མཐུན་པ་བེད་སྤྱོད་གཏོང་རེས་དང་། རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་བའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀོང་ལི་(Gong Li)ཡིས་གར་སྟེགས་སྟེང་ཐེངས་འདིར་གློག་བརྙན་དུས་སྟོན་དེ་ཡག་པོ་བྱུང་མ་ཐུབ་པ་དེ་ཐའེ་ཝན་གྱི་དངོས་བཤུས་གློག་བརྙན་དེར་ཐོབ་པ་ནས་བྱུང་བ་ཡིན་སྐོར་སོགས་བརྗོད་ཡོད་འདུག

ད་ལན་ཆབ་སྲིད་ཀྱི་རྙོག་ཟིང་བསླངས་བ་དེས་ལོ་རྗེས་མའི་གློག་བརྙན་དུས་སྟོན་ཐད་སེམས་འཚབ་ཆེན་པོ་སྐྱེས་བཞིན་ཡོད་པ་དང་། གློག་བརྙན་དུས་སྟོན་གོ་སྒྲིག་ཚོགས་པའི་ངོས་ནས་གནད་དོན་དེའི་ཐད་གང་ཡང་བཤད་མེད་ན་ཡང་། རྟ་མཆོག་བྱ་དགའི་ཚོགས་མི་ཡིན་པའི་རྒྱ་ནག་སྐམ་ས་ཆེན་མོའི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཆེན་ཨན་ལི་(Ang Lee)ཡིས་གློག་བརྙན་དུས་སྟོན་དེ་ལོ་རྗེས་མར་ཚོགས་ཐུབ་མིན་ལ་སེམས་འཚབ་ཆེན་པོ་ཡོད་ལ། གློག་བརྙན་དུས་སྟོན་ཐོག་ཆབ་སྲིད་ཀྱི་རྙོག་ཟིང་འཁུར་མི་ཡོང་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

དེ་བཞིན་ཐའེ་ཝན་མཚོ་གླིང་གི་སྲིད་འཛིན་ལྕམ་ཚའེ་ཡེན་ཝིན་(Tsai Ing-wen)གྱིས་གནད་དོན་དེའི་ཐད་སྒེར་གྱི་ངོ་དེབ་སྟེང་།  ཐའེ་ཝན་གྱིས་ནམ་ཡང་རྒྱ་ནག་གི་ཐའེ་ཝན་ཞེས་པའི་ཚིག་དེ་ངོས་ལེན་བྱེད་ཀྱི་མིན་ལ། ཐའེ་ཝན་ནི་རྒྱ་ནག་མ་ཡིན་པར་ཐའེ་ཝན་རྒྱལ་ཁབ་ཅིག་ཡིན་ལ། རྟ་མཆོག་རྟགས་མའི་ཐོག་ནས་ཐའེ་ཝན་ནི་རང་དབང་དང་སྣ་ཚོགས་རང་བཞིན་ཅན་ཞིག་ཡིན་པ་མངོན་ཡོད་པ་དང་། གནད་དོན་དེ་ཡིས་རྒྱ་ནག་དང་ཐའེ་ཝན་གྱི་ཁྱད་པར་དབྱེ་ཐུབ་ཀྱི་ཡོད་པ་མ་ཟད། ཐའེ་ཝན་ནང་དུ་སྒྱུ་རྩལ་ལས་རིགས་ལ་རང་དབང་ཡོད་པ་མངོན་ཡོད་པས་མོ་རང་སྤོབས་པ་ཆེན་པོ་སྐྱེས་ཡོད་སྐོར་བརྗོད་འདུག

བྷི་བྷི་སི་གསར་ཁང་གི་སྤེལ་བའི་གནས་ཚུལ་ནང་། གློག་བརྙན་དུས་སྟོན་དེས་འདས་པའི་དུས་ཚོད་ནང་རྒྱ་སྐད་ཀྱི་ལམ་ནས་འཁྲབ་པའི་གློག་བརྙན་ཡག་ཤོས་མང་པོ་ཞིག་མཉམ་གཅིག་ཏུ་ཚོགས་བཞིན་ཡོད་པ་དང་། ཁོ་ཚོས་ད་ལྟ་བར་མི་མངོན་པའི་ཚུལ་གྱིས་ཆབ་སྲིད་དང་གཡོལ་ཐབས་བྱས་ཡོད་ཀྱང་། ད་ལོར་གཡོལ་ཐུབ་མེད་ལ། ལོ་རྗེས་མའི་གློག་བརྙན་དུས་སྟོན་དེ་ག་འདྲ་ཞིག་བྱུང་མིན་གློག་བརྙན་དུས་སྟོན་དེར་མཉམ་ཞུགས་མཁན་ཚོས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ད་ལོའི་གསེར་གྱི་རྟ་མཆོག་རྟགས་མའི་གློག་བརྙན་དུས་སྟོན་ཐོག བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་<<ལག་དམར>>ཞེས་པ་དེ་འཁྲབ་འཁྲིད་པ་ཡག་ཤོས་དང་འཁྲབ་གཞུང་སྒྲིག་བཟོ་ཡག་ཤོས་ཀྱི་ངོས་ནས་ཚུད་ཡོད་པ་དང་།  ཕྱི་ལོ་ ༢༠༡༥ ལོར་གློག་བརྙན་ཐར་ལོ་ལ་འཁྲབ་གཞུང་ཡག་ཤོས་ཀྱི་རྟ་མཆོག་བྱ་དགའ་ཐོབ་ཡོད་པ་རེད།

པདྨ་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་དུས་སྟོན་ཐོག་<<ལག་དམར>>ཞེས་པའི་གློག་བརྙན་སྐོར་ལ་གཏམ་བཤད་གནང་སྐབས། གློག་བརྙན་འདི་ཕྱི་ཚུལ་ཙམ་ནས་བལྟས་ན་དགྲ་ཤ་ལེན་པའི་གཏམ་རྒྱུད་ཅིག་དང་འདྲ་ནའང་། དོན་དངོས་སྟེང་བརྗོད་བཞིན་པ་ནི་མི་སྒེར་གྱི་སད་རྟོགས་དང་བློས་གཏོང་ཡིན་ལ། ང་རང་གི་རེ་བ་དང་དམིགས་ཡུལ་དེ་མི་སྒེར་གྱི་རྟོགས་སད་དང་མི་རིགས་ཀྱི་རྟོགས་སད་ཁྱབ་སྤེལ་བྱེད་རྒྱུ་དེ་ཡིན་ཞེས་སོགས་བརྗོད་འདུག

གསེར་གྱི་རྟ་མཆོག་རྟགས་མ་ལོ་རེ་བཞིན་ཕྱི་ཟླ་ ༡༡ དང་ ༡༢ ནང་ཐའེ་ཝན་རྒྱལ་ས་རུ་ཚོགས་བཞིན་ཡོད་པ་དང་། དེ་ནི་ད་བར་ཨེ་ཤ་ཡའི་ནང་ཚོགས་བཞིན་པའི་གློག་བརྙན་དུས་སྟོན་གྱི་བྱ་དགའ་ཆེ་ཤོས་ཤིག་ཆགས་ཡོད་པས། ཨེ་ཤ་ཡའི་ཨོ་སི་ཁཱར་གློག་བརྙན་བྱ་དགའ་ཞེས་ཀྱང་འབོད་ཀྱི་ཡོད་འདུག གློག་བརྙན་དུས་སྟོན་དེའི་ཐོག་དངོས་བཤུས་གློག་བརྙན་རྩེ་གྲས་དང་། འཁྲབ་ཁྲིད་པ་རྩེ་གྲས། འཁྲབ་གཞུང་རྩེ་གྲས། བརྙན་ཕབ་རྩེ་གྲས་སོགས་ཀྱི་བྱ་དགའ་སྤྲོད་བཞིན་ཡོད་པ་དང་། གློག་བརྙན་དུས་སྟོན་དེ་ཕྱི་ལོ་ ༡༩༦༢ ལོར་ཐའེ་ཝན་རྒྱལ་ཡོངས་དྲིལ་བསྒྲགས་ལས་ཁུངས་ཀྱིས་གསར་འཛུགས་བྱས་ཡོད་ན་ཡང་། ཕྱི་ལོ་ ༡༩༩༠ ལོ་ནས་གློག་བརྙན་དུས་སྟོན་དེ་ཐའེ་ཝན་(Motion Picture Development Foundation)མཐུན་འགྱུར་འོག་ཚོགས་ཀྱི་ཡོད་པ་དང་། གློག་བརྙན་དུས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་གློག་བརྙན་བཟོ་སྐྲུན་པ་དང་གློག་བརྙན་འཁྲབ་འཁྲིད་པ། འཁྲབ་གཞུང་རྩོམ་པ་པོ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་དང་། དུས་སྟོན་དེ་བརྒྱུད་གློག་བརྙན་ཐད་བསམ་ཚུལ་བརྗེ་རེས་དང་སེམས་ཤུགས་སྤར་བ་སོགས་ཀྱི་ཆེད་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post ཆབ་སྲིད་རྙོག་དྲའི་ནང་ལྷུང་བའི་གསེར་གྱི་རྟ་མཆོག appeared first on བོད་ཀྱི་དུས་བབ།.

གངས་ཅན་སྐྱིད་གཤོངས་ཀྱི་རྒྱལ་སྒོ་བརྒྱབ་མི་ཆོག་ཟེར་གྱི་འདུག

$
0
0

བོད་མིའི་སྒྲིག་འཛུགས་ཀྱིས་གངས་ཅན་སྐྱིད་གཤོངས་ནང་ལོགས་སུ་རླངས་འཁོར་འགྲོ་འོང་སྟངས་འཛིན་ཆེད་གངས་སྐྱིད་ཀྱི་ཕྱི་སྒོར་ལྕགས་སྒོ་རྒྱག་འཆར་ཡོད་ཀྱང་ཡུལ་མི་གླ་འཁོར་གཏོང་མཁན་ཚོས་ངོ་རྒོལ་བྱེད་ཀྱི་འདུགབོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ནང་ལོགས་སུ་རླངས་འཁོར་འགྲོ་འོང་ལ་སྟབས་བདེ་དང། འགྲིམ་འགྲུལ་སྟངས་འཛིན་ཡོང་ཆེད་གངས་སྐྱིད་ཀྱི་ཕྱི་སྒོར་ལྕགས་སྒོ་ཞིག་རྒྱག་འཆར་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན། ས་གནས་ཀྱི་གླ་འཁོར་གཏོང་མཁན་རྒྱ་གར་བ་སྐོར་ཞིག་གིས་ལྕགས་སྒོ་བརྒྱབ་མི་ཆོག་ཅེས་ངོ་རྒོལ་བྱས་ཡོད་པ་མ་ཟད། ལས་འཆར་དེ་ཁྲིམས་མཐུན་མིན་ཚུལ་བརྗོད་ནས་ས་གནས་གྲོང་སྡེ་ལྷན་ཁང་ལ་ཞུ་གཏུག་བྱས་ཡོད་པ་དང་། གྲོང་སྡེ་ལྷན་ཁང་ནས་ཆེད་མངག་ཡུལ་དངོས་ལ་རྟོག་ཞིབ་གནང་སྟེ་གྲོས་བསྡུར་གནང་བཞིན་པ་རེད་འདུག་ལ། འཆར་གཞི་དེ་གནས་སྐབས་རིང་འཇོག་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་བླ་ཆེན་ཁག་གི་ལྷན་ཚོགས་མ་འཚོགས་གོང་ནས་རྒྱལ་སྒོའི་ལས་འཆར་དེ་འགྲུབ་ཐུབ་པའི་རེ་བ་གནང་གི་ཡོད་པས། གྲོང་སྡེ་ལྷན་ཁང་ནས་ཐག་གཅོད་གང་མགྱོགས་གནང་རྒྱུ་དང་། གལ་ཏེ་ལྕགས་སྒོ་བརྒྱབ་རྒྱུའི་ཆོག་མཆན་མ་གནང་ཚེ། རླངས་འཁོར་སྟངས་འཛིན་བྱེད་རྒྱུའི་གཞུང་འབྲེལ་ཆོག་མཆན་ཞིག་དང་། འགྲིམ་འགྲུལ་ཉེན་རྟོག་པ་ཞིག་ཀྱང་གྲ་སྒྲིག་གནང་དགོས་པའི་རེ་འདུན་བཏོན་ཡོད་འདུག

སྤྱིར་བཏང་གངས་སྐྱིད་ཡུལ་མི་རྣམས་ཀྱི་ཆེད་དུ་རྒྱ་གར་གཞུང་རང་ནས་བོད་ཀྱི་དཔེ་མཛོད་ཁང་གི་རྒྱབ་ལོགས་ནས་ལམ་ཁ་ཞིག་གསར་བཟོ་བྱས་ཡོད་ཀྱང་། ཡུལ་མི་གླ་འཁོར་གཏོང་མཁན་ཕལ་ཆེ་བས་གངས་སྐྱིད་ཀྱི་ལམ་བུ་རང་སྤྱོད་བཞིན་ཡོད་སྟབས། གངས་སྐྱིད་ནང་འགྲིམ་འགྲུལ་འགྲོ་འོང་གི་དཀའ་ངལ་སེལ་ཆེད། བོད་མིའི་སྒྲིག་འཛུགས་ནས་གླ་འཁོར་གཏོང་མཁན་ཚོར་དཔེ་མཛོད་ཁང་གི་རྒྱབ་ཕྱོགས་ཀྱི་ལམ་ཁ་དེར་གླ་འཁོར་འཇོག་ས་ཞིག་ཀྱང་མཐུན་འགྱུར་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལྷན་ལས་ཁུངས་ཀྱི་དྲུང་འཕར་ཚེ་དབང་རྒྱལ་པོ་ཨརྱ་ལགས་སུ་ལྕགས་སྒོ་བརྒྱབ་དགོས་དོན་གང་ཡིན་སོགས་དྲིས་པར་ཁོང་གིས། སྤྱིར་དེང་སྐབས་ང་ཚོས་གངས་སྐྱིད་ཀྱི་ལས་ཁུངས་ཁག་དང་ལམ་ཁ་རྣམས་ཉམས་བཟོ་བྱེད་བཞིན་ཡོད་པ་དང་། གངས་སྐྱིད་ཀྱི་ར་བ་དེ་ཆུང་ཆུང་ཡིན་པས། ནམ་རྒྱུན་ནས་རླངས་འཁོར་འགྲིམ་འགྲུལ་གྱི་ཐད་ནས་དཀའ་ངལ་རབ་དང་རིམ་པ་འཕྲད་བཞིན་ཡོད་པ་དང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་འགྲེམ་སྟོན་ཁང་འགོ་བརྩམས་རྗེས། ཕྱི་མི་མང་པོ་ཕེབས་ངེས་ཡིན་པ་དང་། ཕྱོགས་གཞན་ནས་གཞུང་འཁོར་དང་། ལས་བྱེད་པའི་སྦག་སྦག སྒེར་ཕེབས་སྦག་སྦག ཡུལ་མིའི་སྦག་སྦག་སོགས་མང་པོ་ཞིག་ལམ་བུ་ཆུང་ཆུར་དེར་འཚང་ཁ་ཐེབས་ཏེ། འགྲིམ་འགྲུལ་ཐད་ལ་སྔར་བས་འགོག་རྐྱེན་དང་མགོ་རྙོག་ཆེ་བ་འབྱུང་ངེས་ཡིན་སྟབས། རླངས་འཁོར་དང་སྦག་སྦག་འགྲོ་འོང་ལ་སྟངས་འཛིན་བྱེད་ཆེད་ལྕགས་སྒོ་ཞིག་དང་སྒོ་སྲུང་བ་ཞིག་འཇོག་རྒྱུ་བྱས་ཡོད་ཀྱང་། ཟླ་འདིའི་ཚེས་ ༣ ཉིན་གངས་སྐྱིད་གཡས་གཡོན་གྱི་ཡུལ་མི་གླ་འཁོར་གཏོང་མཁན་ ༣༠ ལྷག་གིས་ལྕགས་སྒོ་བརྒྱབ་མི་ཆོག་ཟེར་ནས་ངོ་རྒོལ་བྱས་ཡོད་པ་རེད། འདི་གའི་ལས་བྱེད་ཅིག་གིས་ཤེས་རྟོགས་བྱུང་བ་ལྟར་ན། ངོ་རྒོལ་བའི་ནང་གནད་དོན་དེའི་སྐོར་གང་ཡང་མི་ཤེས་མཁན་གྱི་ཡུལ་མི་རྒས་པོ་ཞིག་ཀྱང་ཡོད་འདུག དེ་ནི་ཁོ་ཚོས་མི་རེ་འགའི་འདོད་པ་དེ་མི་མང་པོའི་འདོད་པ་ཡིན་ཚུལ་གྱི་རྣམ་པ་ཙམ་སྟོན་པའི་ཆེད་དུ་རེད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ང་ཚོས་ལྕགས་སྒོ་བརྒྱབ་སྟེ་ཡུལ་མི་དང་ཡུལ་མིའི་གླ་འཁོར་རྣམས་ཕར་འགྲོ་ཚུར་འོང་བྱེད་མི་ཆོག་ཅེས་བརྗོད་ཀྱི་མེད། ཁོ་ཚོའི་ངོས་ནས་ང་ཚོར་ཡུལ་མི་གླ་འཁོར་གཏོང་མཁན་གྱི་ཐོ་གཞུང་ཞིག་སྤྲད་ན། ཐོ་གཞུང་ནང་གི་གླ་འཁོར་རྣམས་ལ་དམིགས་བསལ་ཐོག་ནས་ཕར་འགྲོ་ཕྱིར་འོང་བྱེད་པར་གུ་ཡངས་གཏོང་རྒྱུ་ཡིན་ཞེས་བརྗོད་པ་ཡིན། ཡིན་ནའང་། དེར་ལན་གང་ཡང་སྦྱིན་མ་སོང་། མ་གཞི་ནས་ཁོ་ཚོར་གོ་ནོར་ཐེབས་འདུག་ལ། འགྲེལ་བརྗོད་ཀྱང་བྱེད་ཐབས་མི་འདུག ཁོ་ཚོས་ལྕགས་སྒོ་བརྒྱབ་ན་ཁོ་ཚོར་ཕར་འགྲོ་ཚུང་འོང་ལ་འགོག་རྐྱེན་བཟོ་སྲིད་པ་རེད་བསམ་ནས་ངོ་རྒོལ་བྱས་པ་རེད་དེ། དོན་དངོས་ཐོག་དེ་ལྟར་མ་རེད། ལྕགས་སྒོ་དེ་བརྒྱབ་ཚེ་ཕྱོགས་གཉིས་ཀར་འགྲིམ་འགྲུལ་ཐད་ནས་སྟབས་བདེ་དང་མགོ་རྙོག་མི་ཡོང་རྒྱུའི་ཁེ་ཕན་ཡོད་པ་རེད། ཅེས་བརྗོད་བྱུང་།

འདི་གའི་གསར་འགོད་པའི་ངོ་རྒོལ་ནང་མཉམ་ཞུགས་བྱས་པའི་ཡུལ་མི་གླ་འཁོར་གཏོང་མཁན་ཞིག་ལ་དེའི་སྐོར་སྐད་ཆ་དྲིས་པར་ཁོས། ང་ཚོ་ཡུལ་མི་གླ་འཁོར་གཏོང་མཁན་ ༡༥ ལྷག་ཡོད་པ་དང་། ང་ཚོ་ཉིན་མོར་ཕར་རྒྱུག་ཚུར་རྒྱུག་བྱས་ཏེ། གླ་འཁོར་དགོང་མོ་མ་གཏོགས་གངས་སྐྱིད་ནང་འཇོག་གི་མེད་པ་དང་། ལྕགས་སྒོ་བརྒྱབ་ཚེ་ང་ཚོར་འགྲོ་འོང་གི་རང་དབང་མེད་པས། གལ་ཏེ་ཡུལ་མི་ཞིག་ལ་ཛ་དྲག་ནད་མནར་བྱུང་ཚེ་ང་ཚོས་ག་རེ་བྱེད་དགོས་པ་རེད། ཅེས་བརྗོད་བྱུང་།

ཡང་ཁོས། གང་ལྟར་ང་ཚོས་ལྕགས་སྒོ་བརྒྱབ་མི་ཆོག་པའི་རེ་འདུན་བཏོན་ཡོད་པ་དང་། དེ་ནི་ཡུལ་མི་ཀུན་གྱི་རེ་འདུན་ཡིན་པས་ཕལ་ཆེར་བརྒྱབ་འཇུག་རྒྱུ་མ་རེད། ཅེས་བརྗོད་བྱུང་། གསར་འགོད་པས་གླ་འཁོར་གཏོང་མཁན་དེར་སྐད་ཆ་བཤད་སྐབས་ཉིན་གུང་ཆུ་ཚོད་ ༡༢ ཙམ་ཡིན་པ་དང་། དེ་དུས་གངས་སྐྱིད་ཀྱི་ར་བའི་ནང་གླ་འཁོར་ ༡༠ ཙམ་བཞག་ཡོད་པ་མཐོང་བྱུང་།

ངོ་རྒོལ་གྱི་ཉིན་དེ་རང་ལ་ཡུལ་མི་གླ་འཁོར་གཏོང་མཁན་དང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་བར་སྐད་ཆ་བྱུང་སྟེ། བོད་མིའི་སྒྲིག་འཛུགས་ནས་ནང་མོལ་བྱེད་རྒྱུའི་རེ་བ་བཏོན་འདུག་ཀྱང་། ཡུལ་མི་གླ་འཁོར་གཏོང་མཁན་གཅིག་ཀྱང་ནང་མོལ་བྱེད་དུ་བསླེབས་མེད་པ་མ་ཟད། གྲོང་སྡེ་ལྷན་ཁང་ལ་ཞུ་གཏུག་བྱས་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཚེ་དབང་རྒྱལ་པོ་ཨརྱ་དང་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་རྣམ་གཉིས་གྲོང་སྡེ་ལྷན་ཁང་ལ་ཆེད་བཅར་གྱིས། ནམ་རྒྱུན་གངས་སྐྱིད་ནང་རླངས་འཁོར་གྱི་འགྲིམ་འགྲུལ་ཐད་ནས་དཀའ་ངལ་མི་ཉུང་བ་ཞིག་ཡོད་སྐོར་དང་། ལྕགས་སྒོ་དེ་ཡུལ་མི་རྣམས་འགོག་ཆེད་མིན་པར་འགྲིམ་འགྲུལ་སྟབས་བདེ་ཡོང་ཆེད་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སྐབས། གྲོང་སྡེ་ལྷན་ཁང་གིས་སྤྱིར་གངས་སྐྱིད་ཀྱི་ལམ་དེ་སྤྱི་པའི་ལམ་ཞིག་ཡིན་པས། ཕྱོགས་གཅིག་གིས་ཐག་གཅོད་བྱེད་ཐབས་མེད་པས། གནས་སྐབས་རིང་ལྕགས་སྒོ་བརྒྱབ་མི་ཆོག་པ་དང་། རིམ་པས་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་ལ། གནད་དོན་སེལ་ཆེད་ས་གནས་རང་ལ་རྟོག་ཞིབ་བྱེད་དུ་བསླེབ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྲོང་སྡེ་ལྷན་ཁང་གི་སྡེ་དཔོན་དང་། སྡེ་དཔོན་གཞོན་པ། མགོ་འཛིན་གཞོན་པ་སོགས་གནད་ཡོད་མགོ་འཁྲིད་ལྔ་གངས་སྐྱིད་ལ་ཕེབས་ཏེ་རྟོག་ཞིབ་གནང་ཡོད་པ་དང་། དྲུང་འཕར་ལགས་ཀྱིས་བརྗོད་པ་ལྟར་ན། གྲོང་སྡེ་ལྷན་ཁང་གི་རྟོག་ཞིབ་པ་འགའ་ཤས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལྕགས་སྒོ་བརྒྱབ་རྒྱུའི་ལས་འཆར་དེར་མོས་མཐུན་གནང་ཡོད་འདུག

གཞན་ཡང་། གླ་འཁོར་གཏོང་མཁན་ཚོས་གྲོང་སྡེ་ལྷན་ཁང་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གངས་སྐྱིད་ནང་བཀའ་འཁྲོལ་མེད་པའི་ཐོག་ནས་ལས་ཁུངས་སོགས་འཛུགས་བསྐྲུན་མི་ཉུང་བ་ཞིག་བྱས་ཡོད་པའི་ཞུ་གཏུག་བྱས་ཡོད་པའི་སྐོར་ལ་དྲུང་འཕར་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་བཀའ་འཁྲོལ་མེད་པར་ཁྲིམས་འགལ་གྱི་ཐོག་ནས་འཛུགས་བསྐྲུན་གང་ཡང་བྱས་མེད་པ་དང་། གྲོང་སྡེ་ལྷན་ཁང་ལ་འཛུགས་བསྐྲུན་གྱི་བཀའ་འཁྲོལ་ཡིག་ཆ་དགོས་ཚེ་འབུལ་ཆོག་ཅེས་ཞུས་ཡོད་སྐོར་བརྗོད་བྱུང་།

བོད་མི་རྣམས་ནས་ཀྱང་གངས་སྐྱིད་ནང་འགྲིམ་འགྲུལ་དཀའ་ངལ་མི་ཡོང་ཆེད་མཐུན་འགྱུར་རོགས་རམ་ཞུ་དགོས་ཚུལ་སྐོར་ལ་ཁོང་གིས། ང་ཚོ་བོད་མི་དང་ལས་བྱེད་པ་རྣམས་ཀྱིས་གླ་འཁོར་རྣམས་གངས་སྐྱིད་ཀྱི་ཕྱི་སྒོར་འགོག་རྒྱུ་ལས་ནང་དུ་འཁྲིད་པའམ་སྐད་གཏོང་བ་སོགས་མ་གནང་ན་བཟང་བ་དང་། གཞུང་གི་སྒོ་སྲུང་བ་རྣམས་ལ་ནམ་རྒྱུན་རླངས་འཁོར་སྟངས་འཛིན་བྱེད་ཕྱོགས་སྐོར་ནས་ལམ་སྟོན་བྱེད་སྐབས། ཁོ་ཚོས་བོད་མི་ཚོས་གང་བྱུང་རླངས་འཁོར་འཁྲིད་པ་དང་། ལམ་ཟུར་ལ་འཇོག་པ། དེ་བཞིན་ལས་བྱེད་ཡིན་ཟེར་ནས་གང་མོས་བྱེད་ཀྱི་འདུག་པས། ང་ཚོར་ཐབས་ཤེས་མི་འདུག་ལབ་ཀྱི་འདུག་ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན། ལྕགས་སྒོའི་གནད་དོན་དེའི་སྐོར་ལ་ས་གནས་ཀྱི་ཧིན་ཡིག་གསར་ཤོག་དྷེ་ཎིག་ཇཱག་རན་ཀང་གྷ་ར་(दैनिक जागरण काँगड़ा )དང་། པཱན་ཇཱབ་ཀེ་སི་རི་(पंजाब केसरी) ཞེས་པའི་ནང་། གལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་ལྕགས་སྒོ་བརྒྱབ་ན། གླ་འཁོར་གཏོང་མཁན་རྣམས་ཀྱིས་གླ་འཁོར་རྣམས་གཞུང་ལམ་ཐོག་མི་འཇོག་ཐབས་མེད་འགྱུར་གྱི་ཡོད་སྟབས། འགྲིམ་འགྲུལ་ཉེན་རྟོག་པས་ཁོ་ཚོར་ཆད་པ་གཅོད་སྲིད་པ་མ་ཟད། ས་གནས་ཡུལ་མི་ ༥,༠༠༠ ལྷག་ལ་དོ་ཕོག་འགྲོ་སྲིད་སྐོར་དང་། དེ་བཞིན་གངས་སྐྱིད་དུ་ཐོག་རྩེག་ལྔ་ཅན་གྱི་ཁང་ཆེན་བརྒྱབས་ཡོད་པ་དེའི་བཀའ་འཁྲོལ་ཡིག་ཆ་བདུན་ཕྲག་གཅིག་ནང་གྲོང་སྡེ་ལྷན་ཁང་ལ་སྤྲོད་དགོས་པའི་བཀའ་ཁྱབ་བཏང་ཡོད་ལུགས་སོགས་བཀོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

The post གངས་ཅན་སྐྱིད་གཤོངས་ཀྱི་རྒྱལ་སྒོ་བརྒྱབ་མི་ཆོག་ཟེར་གྱི་འདུག appeared first on བོད་ཀྱི་དུས་བབ།.

༧གོང་ས་མཆོག་ལ་རྩོམ་རིག་གཙུག་ལག་འབུམ་རམས་པའི་ཕྱག་འཁྱེར་ཕུལ།

$
0
0

མ་འོངས་པར་ཉི་ཧོང་གིས་སྣེ་འཁྲིད་དེ་རྡུལ་ཕྲན་མཚོན་ཆ་རིགས་ཀྱི་ཐོན་རྫས་དང་བཟོ་སྐྲུན་རིགས་མཚམས་བཞག་སྟེ་ཆེས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐབས་གནང་བར་ཐུགས་རེ་གནང་གི་ཡོད་སྐོར་གསུངས་འདུགཟླ་འདིའི་ཕྱི་ཚེས་ ༡༩ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཉི་ཧོང་གི་གྲོང་ཁྱེར་ཅི་པཱ་(Chiba)ནང་ཡོད་པའི་རཱེ་ཊེ་ཁཱ་(Reitaku University)གཙུག་ལག་སློབ་གཉེར་ཁང་གིས། རྩོམ་རིག་གཙུག་ལག་འབུམ་རམས་པའི་མཚན་གནས་ཕྱག་འཁྱེར་འབུལ་བཞེས་གནང་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་གཙོས་མི་གྲངས་ ༡༧༠༠ ལྷག་ལ་དུས་རབས་ ༢༡ པའི་གཞོན་སྐྱེས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀའ་དྲིན་བསྐྱངས་གནང་ཡོད་པ་རེད།

ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་མོ་ཏོ་ཊཱ་ཀཱ་ཧི་རི་ཁེ་(Mototaka Hiroike)ལགས་ཡིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འགྲོ་བ་མིའི་བདེ་སྐྱིད་ཀྱི་གཞི་རྩ་ནང་སེམས་ཀྱི་རིན་ཐང་དང་བྱམས་བརྩེ་གོང་འཕེལ་གཏོང་བར་མཛད་འཁུར་བཞེས་ཏེ། འཛམ་གླིང་ཡོངས་ལ་དར་སྤེལ་གནང་བཞིན་ཡོད་པ་དང་། དེ་བཞིན་ནང་པའི་ཚན་རིག་དང་དེང་རབས་ཚན་རིག་བར་གོ་རྟོགས་སྤེལ་བར་སྐུ་ལས་སྐྱོན་བཞིན་པ་སོགས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཅེས་གསུངས་འདུག

དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཀའ་སློབ་བསྩལ་སྐབས། དེ་རིང་ང་ལ་ཆེད་བསྟོད་ཀྱིས་འབུམ་རམས་པའི་ཕྱག་འཁྱེར་གནང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ངོས་ཀྱིས་ཕྱག་འཁྱེར་དེ་ལེན་ཐུབ་པའི་ལས་ཀ་ཆེན་པོ་ཞིག་བྱེད་ཐུབ་མེད་པ་རེད། གང་ལྟར་དེ་རིང་འདིར་གཞོན་སྐྱེས་ཚོ་དང་ངོས་དང་འདྲ་བའི་མི་རབས་རྒན་པ་མང་པོ་ཞིག་ལ་ཐུག་འཕྲད་བྱེད་ཐུབ་པ་བྱུང་བ་དང་། ང་ཚོས་སུ་ཞིག་སྔོན་ལ་འགྲོ་མིན་མི་ཤེས་ན་ཡང་ཁྱེད་ཚོ་ཚང་མར་ཐུག་འཕྲད་བྱུང་བར་དགའ་བོ་བྱུང་། ངོས་རང་ལ་མཚོན་ན་འགྲོ་བ་མི་དཀྱུས་མ་ཞིག་ཡིན་པ་དང་། ཉིན་རེའི་གསར་འགྱུར་ཁག་ནང་འགྲོ་བ་མིའི་ཕན་ཚུན་གཅིག་གིས་གཅིག་གསོད་རེས་དང་ཉེས་མེད་ཀྱི་བྱིས་པ་མང་པོ་ཞིག་བཀྲེས་ལྟོགས་དང་། སྨན་སོགས་ཀྱི་མཐུན་རྐྱེན་མེད་པར་ཤི་བཞིན་ཡོད་པ་རེད། ཚན་རིག་པས་ང་ཚོ་འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་དེ་བྱམས་སྙིང་རྗེ་ཡིན་སྐོར་བརྗོད་ཀྱི་ཡོད་པ་དང་། ང་ཚོ་འགྲོ་བ་མི་འདི་སྤྱི་ཚོགས་ཀྱིས་གྲུབ་པའི་སེམས་ཅན་ཞིག་ཡིན་པས་ང་ཚོ་འཚོ་ཐུབ་པར་གཞན་ལ་བརྟེན་དགོས་ཡོད་པ་རེད། དེ་བཞིན་བྱམས་སྙིང་རྗེ་དང་བརྩེ་སེམས་ཀྱིས་ང་ཚོ་མཉམ་དུ་སྡོད་ཐུབ་པ་དང་ཁོང་ཁྲོ་ཡིས་ང་ཚོ་ཁ་ཁར་གཏོང་བཞིན་ཡོད་པ་རེད། ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པའི་བསམ་བློ་གཏོང་དགོས་སྐོར་སོགས་གསུངས་འདུག

ཡང་ཉི་ཧོང་གིས་སྣེ་འཁྲིད་ནས་འཛམ་གླིང་འདི་རྡུལ་ཕྲན་མཚོན་ཆ་མེད་པའི་ཞི་བདེ་ཡི་དུས་རབས་ཤིག་ཏུ་བསྐྲུན་ཐབས་དགོས་པའི་སྐོར་ལ་༧མགོན་པོ་གང་ཉིད་ཀྱིས། ང་ཚོར་དུས་རབས་འདི་ཞི་བདེ་དང་འཚེ་བ་མེད་པའི་དུས་རབས་ཤིག་ཏུ་བསྐྲུན་པའི་གོ་སྐབས་ཡོད་པ་རེད། དཀའ་ངལ་མང་པོ་ཞིག་ལངས་ཡོང་སྐབས་དྲག་སྤྱོད་ལམ་ནས་མ་ཡིན་པར་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་པ་དང་། ངའི་རེ་བར་མ་འོངས་པར་ཉི་ཧོང་གིས་སྣེ་འཁྲིད་འོག་འཛམ་གླིང་འདི་རྡུལ་ཕྲན་མཚོན་ཆ་མེད་པ་ཞིག་བཟོ་བར་མཐར་ཐུག་གི་དམིགས་ཡུལ་བཅངས་དགོས་པ་དང་། དམག་འཁྲུག་གི་དོན་ནི་གསོད་རྒྱུ་དེ་རེད། དྲག་སྤྱོད་ཀྱིས་དྲག་སྤྱོད་སྤེལ་བཞིན་ཡོད་པས་ང་ཚོས་རྡུལ་ཕྲན་མཚོན་ཆ་རིགས་ཀྱི་ཐོན་རྫས་དང་བཟོ་སྐྲུན་རིགས་མཚམས་བཞག་སྟེ་ཆེས་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་གསུངས་འདུགཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་དོན་དང་བོད་པ་ཚོའི་ཆེད་དུ་ཕྱག་ལས་གནང་རྒྱུའི་འགན་ཡོད་པ་རེད། ཡིན་ན་ཡང་། ཕྱི་ལོ ༢༠༡༡ ལོར་མི་མང་གིས་འོས་འདེམ་བྱས་པའི་མགོ་འཁྲིད་སླེབས་པ་ནས་བཟུང་ངོས་ཀྱིས་ཆབ་སྲིད་ཀྱི་འགན་དབང་ནས་དགོངས་པ་ཞུས་པ་ཡིན། ངས་ག་དུས་ཐུབ་པ་བྱུང་ན་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐད་སྐད་ཆ་བཤད་བཞིན་ཡོད་ལ། བོད་ནི་འཛམ་གླིང་གི་སྣེ་གསུམ་པ་ཡིན་པ་མ་ཟད་ཨེ་ཤ་ཡའི་གཙང་བོ་མང་པོ་ཞིག་གི་འབྱུང་ཁུངས་ཆགས་ཀྱི་ཡོད་པ་རེད། དེ་བཞིན་ངོས་ཀྱི་དམིགས་ཡུལ་གཙོ་བོ་དེ་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ་དེ་ཡིན་པ་དང་། བོད་པ་ཚོས་ད་ལྟ་བར་ནང་བསྟན་ཆོས་ལུགས་ཀྱི་ལྟ་གྲུབ་དང་སེམས་ཀྱི་རྣམ་གཞག་ཁག་ཉར་ཚགས་བྱས་ཡོད་པ་རེད། དེ་བཞིན་དུས་ཚོད་འདིར་བོད་ཀྱི་སྐད་ཡིག་གིས་ལྟ་གྲུབ་དེ་བཤད་པར་འོས་འཚམ་དང་འཐུས་ཚང་ཡོད་པ་དང། འདས་པའི་ལོ་ངོ་ ༤༠ ལྷག་རིང་ང་ཚོས་དེང་རབས་ཚན་རིག་དང་བགྲོ་གླེང་གི་ལམ་ནས་ཕན་ཚུན་སྤེལ་རེས་བྱས་པ་ཡིན། ཞེས་སོགས་གསུངས་འདུག

མཛད་འཆར་ལྟར་ན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉི་ཧོང་ནང་གི་མཛད་འཆར་ཁག་གྲུབ་རྗེས་ཕྱི་ཚེས་ ༢༥ ཉིན་བཞུགས་སྒར་དུ་ཕྱིར་ཕེབས་འཆར་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་༣ ནས་ ༥ བར་ཨུ་ཏར་མངའ་སྡེའི་སཱན་ཁེ་སཱ་རུ་(Sankisa, Uttar Pradesh)ནང་པའི་གཞོན་ནུའི་ཚོགས་པ་(Youth Buddhist Society )ཡིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ། ཕྱི་ཚེས་ ༢༤ ནས་ ༢༦ ཉིན་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་ཉེ་བརྒྱུད་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་སྩལ་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཚེས་ ༢༨ ནས་ ༣༡ ཉིན་བར་གནས་མཆོག་རྡོ་རྗེ་གདན་དུ་སླར་ཡང་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་(མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་རྣམ་རྩ་)འཕྲོ་སྐྱོང་མཛད་རྒྱུ།  ཚེས་ ༣༡ ཉིན་གྱི་སྔ་དྲོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post ༧གོང་ས་མཆོག་ལ་རྩོམ་རིག་གཙུག་ལག་འབུམ་རམས་པའི་ཕྱག་འཁྱེར་ཕུལ། appeared first on བོད་ཀྱི་དུས་བབ།.


ཡོ་ཨེ་ཧྥི་སི་དྲག་རྩལ་ཁང་གིས་བོད་མི་ཞིག་བདམས། 

$
0
0

འཛམ་གླིང་གི་དྲག་རྩལ་ཁང་ཆེ་ཤོས་ཨ་རིའི་ཡོ་ཨེ་ཧྥི་སི་ཡིས་བོད་རིགས་ཁུ་ཚུར་དྲག་རྩལ་པ་བསོད་ནམས་དར་རྒྱས་ལགས་ཚོགས་ཁོངས་སུ་བདམས་ཏེ་མི་འགྱངས་བར་ཁུ་ཚུར་དྲག་རྩལ་འགྲན་སྡུར་བྱ་རྒྱུ་ཡིན་འདུག
རྒྱལ་སྤྱིའི་ཡོ་ཨེ་ཧྥི་སི་དྲག་རྩལ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཛམ་གླིང་གི་དྲག་རྩལ་ཁང་ཆེ་ཤོས་ཡོ་ཨེ་ཧྤི་སི་(UFC)ཡིས། རྒྱལ་སྤྱི་རང་བཞིན་གྱི་འགྲན་ཚོགས་ཤིག་བསྡུ་འཆར་ཡོད་པ་དང་། དྲག་རྩལ་ཁང་དེས་རྒྱ་ནག་རྒྱལ་ཡོངས་ནས་དྲག་རྩལ་པ་རྩེ་ཕུད་འགའ་འདེམས་སྒྲུག་བྱས་ཡོད་པའི་ཁྲོད། མགོན་པོ་བོད་ཀྱི་དྲག་རྩལ་ཁང་གི་ཁུ་ཚུར་དྲག་རྩལ་པ་བསོད་ནམས་དར་རྒྱས་ལགས་བདམས་ཡོད་པ་དང་། ཁོང་ནི་དྲག་རྩལ་ཁང་དེའི་ནང་ཚུད་པའི་བོད་རིགས་དྲག་རྩལ་པ་ཐོག་མ་དེ་ཆགས་ཡོད་འདུག

ཨ་རིའི་ཡོ་ཨེ་ཧྥི་སི་དྲག་རྩལ་ཁང་གི་ཚོགས་གཞོན་ཁེ་བན་ཆིང་(Kevin Chang)གིས། རྒྱ་ནག་ནི་ང་ཚོའི་དྲག་རྩལ་འགྲན་སྡུར་འཕེལ་རྒྱས་ཀྱི་ལམ་ཁ་གཉིས་པ་དེ་ཡིན་པས། རྒྱ་ནག་གི་དྲག་རྩལ་འགྲན་སྡུར་གྱི་ཁྲོམ་རའི་རམ་འདེགས་འོག་ང་ཚོར་རྒྱལ་སྤྱིའི་སྒང་ལེགས་འགྲུབ་ཡག་པོ་ཡོང་གི་ཡོད་ལ། ང་ཚོས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་དྲག་རྩལ་འགྲན་སྡུར་ཐད་གཏོང་བྱེད་པར་རྔམ་གྱི་ཡོད། ཅེས་བརྗོད་འདུག

ཡོ་ཨེ་ཧྥི་སི་གཞུང་འབྲེལ་དྲ་ངོས་སུ་གནས་ཚུལ་སྤེལ་བ་ལྟར་ན། བསོད་ནམས་དར་རྒྱས་ལགས་ཀྱིས་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཨ་རིའི་དྲག་རྩལ་འགྲན་སྡུར་བ་ལོ་ཝི་སི་སི་མོལ་གའི་(LOUIS SMOLKA)ལྷན་དུ་འགྲན་སྡུར་བྱ་རྒྱུ་ཡིན་པ་དང་། ལོ་ཝི་སི་སི་མོལ་གའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་ ༡༢༥ ཡོད་པ་དང་། བསོད་ནམས་དར་རྒྱས་ལགས་ཡོ་ཨེ་ཧྥི་སི་འགྲན་སྡུར་ནང་ཞུགས་པ་ཐོག་མ་དེ་ཡིན་པས། ད་ལྟའི་ཆར་ཁོའི་གཟུགས་པོའི་ལྗིད་ཚད་དང་མཐོ་ཚད། ད་དུང་འགྲན་སྡུར་གྱི་སྐར་གྲངས་སོགས་བཀོད་མི་འདུག་ལ། དྲ་རྒྱའི་སྟེང་ཁོའི་མིང་ལ་སོའོ་མོ་རྡར་ཇེ་(Sumudaerji)ཞེས་བྲིས་འདུག

ཡང་ཡོ་ཨེ་ཧྥི་སི་དྲག་རྩལ་ཚོགས་པའི་གནས་ཚུལ་ནང་། ཚོགས་པ་དེས་ལོ་རྗེས་མར་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་ཨ་སྒོར་ས་ཡ་ ༡༣ བཏང་སྟེ། འཛམ་གླིང་གི་དྲག་རྩལ་འགྲན་སྡུར་ཁང་ཆེ་ཤོས་ཤིག་རྒྱག་འཆར་ཡོད་པ་དང་། རྒྱ་ནག་གི་ཡོ་ཨེ་ཧྤི་སི་དྲག་རྩལ་ཆེད་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་མེག་ཁེལ་མྰ་(Michael Ma)ལགས་ཀྱིས། ལོ་སྔོན་མར་རྒྱ་ནག་ནང་རྒྱལ་སྤྱིའི་ཡོ་ཨེ་ཧྥི་སི་དྲག་རྩལ་འགྲན་སྡུར་ཚོགས་ཐུབ་ཡོད་པར་བརྟེན། ད་ལྟ་རྒྱ་ནག་ནང་དྲག་རྩལ་འགྲན་སྡུར་གྱི་མཚན་སྙན་འབར་བཞིན་ཡོད་ལ། ང་ཚོས་རྒྱ་ནག་གི་ལྟད་མོ་བ་ཚོར་ཁྱད་དུ་འཕགས་པའི་རྒྱལ་སྤྱིའི་དྲག་རྩལ་འགྲན་སྡུར་རིགས་ཐད་གཏོང་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཨ་རིའི་ཡོ་ཨེ་ཧྥི་སི་དྲག་རྩལ་ཁང་རྒྱ་ནག་ཏུ་འཛུགས་བཞིན་ཡོད་པ་དེས་རྒྱ་ནག་གི་དྲག་རྩལ་པ་ཚོར་སོ་སོའི་དྲག་རྩལ་ངོམ་སའི་སྡིངས་ཆ་ཞིག་ཆགས་ཀྱི་ཡོད་པ་དང་། འདི་ལོར་ཨ་རིའི་ཡོ་ཨེ་ཧྥི་སི་ཚོགས་པས་རྒྱ་ནག་ནས་དྲག་རྩལ་འགྲན་སྡུར་བ་བསོད་ནམས་དར་རྒྱས་དང་སོན་ཡྰ་ཏུང་(Song Yadong)། ལི་ཇིན་ཉང་(Li Jingliang)། དེ་བཞིན། སོང་ཁུ་ནན(Song Kenan)། ཕིན་ཡན་ལོའུ(Pingyuan Liu)སོགས་རྩེ་ཕུད་དྲག་རྩལ་མི་སྣ་རྐྱང་རྐྱང་འདེམས་སྒྲུག་བྱས་ཡོད་འདུག

བསོད་ནམས་དར་རྒྱས་སམ་བོད་ཀྱི་ཐང་དཀར་ལགས་ནི་རྔ་བ་ཁུལ་ཁྲོ་ཆུ་རྫོང་ནས་ཡིན་ཞིང་། མགོན་པོའི་དྲག་རྩལ་ཁང་གི་དྲག་རྩལ་པ་ཞིག་ཡིན་ལ། དེ་སྔོན་རྒྱ་ནག་རྒྱལ་ཡོངས་ཀྱི་དྲག་རྩལ་འགྲན་སྡུར་རིམ་པའི་སྟེང་རྒྱལ་ཁ་ཐོབ་ཡོད་པ་དང་། དམིགས་བསལ་ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་ཧེ་ནན་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་(武林笼中对)ཞེས་པའི་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་༥༧ ཅན་གྱི་འགྲན་རྩོད་ཐོག་ཨང་དང་པོ་བླངས་ནས་གསེར་གྱི་སྐེ་རགས་ཐོབ་ཡོད་པ་རེད།

ཨ་རིའི་ཡོ་ཨེ་ཧྥི་སི་དྲག་རྩལ་འགྲན་སྡུར་ནི་འཛམ་གླིང་ནང་ཚད་མཐོ་ཤོས་དང་གཞི་རྒྱ་ཆེ་ཤོས་ཀྱི་(MMA)སྣ་འཛོམས་དྲག་རྩལ་འགྲན་སྡུར་ཞིག་ཡིན་པ་དང་། ད་བར་དྲག་རྩལ་ཁང་དེ་ནས་ཁོ་ནོར་མེག་གྷེ་གྷོར་(Conor Mcgregor)དང་། མེ་ཁེལ་བྷི་སི་ཕུ་(Micheal Bisping) སི་ཊི་ཕུ་མོ་སི་ཆི་(Stipe Miocic) དེ་བཞིན། ཊི་རོན་ཝོ་ཌི་ལེ་(Tyron Woodley)དང་སི་ཊི་ཧྥན་ཐོམ་སན་(Stephen Thompson)སོགས་འཛམ་གླིང་ནང་མིང་གྲགས་ཅན་གྱི་ཁུ་ཚུར་དྲག་རྩལ་བ་མང་པོ་ཐོན་ཡོད་འདུག་ལ། ད་ལྟའི་ཆར་ཨ་རིའི་ཡོ་ཨེ་ཧྥི་སི་དྲག་རྩལ་ཚོགས་པར་ཁྱོན་དྲག་རྩལ་བ་བུ་ ༣༧༥ དང་བུ་མོ་ ༦༤ བཅས་ཁྱོན་དྲག་རྩལ་པ་༤༣༩ ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ཡོ་ཨེ་ཧྥི་སི་དྲག་རྩལ་ཁང་གིས་བོད་མི་ཞིག་བདམས།  appeared first on བོད་ཀྱི་དུས་བབ།.

ཁ་ན་ཌ་གཞུང་ནས་ཨ་སྒོར་ས་ཡ་ ༥.༤ གནང་རྒྱུ་ཡོངས་བསྒྲཊ་གནང་།

$
0
0

རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་ཆེད་ཁ་ན་ཌ་གཞུང་ནས་ཨ་སྒོར་ས་ཡ་ ༥ དང་འབུམ་ ༤ གནང་གཏན་འཁེལ་བ་ཡོངས་བསྒྲཊ་གནང་འདུགབོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་ནང་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཊོ་རན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ་དགོང་དྲོའི་གསོལ་སྟོན་ལྷན་འཛོམས་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུག་ལ། དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཁེ་ན་ཊའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨེ་རི་ཧྥོ་ཝེ་ནི་ (Arif Virani) ལགས། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེ་མེས་མེ་ལོ་ནི་ (James Maloney) ལགས་དང་སྐུ་ཞབས་སེ་ཝན་སེ་པན་ཇི་མེན་ (Sven Spengeman) ལགས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་སོགས་ཕེབས་ཡོད་འདུག

གསོལ་སྟོན་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨེ་རི་ཧྥོ་ཝེ་ནི་ (Arif Virani) ལགས་ཀྱིས། ང་ཚོས་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་གཞོན་སྐྱེས་ཚོར་མགོ་འཁྲིད་གྱི་སྦྱོང་བརྡར་སྤྲད་པ་ཡིན་ན། དེ་ནི་ལྷོ་ཨེ་ཤེ་ཡའི་ནང་ཁོ་ནར་སྦྱོང་བརྡར་སྤྲད་པ་ཙམ་མིན་པར་ཚོགས་ཁང་འདིའི་ནང་གི་དེ་རིང་གི་མགོ་འཁྲིད་ཚུད་པའི་འཛམ་གླིང་གི་བོད་མིར་སྦྱོང་བརྡར་སྤྲད་པ་རེད། ང་ཚོས་དེར་ཡིད་ཆེས་བྱེད་ཀྱི་ཡོད་སྟབས། དེ་རིང་ང་ཚོར་སྤོབས་པ་ཆེན་པོས་ངང་ཡོངས་བསྒྲགས་བྱ་རྒྱུ་ཞིག་ཡོད་པ་ནི། དེ་སྔོན་གྱི་ ༢༠༡༥ ནང་མགོ་འཛུགས་བྱས་པའི་ལོ་གཉིས་རིང་གི་ལས་གཞི་དེ་རྒྱ་སྐྱེད་ཀྱིས་ང་ཚོས་ལོ་ ༥ ལ་གནང་རྒྱུ་ཡིན་པ་དང་། ཨ་སྒོར་ས་ཡ་ ༥།༤ བོད་མིའི་ཤེས་ཡོན་ཆེད་གཏོང་རྒྱུ་ཡིན། ཞེས་དང་། ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ (James Maloney) དང་ (Sven Spengeman) གཉིས་སོགས་ཀྱིས་རོགས་དངུལ་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བརྗོད་འདུགསྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རོགས་དངུལ་དེས་བོད་དོན་དང་བོད་མིར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་སྐོར་གསུངས་སྐབས། ད་ལན་གྱི་རོགས་དངུལ་འདིས་མ་འོངས་མགོ་འཁྲིད་གསོ་སྐྱོང་བྱེད་པར་ཕན་ཐོགས་ཀྱི་ཡོད་པ་རེད། མགོ་འཁྲིད་གསོ་སྐྱོང་ཐུབ་ཚེ་བོད་མིའི་སྒྲིག་འཛུགས་ལོ་ལྔ་དང་ལྔ་བཅུར་གནས་ཀྱི་རེད་ལ་གནས་ཐུབ་ཀྱི་རེད། དེ་བཞིན་དབུ་མའི་ལམ་གཞིར་བཟུང་མིང་དོན་མཚུངས་བའི་རང་སྐྱོང་རག་ཐུབ་པ་དང་། བོད་ཀྱི་རྩ་དོན་མུ་མཐུད་གནས་བར་ཏན་ཏན་ཕན་གྱི་རེད། དེ་འདྲ་སོང་ཙང་ངས་ཁོང་རྣམ་པ་གསུམ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་བ་དང་འབྲེལ། བོད་མི་ཚོས་ཕྱི་རྒྱལ་གྱི་མི་རབས་གསར་པའི་ཁྲོད་བོད་དོན་རྒྱབ་སྐྱོར་བ་འཚོལ་ཐབས་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་ཡོད་འདུག

འདི་གའི་གསར་འགོད་པས་དེའི་སྐོར་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས། སྐུ་ངོ་སྲིད་སྐྱོང་མཆོག་ཁེ་ན་ཌར་ཕེབས་ནས་གསལ་བསྒྲགས་གནང་བ་དང་དྲ་ཐོག་ཏུ་འདུག་པ་ལས། ཁེ་ན་ཌ་གཞུང་ངོས་ནས་ཡིག་ཐོག་ནས་ད་ལྟ་འབྱོར་མེད་པས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་སྐོར་དང་། ད་ལན་སླར་ཡང་ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་བརྒྱུད་ཁེ་ན་ཌ་གཞུང་ལ་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་དང་དགེ་རྒན་ཆེད་ལས་ཡར་རྒྱས། ཕ་མའི་ཚོགས་ཆུང་ཚགས་ཚུད་ཡོངས་ཐབས་སོགས་ཤེས་ཡོན་སྲིད་བྱུས་དང་འབྲེལ་ལས་འཆར་མང་པོའི་ཆེད་ལོ་ལྔའི་རོགས་དངུལ་ཞུས་པ་རེད་ལ། ལས་འཆར་དེ་སྔོན་ནས་ཕུལ་ཟིན་པ་རེད་དེ་གྲོས་ཚོགས་ནང་དུས་ཚོད་ཅུང་འགོར་ཡོད་པ་རེད། ཅེས་བརྗོད་བྱུང་།

 

གསར་འགོད་པ། ཀླུ་མགོན་ཐར།

The post ཁ་ན་ཌ་གཞུང་ནས་ཨ་སྒོར་ས་ཡ་ ༥.༤ གནང་རྒྱུ་ཡོངས་བསྒྲཊ་གནང་། appeared first on བོད་ཀྱི་དུས་བབ།.

༧གོང་ས་མཆོག་ཉི་ཧོང་ནང་ཕེབས་པར་རྒྱ་གཞུང་གིས་སྐྱོན་བརྗོད་ཞུས།

$
0
0

རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་ནང་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་པ་དེར་མཐུན་སྦྱོར་ཞུ་རྒྱུ་མེད་པའི་རྒོལ་གཏམ་བསྒྲགས་འདུགརྒྱ་གར་གྱི་(TimesNowNews)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉི་ཧོང་ནང་ཆོས་འབྲེལ་དང་བསྟུན། ཚན་རིག་བགྲོ་གླེང་དང་གཙུག་ལག་སློབ་གཉེར་ཁང་སོགས་སུ་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་ཡོད་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཞུས་ཏེ། ཁ་བྲལ་གྱི་ལས་འགུལ་སྤེལ་བཞིན་པར་ཉི་ཧོང་ཕྱོགས་ནས་མཐུན་རྐྱེན་མི་སྦྱོར་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག

གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀིན་སང་(Geng Shuang)ཟེར་བ་ཞིག་གིས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པ་དང་། ང་ཚོས་ཉི་ཧོང་གི་འབྲེལ་ཡོད་ཚོས་ཏཱ་ལའི་བླ་མའི་ཁ་བྲལ་རིགས་ཀྱི་ལས་འགུལ་ལ་མཐུན་རྐྱེན་དང་རྒྱབ་སྐྱོར་མི་བྱེད་པའི་རེ་བ་རྒྱག་གི་ཡོད། ཅེས་བརྗོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉི་ཧོང་དུ་གནང་བའི་གསུང་བཤད་ཅིག་གི་སྐབས། ནམ་ཞིག་བོད་རྒྱ་གཉིས་མཉམ་གནས་ཐུབ་པ་ཞིག་ཡོང་གི་རེད་ཅེས་གསུངས་ཡོད་པ་དེར་ཕྱི་སྲིད་མགྲིན་ཚབ་པ་དེས། ཏཱ་ལའི་བླ་མའི་སྐད་ཆ་དེར་ལན་འདེབས་བྱེད་མིན་ང་ལ་འོས་པ་ཞིག་མིན་ན་ཡང་། ངས་བཤད་ཐུབ་པ་ཞིག་ལ་ཏཱ་ལའི་སྐུ་ཕྲེང་ ༡༤ པ་ནི་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཞིག་ཡིན་པ་དང་། ཁོ་ནི་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཞིག་རེད། ཅེས་བརྗོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་བཀའ་དྲིན་སྐྱོང་སྐབས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་དང་། ཆིབས་བསྒྱུར་གནང་སའི་རྒྱལ་ཁབ་དེའི་གཞུང་དང་གདན་ཞུའི་གསོལ་འདེབས་གནང་མཁན། མཇལ་འཕྲད་བཅར་འདྲི་ཞུ་མཁན་གྲགས་ཅན་མི་སྣ་སོགས་ལ་གནོན་ཤུགས་སྣ་ཚོགས་སྤྲོད་ཀྱི་ཡོད། ཡུལ་གཉིས་བར་གྱི་ཚོང་འབྲེལ་མཚམས་འཇོག་བྱ་རྒྱུ་དང་གནད་ཡོད་མི་སྣའི་ཐུག་འཕྲད་རྩིས་མེད་གཏོང་རྒྱུ་ཡིན་པ་སོགས་ཀྱི་སྡིགས་ར་རིམ་པར་སྐུལ་བཞིན་ཡོད་སྟབས། ཨ་ཧྥེ་རི་ཁ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཅིག་གཙོ་བོར་གྱུར་བའི་དཔལ་འབྱོར་ཡར་རྒྱས་ཆེན་པོ་མ་ཕྱིན་པའི་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་ལ་སྟབས་བསྟུན་མི་བྱེད་ཐབས་མེད་ཀྱི་དཀའ་ངལ་ཡོང་བཞིན་ཡོད་པ་རེད།

དེ་བཞིན། ༧གོང་ས་མཆོག་རྒྱ་གར་ནང་བཞུགས་ཏེ་ཡུལ་འདིའི་ནང་མཛད་འཕྲིན་རྒྱ་ཆེར་སྐྱོང་བཞིན་ཡོད་པ་དེལའང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བསྟུན་མར་ཞུས་ཡོད་པ་རེད། དཔེར་ན། སྔར་ལོར་རྒྱ་གར་གཞུང་གི་གོ་སྒྲིག་འོག་ནང་པའི་གནས་ཆེན་རྒྱལ་པོའི་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཞུས་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་བཀའ་དྲིན་སྐྱོང་སྐབས་ཀྱང་རྒྱ་གར་གཞུང་གིས་ཡུལ་གཉིས་བར་བསམ་བཞིན་རྙོག་དྲ་སློང་གི་ཡོད་པའི་སྐྱོན་བརྗོད་རིམ་པར་ཞུས་ཡོད་ཀྱང་། རྒྱ་གར་གཞུང་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་རྒྱ་གར་ནང་བཞུགས་གདན་འཇགས་པའི་དམིགས་བསལ་སྐུ་མགྲོན་དང་། ཆོས་ཕྱོགས་ཀྱི་དབུ་འཁྲིད་རླབས་ཆེན་ཞིག་ཡིན་སྟབས།  ཁོང་གིས་རྒྱ་གར་ནང་མཛད་འཕྲིན་སྐྱོང་རྒྱུ་རང་དབང་ཡིན་སྐོར་ལན་འདེབས་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post ༧གོང་ས་མཆོག་ཉི་ཧོང་ནང་ཕེབས་པར་རྒྱ་གཞུང་གིས་སྐྱོན་བརྗོད་ཞུས། appeared first on བོད་ཀྱི་དུས་བབ།.

ཞིང་པའི་བུ་ལོན་འཇལ་རོགས་བྱས།

$
0
0

རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨ་མེ་ཌ་བྷ་ཅན་གྱིས་ཨ་སྒོར་འབུམ་ ༥ ཙམ་བཏང་སྟེ་བུ་ལོན་ནང་ལྷུང་བའི་ཞིང་པ་མང་པོར་རོགས་རམ་བྱས་ཡོད་འདུགརྒྱ་གར་ཨུ་ཊར་མངའ་སྡེའི་ (Uttar Pradesh) ཞིང་པ་ ༡༣༩༨ ཀྱིས་དངུལ་ཁང་ནས་བུ་ལོན་གཡར་ཏེ་སོ་ནམ་འདེབས་ལས་བྱས་ཡོད་ཀྱང་། ལོ་ལེགས་མ་བྱུང་བ་སོགས་ཀྱིས་བུ་ལོན་ཕྱིར་སློག་མ་ཐུབ་པའི་དཀའ་ངལ་འཕྲད་པར་བརྟེན།  རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པའི་ཡབ་ཆེན་དུ་འབོད་པའི་ཨ་མེ་ཌ་བྷ་ཅན་གྱིས་ཁྱོན་ཨ་སྒོར་འབུམ་ ༥ ཙམ་བཏང་ནས་ཞིང་པ་དེ་ཚོར་བུ་ལོན་ཆ་ཚང་སྤྲོད་རོགས་བྱས་ཡོད་པ་མ་ཟད། གན་རྒྱའི་གཏའ་མར་བཞག་པའི་ཞིང་ས་དང་སྡོད་གནས་ཀྱི་བདག་དབང་ཕྱིར་བླངས་ཡོད་པས། མི་འགྱངས་བར་ས་ཐོ་ལག་འཛིན་སོགས་དོ་བདག་སོ་སོར་རག་གི་ཡོད་འདུག

ཨ་མེ་ཌ་བྷ་ཅན་སྒེར་གྱི་སྤྱི་ཚོགས་དྲ་ངོས་སུ་དེའི་སྐོར་བསྒྲགས་པའི་ནང་། ས་ཞིང་གི་ཡིག་ཆ་དང་ལག་འཁྱེར་རྣམས་ཁོ་རང་གིས་དངོས་སུ་དོ་བདག་ལ་སྤྲོད་འདོད་ཆེན་པོ་ཡོད་ཀྱང་། ཞིང་པ་ཆ་ཚང་ལ་དངོས་སུ་སྤྲོད་ཐབས་མེད་པས། ས་གནས་ནས་གྲོང་ཁྱེར་མོན་བྷེར་སྐྱོད་པའི་མེ་འཁོར་གྱི་རྐུབ་བཀྱག་ཆེད་དུ་གླས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཞིང་པ་ ༧༠ ཙམ་མོན་བྷེ་རུ་ཡིག་ཆ་རྣམས་ལེན་དུ་འགྲོ་ཡི་ཡོད་པས། ཁོ་རང་ཧ་ཅང་དགའ་བོ་བྱུང་སྐོར་བརྗོད་འདུག

ཡང་གནས་ཚུལ་དེའི་ནང་། གད་སྙིགས་གཙང་བཟོ་བ་ཚོས་རང་ཉིད་ཀྱི་སྲོག་ལ་མ་འཛེམས་པར་ཁོར་ཡུག་གཙང་སྦྲ་དང་། ས་འོག་བཙོག་ཆུ་གཙང་སེལ་བྱེད་བཞིན་པ་དེའི་ཆེད་དུ་གཙང་སེལ་འཕྲུལ་ཆས་ ༥༠ སྤྲོད་རྒྱུ་ཁས་ལེན་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ས་གནས་བདེ་དོན་ལྷན་ཚོགས་ལ་གཙང་སེལ་འཕྲུལ་ཆས་ཆེ་བ་རྣམས་སྤྲོད་རྒྱུ་དང་། ཆུང་བ་དང་འབྲིང་བ་ ༣༥ ནས་ ༤༠ ཙམ་མི་སྒེར་ལ་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་འདུག

བྷི་བྷི་སི་ཡི་གནས་ཚུལ་ལྟར་ན། འདས་ལོར་རྒྱ་གར་གྱི་མངའ་སྡེ་མ་ཧཱ་ར་ཤི་ཊ་རཱ (Maharashtra) ནང་ཐན་སྐྱོན་བྱུང་སྟེ་དཀའ་ངལ་ཆེན་པོ་འཕྲད་སྐབས། ཞིང་པ་དང་ཉེན་རྟོག་པའི་བར་ལག་འཛིང་ཤོར་ཏེ་ཞིང་པ་ ༤ ཡི་ཚེ་སྲོག་ཤོར་བའི་རྐྱེན་གྱིས་ཞིང་པའི་ངོ་རྒོལ་ལས་འགུལ་ཤུགས་ཆེན་བྱུང་ཡོད་པ་དང་། སྐབས་དེར་ཞིང་པ་ཚོས་མངའ་སྡེ་གཞུང་ནས་རོགས་རམ་བྱེད་དགོས་པ་དང་དངུལ་ཁང་གིས་ཞིང་པ་ཚོར་བུ་ལོན་གྱི་སྐྱེད་ཀ་ཉུང་དུ་གཏོང་དགོས་པ་སོགས་ཀྱི་དགོས་འདུན་བཏོན། སྐབས་དེར་ཨ་མེ་ཌ་བྷ་ཅན་གྱིས་ཞིང་པ་ ༣༥༠ ཡི་བུ་ལོན་སྤྲོད་རོགས་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་ལྟར། ད་ལོའི་ལོ་མགོར་ཞིང་པ་དེ་ཚོའི་བུ་ལོན་ཆ་ཚང་སྤྲད་ཡོད་འདུག

ཨ་མེ་ཌ་བྷ་ཅན་ནི་ཕྱི་ལོ་༡༩༤༢ ལོར་རྒྱ་གར་བྱང་རྒྱུད་ཨུ་ཊར་མངའ་སྡེའི་ནང་རྒྱ་གར་གྱི་སྙན་ངག་པ་དང་རྩོམ་པ་པོ་ཧཱ་རི་ཝན་ཤི་རའེ་ཌ་བྷ་ཅན་(Harivansh Rai Bachchan)དང་། སྤྱི་ཚོགས་ལས་འགུལ་བ་ཊི་ཇི་ཌ་བྷ་ཅན་(Teji Bachchan)གཉིས་ཀྱི་བུ་རུ་སྐྱེས་ཡོད་པ་དང་། ཨ་མེ་ཌ་བྷ་ཅན་ནི་རྒྱ་གར་གྱི་བརྙན་འཕྲིན་མདོ་འཛིན་པ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན། གཞས་པ་དང་གཞས་གདངས་རྩོམ་པ་པོ་སོགས་ཡིན་འདུག  ད་བར་ཁོང་གིས་གློག་བརྙན་ ༡༩༠ ལྷག་ནང་འཁྲབ་སྟོན་བྱས་ཡོད་འདུག་ལ། རྒྱ་གར་གཞུང་གིས་ཁོང་གི་སྒྱུ་རྩལ་ལ་ཆེ་མཐོང་དུ་ཕྱི་ལོ་ ༡༩༨༤ ལོར་གཞུང་འབྲེལ་གཟེངས་རྟགས་མཐོ་ཤོས་ཨང་བཞི་པ་(Padma Shri) དང་ཕྱི་ལོ་ ༢༠༠༡ (Padma Bhushan)། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་ (Padma Vibhushan)་སོགས་སྤྲད་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

The post ཞིང་པའི་བུ་ལོན་འཇལ་རོགས་བྱས། appeared first on བོད་ཀྱི་དུས་བབ།.

སྔཊ་དགོན་གྱི་འདུ་ཁང་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

$
0
0

རེབ་གོང་ཞོ་འོང་ལ་ཁའི་མཁར་ནང་སྔགས་མང་དགོན་གྱི་འདུ་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་བ་དང་སྐུ་རྟེན་རྣམས་སྐྱོབ་ཆེད་བོད་མི་ཞིག་མེ་ནང་དུ་མཆོངས་ཏེ་རྐྱེན་འདས་སུ་ཕྱིན་ཡོད་འདུག
དེ་རིང་ཞོགས་པར་བོད་རེབ་གོང་ཞོ་འོང་ལ་ཁའི་མཁར་ནང་སྔགས་མང་དགོན་གྱི་འདུ་ཁང་ཆེན་མོར་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། ས་གནས་སེར་སྐྱ་མི་མང་གིས་མེ་གསོད་ཐབས་བྱས་ཡོད་ཀྱང་། མེ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་གསོད་མ་ཐུབ་པར་སྐུ་རྟེན་གཙོས་འདུ་ཁང་ཧྲིལ་པོར་ཚིག་སྐྱོན་བྱུང་ཡོད་འདུག སྐུ་རྟེན་རྙིང་པ་རྣམས་སྐྱོབ་པའི་ཆེད་དུ་མེ་ལྕེ་འཕྱུར་བའི་ནང་བོད་རིགས་ཕོ་གསར་ཞིག་མཆོངས་ཏེ་རྐྱེན་འདས་སུ་ཕྱིན་ཡོད་འདུག

འདི་གའི་གསར་འགོད་པས་ཕ་ཡུལ་རེབ་གོང་ནས་ཡིན་པའི་དྷ་རམ་ས་ལའི་བོད་མི་ཞིག་ལ་ད་ལྟ་གནས་སྟངས་ག་འདྲ་ཆགས་ཡོད་སོགས་འདྲི་སྐབས། སྔགས་དགོན་དེ་ལོ་ ༣ གྱི་གོང་དུ་གསར་དུ་བཞེངས་ཤིང་། དེ་རིང་ཞོགས་པར་མེ་སྐྱོན་བྱུང་ཡོད་པ་དང་། གནས་སྟངས་གསལ་པོ་ཤེས་མ་སོང་ཡང་ཕལ་ཆེར་འབར་ཚར་ཡོད་པ་འདྲ། ཕོ་གསར་ཞིག་གིས་རྟེན་རྙིང་ལེན་ཆེད་མེ་ལྕེའི་ནང་རྒྱུག་པས་སྲོག་ཤོར་འདུག ཅེས་བརྗོད་བྱུང་།

ཡང་འདི་གར་མཁོ་སྤྲོད་བྱས་པའི་བརྙན་ཐུང་གཅིག་གི་ནང་། ལྷ་ཁང་དམར་པོ་ཞིག་གི་རྒྱ་ཕིབས་ཡང་སྟེང་དུ་མེ་ལྕེ་ལྷབ་ལྷུབ་དུ་འབར་བཞིན་ཡོད་པ་དང་། མཐའ་འཁོར་དུ་གྲྭ་པ་དང་རྒན་རྒོན་རེ་མ་གཏོགས་མེ་གསོད་རུ་ཁག་ལྟ་བུ་མཐོང་རྒྱུ་མི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post སྔཊ་དགོན་གྱི་འདུ་ཁང་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་། appeared first on བོད་ཀྱི་དུས་བབ།.

Viewing all 4854 articles
Browse latest View live


<script src="https://jsc.adskeeper.com/r/s/rssing.com.1596347.js" async> </script>