Quantcast
Channel: བོད་ཀྱི་དུས་བབ།
Viewing all 4854 articles
Browse latest View live

ལྷོ་ཀོ་རི་ཡའི་མི་ཞིག་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དུ་བདམས།

$
0
0

ཨ་རིས་མཚམས་སྦྱོར་བྱས་པའི་ལྷོ་ཀོ་རི་ཡ་ནས་ཡིན་པའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འཕྲལ་སེལ་འགན་འཛིན་ཁེམ་ཇོང་ཡཱང་སྒྲིག་འཛུགས་དེའི་འགན་འཛིན་དུ་བདམས་ཡོད་འདུགདེ་རིང་དཀྱིལ་ཤར་ཡུལ་གྲུ་(United Arab Emirates)ཡི་(Dubai)གྲོང་ཁྱེར་ནང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་(The International Criminal Police Organization)ཀྱི་འགན་འཛིན་གསར་པའི་འོས་བསྡུ་བྱས་ཡོད་པ་དང་།  སྒྲིག་འཛུགས་དེའི་ཚོགས་མི་ ༡༩༤ ཡིས་འོས་ཤོག་བླུགས་པ་བརྒྱུད་ཨ་རིས་མཚམས་སྦྱོར་བྱས་པའི་ལྷོ་ཀོ་རི་ཡ་ནས་ཡིན་པའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འཕྲལ་སེལ་འགན་འཛིན་ཀེམ་ཇོང་ཡཱང་(Kim Jong Yang) འགན་འཛིན་གསར་པར་བདམས་ཐོན་བྱུང་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་། ཉིན་ཤས་གོང་ནས་བཟུང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་གསར་པའི་འོས་བསྡུའི་སྐོར་ནས་གླེང་སློང་མང་པོ་བྱུང་ཡོད་པ་དང་། དབྱེ་ཞིབ་པ་མང་པོས་ཨུ་རུ་སུའི་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དང་། ཉེན་རྟོག་སྤྱི་ཁྱབ་འགན་འཛིན་གཅིག་ལྕོགས་ཡིན་པའི་ཨེ་ལེག་སི་ཛཱན་ཌར་པོ་ཀོ་ཅུག་(Alexander Prokopchuk) འགན་འཛིན་གསར་པར་གདམ་རྒྱུ་ཡིན་པའི་ཚོད་དཔག་བྱས་པ་དེས། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོས་ཨུ་རུ་སུར་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱི་གོ་གནས་མཐོ་ཤོས་དེ་རག་པར་བློ་འཚབ་ཆེན་པོ་བྱས་ཡོད་པ་དང་། མི་མང་པོས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་དེ་ཆབ་སྲིད་ཀྱི་ལག་ཆར་འགྱུར་བཞིན་པའི་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུག

དེ་ཡང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྲིད་འཛིན་ཊོམ་ཕུ་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་ཚོགས་མི་རྣམས་ལ་ཨེ་ལེག་སི་ཛཱན་ཌར་འགན་འཛིན་དུ་བདམ་མི་འོས་པའི་སྐོར་ནས་ཞུ་འཕྲིན་ཅིག་ཕུལ་བའི་ནང་། གལ་ཏེ་ཨེ་ལེག་སི་ཛཱན་ཌར་འགན་འཛིན་ཏུ་བསྐོ་བཞག་བྱུང་ན། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་མཚན་མཐོང་ལ་གནོད་ཀྱི་ཡོད་པ་དང་། ཨེ་ལེག་སི་ཛཱན་ཌར་ནི་དམངས་གཙོའི་སྒྲིག་འཛུགས་ལ་གཏོར་བཅོམ་དང་། པུ་ཊེན་གྱི་སྒེར་གཅོད་རིང་ལུགས་མཐོར་འདེགས་བྱེད་པའི་ཐབས་བྱུས་ལག་བསྟར་བྱེད་མཁན་གྲས་སུ་ཡོད་སྟབས། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་དོན་སྙིང་ལྡན་པའི་བསྒྱུར་བཅོས་ཁག་ལ་འགོག་རྐྱེན་བཟོ་སྲིད་པའི་སྐོར་ནས་སྐྱོན་བརྗོད་བྱས་ཡོད་འདུགརྒྱལ་སྲིད་དྲུང་ཆེ་མེག་པོམ་པེ་(Mike Pompeo)ལགས་ཀྱིས་ལྷོ་ཀོ་རི་ཡ་ནས་ཡིན་པའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འཕྲལ་སེལ་འགན་འཛིན་ཀེམ་ཇོང་ཡཱང་(Kim Jong Yang)འགན་འཛིན་གསར་པའི་འོས་མིར་མཚམས་སྦྱོར་བྱས་ཡོད་པ་མ་ཟད། གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་དེ་འཛམ་གླིང་ནང་གི་ཁྲིམས་སྒྲིག་ལག་བསྟར་བྱེད་མཁན་གྱི་སྒྲིག་འཛུགས་གལ་ཆེན་ཞིག་ཡིན་སྟབས། ང་ཚོས་དེའི་ཆ་ཤས་སུ་གྱུར་བའི་རྒྱལ་ཁབ་དང་སྒྲིག་འཛུགས་ཚང་མས་འོས་ཤིང་འཚམ་པའི་འགན་འཛིན་ཞིག་བསྐོ་བཞག་བྱེད་རྒྱུར་སྐུལ་འདེད་བྱེད་ཀྱི་ཡོད་པ་དང་། ང་ཚོས་སྐུ་ཞབས་ཀེམ་ཇོང་ཡཱང་ནི་འགན་འཛིན་གསར་པར་འདེམས་རྒྱུ་འོས་ཤིང་འཚམ་པ་ཞིག་རེད་བསམ་གྱི་འདུག ཅེས་བརྗོད་ཡོད་འདུག

དེ་སྔོན་ནས་ཨུ་རུ་སུས་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ལ་སྲིད་འཛིན་པུ་ཊེན་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་གྱི་མི་སྒེར་པ་འགའ་ཤས་འཇུ་བཟུང་བྱེད་རྒྱུའི་རེ་སྐུལ་ཐེངས་ ༦ ཙམ་བྱས་ཡོད་པའི་ཁྲོད། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན། ཨུ་རུ་སུའི་ཉེན་རྟོག་ཞིབ་དཔྱོད་པས་པུ་ཊེན་ལ་སྐྱོན་བརྗོད་དྲག་པོ་བྱེད་མཁན་གྱི་དབྱིན་ཇིའི་ཚོང་གཉེར་བ་བྷིལ་བྷོ་ཌར་(Bill Browder) གྱིས། གཡོ་རྫུས་བྱས་པའི་ཉེས་མིང་འོག་འཇུ་བཟུང་དགོས་པའི་རེ་སྐུལ་བྱས་ཡོད་ཀྱང་། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ནས་དཔང་རྟགས་བཙན་པོ་མེད་པའི་རྒྱུ་མཚན་གྱིས་འཇུ་བཟུང་བྱས་མེད་པ་རེད། གལ་ཏེ་ཨེ་ལེག་སི་ཛཱན་ཌར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་གསར་པར་བསྐོ་བཞག་བྱུང་ཚེ། ཨུ་རུ་སུའི་རང་གི་ཁ་གཏད་རྣམས་འཇུ་བཟུང་བྱེད་རྒྱུའི་དབང་ཆ་སྤྲོད་སྲིད་པའི་ཚོད་དཔག་བྱས་ཡོད་འདུག

རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་ཟུར་པ་མེང་ཧོང་ཝེ་(Meng Hongwei)འདི་ལོའི་ཟླ་ ༩ ཚེས་ ༢༩ ཉིན་ཚོགས་འདུ་ཞིག་ནས་ཕྱིར་རྒྱ་ནག་ལ་ལོག་པ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ཕྱིས་སུ་རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་འཇུ་བཟུང་བྱས་ཏེ་འདྲི་གཅོད་བྱེད་བཞིན་པའི་སྒང་ཡིན་སྐོར་ཡོངས་ཁྱབ་གསལ་བསྒྲགས་བྱས་ཡོད་པ་རེད། གནད་དོན་དེའི་ཐད་རྒྱལ་སྤྱིའི་སྟེང་གླེང་སློང་མི་ཉུང་བ་ཞིག་བྱུང་ཡོད་པ་མ་ཟད། མེང་ཧོང་ཝེ་ཡི་བཟའ་ཟླ་གྷེ་རེ་སི་(Meng Grace)ཡིས་གསར་འགྱུར་བརྒྱུད་ལམ་ཁག་ནང་། ཁོ་མོའི་བཟའ་ཟླ་ཡིས་ལྐོག་ཟ་རུལ་སུངས་བྱས་མེད་ཚུལ་དང་། དེ་ནི་ཆབ་སྲིད་ཀྱི་རྩོད་རྙོག་ཁོ་ནའི་རྐྱེན་གྱིས་འཇུ་བཟུང་བྱས་པ་ཞིག་ཡིན་ལ། ད་ལྟ་ཁོ་གསོན་པོ་ཡོད་མེད་ལའང་ཐེ་ཚོམ་ཡོད་པ་དང་། རྒྱ་གཞུང་གིས་སྐྱུག་བྲོ་བའི་ལས་སྟངས་དེ་ཧ་ཅང་གདུག་རྩུབ་ཆེན་པོ་དང་ཐབས་རྡུགས་ཡིན་ཚུལ་སོགས་བརྗོད་ཡོད་པ་མ་ཟད། རྒྱལ་སྤྱིའི་མགོ་འཁྲིད་དང་ཚོགས་སྡེ་ཁག་གིས་མོའི་བཟའ་ཟླ་གང་མགྱོགས་གློད་གྲོལ་ཡོང་བར་གནོན་ཤུགས་སྤྲོད་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ད་ལྟའི་ཆར་མེང་ཧོང་ཝེ་གང་དུ་ཡོད་མེད་དང་ཤི་གསོན་གྱི་གནས་སྟངས་གང་ཡིན་སོགས་ཤེས་རྟོགས་བྱུང་མེད་པ་རེད།

རང་ལོ་ ༥༧ ཡིན་པའི་ཀེམ་ཇོང་ཡཱང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ནང་མ་ཞུགས་གོང་ལྷོ་ཀོ་རི་ཡའི་གྷོང་གྷི་(Gyeonggi)མངའ་སྡེའི་ཉེན་རྟོན་འགན་འཛིན་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཨེ་ཤ་ཡའི་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་གཞོན་པར་བསྐོ་བཞག་བྱས། སྒྲིག་འཛུགས་དེའི་འགན་འཛིན་ཟུར་པ་མེང་ཧོང་ཝེ་བོར་བརླག་སོང་བ་ནས་བཟུང་ད་བར་སྤྱི་ཁྱབ་འགན་འཛིན་ཟུར་པ་དང་སྐབས་འཕྲལ་འགན་འཛིན་གྱི་ལས་འཁུར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

The post ལྷོ་ཀོ་རི་ཡའི་མི་ཞིག་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་སྒྲིག་འཛུགས་ཀྱི་འགན་འཛིན་དུ་བདམས། appeared first on བོད་ཀྱི་དུས་བབ།.


ཀོ་ཝིན་གོ་ཡིས་རྒྱ་ནག་གཞུང་ལས་སླ་པོ་ཐར་བ་གཏོང་གི་མིན་ཟེར། 

$
0
0

རྒྱ་ནག་དམར་ཤོག་ཚོགས་པས་གཡོ་ཇུས་སྣ་ཚོགས་སྤྱད་དེ་རྒྱའི་མཐོ་རིམ་མི་སྣ་བཙོན་འཇུག་གིས་རྡུང་རྡེག་མནར་གཅོད་བཏང་སྟེ་ངན་གསོད་བྱེད་བཞིན་ཡོད་པའི་སྐོར་ལ་ཨ་སྒོར་ས་ཡ་ ༡༠༠ གཏང་ནས་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག ཁ་སང་ཕྱི་ཚེས་ ༢༠ ཉིན། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ཞིག་ཏུ། ཨ་རིའི་ནང་སྐྱབས་བཅོལ་དུ་ཡོད་པའི་རྒྱ་རིགས་ཕྱུག་བདག་ཆེན་མོ་ཀོ་ཝེན་གོ་དང་། ཨ་རིའི་ཕོ་བྲང་དཀར་པོའི་སྤྱི་ཁྱབ་བློ་འདོན་པ་ཟུར་པ་སི་ཊི་ཝིན་བྷ་ནོ་(Steve Bannon)ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་སྔོན་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གི་ཕྱུག་བདག་ཆེན་མོ་ཝང་ཅན་(Wang Jian)ཧྥ་རན་སིའི་ཐོག་ཁང་ཞིག་ནས་མཆོངས་ཏེ་རང་ཤི་བརྒྱབས་ཡོད་སྐོར་གྱི་གནས་ཚུལ་ཐོན་པ་དང་། དེ་བཞིན་རྒྱ་ནག་ནང་གི་ཕྱུག་བདག་ཚོ་དང་གཞུང་གི་ཁ་གཏད་ཀྱི་མཐོ་རིམ་མི་སྣ་རྣམས་བྱེད་ཐབས་སྣ་ཚོགས་བརྒྱུད་བཙོན་འཇུག་གིས་མནར་གཅོད་རྡུང་རྡེག་བཏང་སྟེ་ངན་གསོད་བྱེད་བཞིན་ཡོད་པའི་སྐོར་ལ་ཞིབ་འཇུག་བྱས་ཏེ། རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་གཡོ་ཇུས་ཀྱི་རྫུན་རྐུབ་བརྡོལ་རྒྱུ་ཡིན་སྐོར་བསྒྲགས་འདུག

གསར་འགོད་གསལ་བསྒྲགས་ཐོག་སི་ཊི་ཝན་བྷ་ནོ་ལགས་ཀྱིས། ཀོ་ཝན་གོ་ཡིས་ཐེངས་འདིའི་ཞིབ་འཇུག་ཆེད་ཨ་སྒོར་ས་ཡ་  ༡༠༠ གཏང་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། ཁོང་གིས་ཞིབ་འཇུག་ལས་དོན་དེའི་སྤྱི་ཁྱབ་འགན་འཛིན་བྱས་ཏེ། དྲང་བདེན་གྱི་ཆེད་དུ་གླ་ཆ་གང་ཡང་མི་ལེན་པར་དང་བླངས་ཐོག་ལས་ཀ་སྒྲུབ་རྒྱུ་ཡིན་སྐོར་དང་། ཁོ་རང་ཀོ་ཝིན་གོ་དང་འབྲེལ་འདྲིས་བྱུང་སྟེ་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་པ་ནི་ཨ་རིའི་གཞུང་དང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་ཡོད་པ་མ་ཟད། ཀོ་ཝིན་གོ་ལྷན་དུ་ཞིབ་འཇུག་ལས་དོན་དེའི་མགོ་འཁྲིད་རྒྱུར་དང་བླངས་ཡིན་པ་ལས་གླ་ཆ་གང་ཡང་ལེན་གྱི་མེད་སྐོར་སོགས་བརྗོད་ཡོད་འདུག

ཀོ་ཝན་གོ་དང་སི་ཊི་ཝིན་བྷ་ནོ་གཉིས་ཐོག་མར་སི་ཊི་ཝིན་བྷ་ནོ་ཨ་རིའི་ཕོ་བྲང་དཀར་པོའི་སྤྱི་ཁྱབ་བློ་འདོན་པ་ཡིན་སྐབས་ངོ་ཐུག་ཡོད་པ་དང་། སི་ཊི་ཝིན་བྷ་ནོ་ཡིས་རྒྱ་ནག་གི་ཕྱུག་བདག་ཝང་ཅན་གྱི་ཤི་རྐྱེན་ནི་ཊར་ཁེའི་ནང་སོ་ཌི་ཨ་རབ་ཀྱི་གསར་འགོད་པ་ཁ་ཤོ་གྷེ་(Jamal Khashoggi)ལྐོད་གསོད་བྱས་པ་དང་། ཁོའི་ཤི་རྐྱེན་ཊར་ཁེ་ནང་ཡོད་པའི་ཨུ་རུ་སུ་དང་སོ་ཌི་ཨ་རབ་གཉིས་བར་ཁ་གཡར་རེས་བྱས་ཡོད་པ་ལྟར་རེད། ཅེས་བརྗོད་ཡོད་པ་དང་། ཀོ་ཝན་གོ་ཡིས་ཁོས་ཞིབ་འཇུག་མི་སྣ་ཐེངས་ ༦ ལ་ཧྤ་རན་སིར་ཆེད་མངག་གིས་ཕྱུག་བདག་ཝང་ཅན་གྱི་ཤི་རྐྱེན་ནི་དུག་རྫས་ཤིག་ཡིན་པ་རྩད་ཆོད་བྱུང་སྐོར་དང་། དམར་ཤོག་ཚོགས་པའི་ངན་ཇུས་འོག་ལྐོག་གསོད་དང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་མི་སྒེར་དང་ཁོ་ཚོའི་གཉེན་ཉེ་སོགས་ཀྱི་གནས་སྟངས་ལ་ཞིབ་འཇུག་བྱ་རྒྱུ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་རྫུན་དང་གཡོ་ཇུས་དག་ལས་སླ་བོར་ཐར་བ་གཏོང་རྒྱུ་མིན་སྐོར་བརྗོད་འདུགཐེངས་འདིའི་རྒྱ་ནག་སྐོར་གྱི་ཞིབ་འཇུག་ལས་དོན་དེ་བདུན་ཕྲག་རྗེས་མ་ནས་དངོས་སུ་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། ཀོ་ཝིན་གོ་ཕྱི་ལོ་ ༢༠༡༤ ལོར་ཨ་རིར་སྐྱབས་བཅོལ་དུ་ཕྱིན་པ་ནས་ད་བར་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་མི་སྣ་མང་པོའི་སྐྱོན་འཚང་ཕྱིར་བཏོན་ཡོད་པ་དང། དམིགས་བསལ་ད་ལྟའི་ཞི་ཅིན་ཕིན་གྱི་ལག་པ་གཡས་པ་ལྟ་བུའི་ཝང་ཆི་ཧྲན་སོགས་དམར་ཤོག་ཚོགས་པའི་ཆེས་མཐོའི་དཔོན་རིགས་ཚོས་སོ་སོའི་ཁེ་དབང་སྲུང་སྐྱོབ་ཆེད་མིའི་སྲོག་ལ་རིན་ཐང་གང་ཡང་སྤྲོད་ཀྱི་མེད་སྐོར་དང་། རྒྱ་ནག་གཞུང་གི་མཐོ་རིམ་མགོ་འཁྲིད་མང་པོའི་ལྐོག་ཟ་རུལ་སུངས་དང་། བྱུས་ངན་མང་པོ་ཞིག་ལ་བདེན་དཔང་ཡིག་ཆ་དང་བཅས་ཐེར་འདོན་བྱས་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་གཞུང་དེ་དམངས་གཙོར་བསྒྱུར་རྒྱུ་དེ་ཁོའི་རྨི་ལམ་ཡིན་སྐོར་སོགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ཀོ་ཝིན་གོ་ཡིས་རྒྱ་ནག་གཞུང་ལས་སླ་པོ་ཐར་བ་གཏོང་གི་མིན་ཟེར།  appeared first on བོད་ཀྱི་དུས་བབ།.

ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་གཤེགས།

$
0
0

སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བལ་ཡུལ་ཡང་ལེ་ཤོད་ནས་གློ་བུར་དུ་སྐུ་གཤེགས་པར་བོད་མིའི་སྒྲིག་འཛུགས་ནས་མཆོད་འབུལ་སྨོན་ལམ་ཞུས། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཡས་མས་སུ་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་བལ་ཡུལ་ཀྱི་ཡང་ལེ་ཤོད་དུ་གློ་བུར་སྐུ་གཤེགས་ཡོད་པ་དང་། ཟླ་འདིའི་བོད་ཚེས་ ༢༠ དང་ཕྱི་ཚེས་ ༢༧ ཉིན་དད་ལྡན་སེར་སྐྱ་མི་མང་ཡོངས་ལ་སྐུ་གདུང་མཇལ་ཁ་དང་སྐུ་གདུང་ཞུགས་འབུལ་ཞུ་རྒྱུ་ཡིན་འདུག

དེ་རིང་ཞོགས་པར་རིན་པོ་ཆེ་མཆོག་གི་འདས་མཆོད་གོ་སྒྲིག་ཚོགས་ཆུང་དང་སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་གསལ་མདོ་སྔགས་ཆོས་འཁོར་གླིང་། སྔ་འགྱུར་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་པ། མགོ་ལོག་ཐེབས་རྩ་ཁང་། སྐལ་བཟང་རྡོ་རྗེ་ནང་མི་བཅས་ཐུན་མོང་ནས་༧སྐྱབས་རྗེ་རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་གཤེགས་པའི་སྐོར་རྒྱལ་ཕྱི་ནང་གི་དད་ལྡན་རྣམས་ལ་ཡོངས་བསྒྲགས་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཀོད་ཁྱབ་འོག་བཞུགས་སྒར་དུ་ཆོས་ཚོགས་ཐེངས་བཅུ་གསུམ་པ་བསྐྱང་གཏན་འཁེལ་བ་ལྟར་བོད་རབ་བྱུང་བཅུ་བདུན་པའི་ས་ཁྱི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་དགའ་བ་གསུམ་པ་སྟེ། སྤྱི་ལོ་ ༢༠༡༨ ལོའི་བོད་ཟླ་བཅུ་པའི་བོད་ཚེས་ ༡༠ ཕྱི་མའི་ཉིན་རིན་པོ་ཆེ་མཆོག་ཆིབས་བསྒྱུར་གནང་དགོས་ངེས་པ་ལ་གྲ་སྒྲིག་གང་འཚམས་གནང་བ་དང་། ལམ་བར་ནས་ཀཿཐོག་ཨ་འཛོམ་དགོན་དང་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་པ་གཉིས་ལ་ཉིན་འགར་བཞུགས་འཆར་ཞལ་བཞེས་གནང་ཡོད་ཀྱང་། ཉིན་དེའི་ནུབ་མོར་ཁོང་གི་དངོས་སློབ་དད་པ་དམ་ཚིག་གཙང་ཞིང་ཐུགས་གཙིགས་ཤིན་ཏུ་ཆེ་བའི་ཞབས་ཏོག་པ་རི་ཁྲོད་པ་བླ་མ་གོང་འཕེལ་དང་། རི་ཁྲོད་པ་བླ་མ་གུ་རུ་གཉིས་ལ་ཁོང་གིས་དངོས་སུ་གསུངས་པ་འདིར་མདོར་བསྡུས་ཙམ་ཞིག་ཞུས་ན། མི་རྟག་པའི་གཏམ་དང་འབྲེལ་ནས་༼སང་ཉིན་ང་ཤི་འདུག་ཡོད་ན་གུ་རུ་ཁྱེད་གཉིས་ཀས་ཤིང་ཨེ་རག་མི་ཤེས་སྣུམ་ཉོས་ནས་ཕ་གའི་རིའི་སྒང་དུ་མེ་བསྲེག་གཏོང་དགོས༽ཞེས་དང་། ཚེས་ ༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡།༣༠ ཡས་མས་སུ་ཞབས་ཏོག་པ་བླ་མ་གོང་འཕེལ་དང་མཉམ་དུ་རིན་པོ་ཆེའི་ཐུགས་དགོངས་ནང་བཞིན་རྐང་ལམ་བརྒྱུད་ཞབས་ཐང་ཕེབས་སྐབས་སུ། གློ་བུར་དུ་ལམ་འཕྲང་མི་བདེ་སར་ཕེབས་པ་ན་ཁོང་གི་ཞབས་ཏོག་པ་གོང་འཕེལ་གྱིས་རིན་པོ་ཆེ་འདི་ནས་མ་ཕེབས་མ་གཏོགས་ལམ་ཁ་མི་འདུག་ཅེས་ཞུས་ཚེ། ༼ཁྱོད་ནི་སྙིང་རྗེ་སྡུག་ལྡན་གྱི་ཕུང་པོ་འདི་ལ་ཅི་འདྲའི་ཞེན་ཆགས་ཆེན་པོ་ཞིག་རེད་འདུག་ཨ༽ཞེས་སོགས་གསུང་བཞིན་ཤར་རྒྱག་ཕེབས་མཚམས། ཆུ་ཚོད་ ༡༡།༣༠ ཡས་མས་སུ་ཕེབས་ལམ་ནས་ཞབས་སྣེ་འདྲེད་པའི་རྐྱེན་བྱས་ཏེ་གློ་བུར་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་སོང་བ་ལགས་ན། ཞིང་གཤེགས་དམ་པ་ཁོང་གི་ས་ལམ་གྱི་མངོན་རྟོགས་ལ་ཉེ་ཞོ་གང་ཡང་མེད་ཕྱིར་དང་། འབྲེལ་ཐོགས་ཀུན་ལ་སྐྱབས་འཇུག་ཡང་ཡང་ཞུ་རྒྱུ་དང་། ལྷག་པར་དུ་༧སྐྱབས་རྗེ་ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་མཆོག་གི་ཞལ་བཀོད་ལྟར་བལ་ཡུལ་སྔ་འགྱུར་ཀཿཐོག་ཨ་འཛོམ་དགོན་འདུས་སྤྱི་དང་། བལ་ཡུལ་ཀཿཐོག་གཞི་ཆེན་བཻ་རོ་གླིང་དགོན་འདུས་སྤྱི་གཉིས་ཀྱིས་གཙོ་འགན་བཞེས་ཏེ་འདས་མཆོད་གོ་སྒྲིག་ཚོགས་ཆུང་དང་། མགོ་ལོག་ཐེབས་རྩ་ཁང་། སྐལ་བཟང་རྡོ་རྗེ་ནང་མི་བཅས་ལྷན་འཛོམས་ཐོག་འབྲེལ་ཡོད་ཐུན་མོང་ནས་དམིགས་བསལ་ཙམ་མ་གཏོགས་སྤྱིར་བཏང་ཞག་གསུམ་རིང་གསང་རྒྱ་དམ་པོ་བྱེད་རྒྱུ་བཅས་དགོངས་རྫོགས་འགྲོ་དང་འགྲོ་མུས་སུ་མཆིས། ཞེས་བཀོད་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༠༠ སྟེང་བོད་མིའི་སྒྲིག་འཛུགས་ནས་༧སྐྱབས་རྗེ་ཞིང་གཤེགས་དམ་པ་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་སོང་བ་དང་། སྐབས་དེར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་སྟབས་མ་ལེགས་པར་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་གནས་ཚུལ་ཐོན་པ་ལྟར། བློ་ཕམ་དང་ཡིད་སྐྱོའི་གནས་ཚུལ་འདི་ལྟ་བུ་ཞིག་བྱུང་བར་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་དང་བཅས་པའི་ཚབ་བྱས་ཏེ་མྱ་ངན་གུས་འདུན་ཞུ་རྒྱུ་དང་། དེ་བཞིན་རིན་པོ་ཆེ་མཆོག་གི་བླ་བྲང་གི་ཞབས་གཉེར་བ་རྣམ་པ་དང་བོད་ཕྱི་ནང་གཉིས་སུ་ཡོད་པའི་ཁོང་གི་དངོས་སློབ་རྣམ་པ། སྔ་འགྱུར་རྙིང་མའི་འདུས་སྡེ་བླ་གྲྭ་སྔགས་གསུམ་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྙིང་ཐག་པ་ནས་ཐུགས་གསོ་གཏིང་ཟབ་ཞུ་ཡི་ཡོད། ཅེས་གསུངས་སོང་།
མཇུག་ཏུ་བཀའ་བློན་མཆོག་གིས་༧སྐྱབས་རྗེ་དགེ་རྩེ་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པ་དེ་བོད་ཀྱི་བསྟན་དང་འགྲོ་བའི་གོད་ཆག་ཆེན་པོ་ཞིག་ཆགས་བསྡད་ཡོད་དུས། ང་ཚོ་ཚང་མས་མྱ་ངན་དང་བློ་ཕམ་གནང་དགོས་པ་ཞིག་ཆགས་ཡོད་པ་རེད། བསྟན་འཛིན་སྐྱེས་ཆེན་ཁོང་ལྟ་བུ་ཞིག་གི་མཛད་པ་ག་འདྲ་ཞིག་ཡིན་ནའང་བསྟན་པ་དང་འགྲོ་བའི་དོན་དུ་མ་སྨིན་པ་དང་དགོས་པ་མེད་པ་ཞིག་ཡོང་མ་སྲིད་པ་ཞིག་ཡིན་དུས། ཁོང་དགོངས་པ་རྫོགས་པ་དེར་དགོས་པ་ངེས་ཅན་ཞིག་ཡོད་ངེས་པས། ཚང་མས་༧སྐྱབས་རྗེ་དམ་པ་ཁོང་གི་ཐུགས་དགོངས་ཟབ་མོ་དེ་དག་ཡོངས་སུ་རྫོགས་པ་དང་སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྤྲུལ་འཁྲུལ་བྲལ་མྱུར་དུ་བྱོན་པའི་ཐུགས་སྨོན་སྐྱབས་འཇུག་ཟབ་མོ་གནང་རོགས་ཞུ། ཅེས་གསུངས་སོང་།

ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་ནི་ཕྱི་ལོ་ ༡༩༥༤ ལོར་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། ཡུམ་ཆོས་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་མཆོག་དང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག ཀརྨ་པ་རིག་པའི་རྡོ་རྗེ་མཆོག་སོགས་ནས་ངོས་འཛིན་གནང་བ་བཞིན་ཤར་རྒྱལ་བ་ཀཿཐོག་དགོན་དུ་ཕྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་མཛད་དེ། སྤྲུལ་སྐུ་ཉི་ཟླ་མཆོག་དང་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག ཀཿཐོག་མཁན་རྒན་རྒྱལ་མཚན་ནོར་བུ་མཆོག རྨོག་ཚ་རིན་པོ་ཆེ། ཨ་འཛོམ་འབྲུག་པ་སོགས་ཀྱི་མདུན་ནས་དབང་ལུང་གིས་ཐུགས་རྒྱུད་ཡོངས་སུ་འགང་བར་མཛད།

ཕྱི་ལོ་ ༡༩༩༧ ལོར་འཕགས་ཡུལ་དུ་ཕེབས་འབྱོར་རྗེས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་དང་། ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། ༧སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་གདམས་ངག་མང་པོ་ཞུས་པ་དང་། ནང་པའི་གནས་ཆེན་ཁག་ཏུ་སྐུ་མཚམས་ལ་བཞུགས་གནང་བ་དང་། དད་ལྡན་དོན་གཉེར་ཅན་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་འཛམ་གླིངཤར་ནུབ་ཀྱི་ཡུལ་གྲུ་མང་པོའི་ནང་ཕེབས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པའི་ཐོག ༧སྐྱབས་རྗེ་རིན་པོ་ཆེ་མཆོག་ནས་༸དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་མཚན་གནས་ཞལ་བཞེས་ལེགས་ཐོབ་མཛད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གློ་བུར་དུ་སྐུ་གཤེགས། appeared first on བོད་ཀྱི་དུས་བབ།.

སེམས་གཏིང་གི་འཚམས་ཕྲིན།

$
0
0

རྫ་ཚེ་རིང་བཀྲ་ཤིས།

བླ་མ་ལ་ཕྱག་འཚལ་ལོ། །བརྩེ་བའི་སྤུན་ཟླ་དགེ་རྩེ་སྐལ་བཟང་རྡོ་རྗེ་དང་། དགེ་རྩེ་རྒྱ་མཚོ་ཁྱེད་ཀྱི་ནང་མི་རྣམ་པ།

ད་ཐེངས་རང་རེ་དཔལ་ངེས་གསང་སྔ་འགྱུར་རྙིང་མའི་དབུ་འཛིན་༧སྐྱབས་རྗེ་དགེ་རྩེ་རིན་པོ་ཆེ་ཟླ་འདིའི་བོད་ཚེས་༡༡ ཉིན་གློ་བུར་སྐུ་གཤེགས་པའི་རྐྱེན་ཆག་འདི་སྤྱིར་གསང་སྔགས་སྔ་འགྱུར་བའི་བསྟན་པའི་གོད་ཆག་ཡིན་པ་ཙམ་མ་ཟད། ཁྱད་པར་དུ་ཁྱེད་བུ་སྤུན་ནང་མི་ཚོའི་ངོས་ནས་ཀྱང་སེམས་ལ་དཀའ་ངལ་དང་གདུང་བ་ཆེན་པོ་དམིགས་བསལ་ཞིག་གིས་ནོན་བཞིན་ཡོད་པ་ངས་ཚོར་ཐུབ་ཀྱི་འདུག ཁར་རྩང་གནས་ཚུལ་རགས་རིམ་ཙམ་གོ་བྱུང་ལ། དེ་རིང་ཁྱེད་ཀྱི་རྒྱབ་ལྗོངས་སུ་བཞག་པའི་གཞུང་ཕྱོགས་གསལ་བསྒྲགས་ལས་ཡོངས་སུ་གསལ་པོ་ཆགས་སོང་།

ངས་དེ་རིང་སྤྱིར་བཏང་གི་རང་ཉིད་སྔ་འགྱུར་བསྟན་པའི་ལྷག་ཞབས་སུ་སྐྱེས་པ་ཞིག་གི་ངོས་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་སྐུ་གཤེགས་པར་འཆར་ཅན་གྱི་མྱ་ངན་ཞུ་ཚིག་འབྲི་བ་ཙམ་མིན་པར། གཙོ་བོ་ཁྱེད་ཅག་ནང་མི་དང་འབྲེལ་བའི་ཐོག་ནས་འཚམ་འདྲིའི་ཡིག་ཆུང་འདི་འབྲི་རྒྱུ་ཡིན།
ང་ལ་མཚོན་ན་དོན་དག་འདི་དང་འབྲེལ་བའི་ཐོག་ནས་བསམ་ན་ཁྱེད་ཚོ་ནི་ཧ་ཅང་གལ་ཆེན་པོ་ཡིན། དེ་དང་ཆབས་གཅིག་༧སྐྱབས་རྗེ་མཆོག་གི་གསང་གསུམ་གྱི་རྣམ་ཐར་ལ་རྗེས་སུ་དྲན་པའི་ཡིད་གདུང་གི་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན་པ་ནི་སྨྲོས་ག་ལ་དགོས།

ལར་༧སྐྱབས་རྗེ་མཆོག་དང་གུས་པ་ནི་ཁྱེད་ཀྱིས་གསུངས་ན་ཤ་རུས་ཀྱི་འབྲེལ་བའི་གཉེན་ཚན་ཞིག་ཏུ་གཏོགས་པ་ཙམ་ཡོད་སྲིད་འདུག་མོད། དེའི་ཆ་ནས་ངས་ཁོང་ལ་ཉེ་ངོ་ཤག་ངོ་སྤྲོད་པ་སོགས་ཚིག་ཟུར་ཙམ་ཡང་ཞུ་མ་མྱོང་། འོན་ཀྱང་༧སྐྱབས་རྗེ་མཆོག་དང་གུས་པ་གཉིས་ནི་སྤྱི་ལོ་ཉིས་སྟོང་བཅུའི་ལོར་རྒྱ་གར་བྱང་ཕྱོགས་ཀྱི་ལ་དྭགས་དང་ཁད་ཉེ་བའི་མངའ་རིས་སྐོར་གསུམ་གྱི་བྱེ་བྲག་སྤི་ཏི་རུ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་དྲུང་དུ་ཟླ་ངོ་ཧྲིལ་པོ་གཅིག་ལྷག་ལ་བདུད་འཇོམས་གཏེར་གསར་གྱི་དབང་ལུང་ཁྲིད་གསུམ་ཞུས་ནས་མཉམ་དུ་བསྡད་པའི་ཆོས་གྲོགས་ཡིན། སྐབས་དེར་ཁོང་གི་གཟིམ་ཤག་ཀྱང་ང་ཚོའི་སྡོད་གནས་ཀྱི་ཡང་ཐོག་ཏུ་ཡོད་སྟབས་སྐབས་མང་པོ་ཞིག་ལ་སྤྱིར་བཏང་གི་བཀའ་མོལ་ཞུས་མྱོང་ཡོད། ཁོང་ནི་ཧ་ཅང་འདོད་ཆུང་ཆོག་ཤེས་ངང་ཆོས་ཉམས་ལེན་གནང་ནས་བཞུགས་མཁན་ཞིག་དང་། ཕ་ཡུལ་གྱི་ལྟ་བ་ཅུང་འཁྲེགས་པོ་ཡོད་པ། བཀའ་མོལ་ཁ་རུ་ཁ་ཐུག་གསུང་མཁན། ལྷག་བསམ་རྣམ་དག་གནང་མཁན་ཞིག་འདུག་སྙམ་པའི་བག་ཆགས་ཤིག་བཞག་བྱུང་། ཉི་མ་གཅིག་ང་ཆེད་དུ་ཁོང་གི་གཟིམ་ཆུང་དུ་གཅར་སྐབས་ཁོང་གིས་ཆོས་དབྱིངས་མཛོད་ཅིག་གསུང་གིན་འདུག་ལ། དེ་ནི་ཁོང་གི་ཞལ་འདོན་རེད་འདུག ཤོག་སྣེ་ཚང་མ་ནག་པོ་ཆགས་ཆགས་བར་དུ་གསུང་འདུག་པས་ཕ་ཡུལ་གྱི་བན་རྒན་ཞིག་གི་ཁ་འདོན་ཡི་གེ་འདྲ་པོ་ཞིག་འདུག ཁོང་གིས་སྐབས་དེར་ང་ལ། གསར་སྐྱེས་བླ་ཆེན་ཞིག་གི་ནང་ནས་བཀའ་ཆོས་ཞུ་འདོད་ཆེས་ཆེར་ཡོད་ས་དེ་རྫོང་སར་མཁྱེན་བརྩེ་ཡིན་གསུངས་བྱུང་།
ཁོང་དུས་རྒྱུན་ཡང་༧གོང་ས་མཆོག་ལ་དབུ་འོག་དཔུང་འདེགས་ཀྱིས་དད་དམ་ལ་ངོས་ལྐོག་རྒྱབ་མདུན་མེད་པ་གནང་མཁན་ཞིག་དང་། ༧གོང་ས་མཆོག་གིས་ཀྱང་ཐུགས་གཙིགས་ཧ་ཅང་ཆེན་པོ་གནང་ས་ཞིག་རེད། ལོ་སྔ་མ་ནས་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པའི་ཁྲིར་ཕེབས་རྗེས་ལྷག་པར་དུ་ཡང་རྒྱལ་ཕྱི་ནང་ཀུན་ཏུ་མཛད་པ་ཆེས་ཆེར་བསྐྱངས་འདུག་ན་ཡང་། ཁོང་སྐུ་སྒེར་གྱི་འཚོ་བ་ནི་ཧ་ཅང་སྟབས་བདེ་དང་དཀྱུས་མ་ཞིག་རེད་ཅེས་གོ །
ཐེངས་འདིར་དགོས་པ་རྒྱུ་མཚན་གང་ཡིན་ནི་སངས་རྒྱས་ཀྱི་དགོངས་པ་ཐེའུ་བྲང་གི་སྤར་ཚད་ཀྱིས་གཞལ་མི་ནུས་ན་ཡང་། ཕྱི་མཐའ་གཟིགས་པའི་གསུངས་དང་བཅས་ཅུང་རྒྱུན་ལྡན་མིན་པའི་མཛད་པས་སྐུ་བསྡུ་བའི་ཚུལ་བསྟན་པ་ནི་ཐ་མལ་བ་རང་རེའི་བློ་ལ་ཤིན་ཏུ་གློ་བུར་བ་ཞིག་ཏུ་གྱུར་ཀྱང་བྱ་ཐབས་བྲལ།

ལར་སྐྱེས་བུ་དམ་པ་སྐུ་གཤེགས་པ་ཡང་ངེས་པར་དུ་མལ་གྱི་ནང་ནས་དཀྱིལ་དཀྲུང་རང་བཅས་ནས་གཤེགས་དགོས་པ་ཞིག་ནི་མིན་འདུག་སྟེ། རྫོགས་པ་ཆེན་པོའི་གཞུང་དུ་རྣལ་འབྱོར་བ་རིགས་གཅིག་གིས་ཆེད་དུ་འདས་རྗེས་དང་འབྲེལ་བའི་གྲགས་འདོད་དང་ཞེན་པ་ལྡོག་པའི་ཆེད་དུ་ཤིན་ཏུ་ལྟོས་མེད་ཀྱི་མཛད་པ་གད་ཁུང་དུ་ཁྱི་ཤི་བ་ལྟ་བུའི་སྤྱོད་ཚུལ་འཛིན་རྒྱུ་ཡིན་ཚུལ་གསལ་ཞིང་རྒྱས་པར་གསུངས་ཡོད་པས་ཀྱང་ང་ཚོས་ཁོང་འདས་སྟངས་ཀྱི་ཆེད་དུ་དམིགས་བསལ་སེམས་ཁུར་གཏན་ནས་མི་དགོས་པ་ཞིག་ཡིན། དེ་ཡང་སེམས་ལ་འཇོག་པར་ཞུ།

དེ་ཡང་ཁྱེད་བུ་སྤུན་རྣམས་ནི་རུས་ཞེན་ཆེ་བ་དང་། ཕན་ཚུན་ཤ་ཉེ་བུ་སྤུན་དང་ཉེ་འབྲེལ་གྲོགས་པོ་སོགས་ཀྱི་ལར་ཞེན་དང་དམ་ཚིག་གི་ཐད་ལ་སྔོན་གྱི་གནའ་མི་དག་གི་གཤིས་ཀ་ལྟ་བུ་ཁུར་མཁན་གྱི་གླེན་པ་ཞིག་ཡིན་པ་དེར་ང་ལ་ཆ་རྒྱུས་ཡོད་སྟབས། ཁྱེད་ཅག་གི་ཆེད་དུ་ད་ཐེངས་ང་རང་ལ་ཡང་དེའི་ཐད་སེམས་ཁུར་ལྷག་མ་ཞིག་བྱུང་། ང་ཚོ་དང་པོ་ཐུག་ས་དེ་ལོ་བཅུ་ལྷག་གི་སྔོན་དེར་འཕགས་ཡུལ་ཅོན་ཏ་རའི་རྫོང་སར་བཤད་གྲྭའི་དགོན་མཐའ་ནས་རེད། དེ་དུས་ཁྱེད་བུ་སྤུན་དག་གི་གནས་སྟངས་ནི་ཉིན་རེའི་འཚོ་བ་འགྲོ་ཐུབ་ལ་མི་ཐུབ་ཙམ་ཡིན་ན་ཡང་། ང་ཐའེ་ཝན་ལ་སློབ་སྦྱོང་དུ་འགྲོ་རྒྱུར་ཉེ་སྐབས་ཤིག་ལ། ཁྱོད་རང་ཕྱི་རྒྱལ་སོགས་ལ་འགྲོ་རྒྱུར་སྒོར་མོའི་དགོས་མཁོ་ཡོད་ན་ང་ལ་ཧིན་སྒོར་འབུམ་གཅིག་ཡོད། དེ་ཁུར་ནས་རྒྱུག །ཅེས་ཟེར་མྱོང་། ངས་སྒོར་མོ་དེ་ཚོ་ཞུ་དགོས་མ་བྱུང་ན་ཡང་། ཁྱེད་རང་གི་འཕྲལ་ཐག་ཆོད་པོས་སྤུན་གྲོགས་ཀྱི་ལ་རྒྱ་ཁུར་སྟངས་དེར་སེམས་ལ་འཇགས་པོ་ཞིག་བྱུང་། རང་གིས་ཡིད་ཆེས་བྱ་སའི་མིའི་ཆེད་དུ་གང་ཡང་ཐུབ་པའི་གཤིས་ཀ་འདི་ཕ་ཡུལ་གྱི་རིག་གཞུང་རྙིང་པ་ཞིག་དང་། མང་པོ་ཞིག་གིས་དོར་ཟིན་པའི་ཅ་ལག་རྙིང་པ་ཡིན་སྐད་འདུག་སྟེ། ང་ཡང་སེམས་ཁམས་འདིར་དགའ་འདུན་ཆེན་པོ་ཡོད། དགོངས་དག ད་དོན་དག་ཡོད་ལ་མེད་མང་པོ་མི་ཞུ།

སྐད་ཆའི་གཞུང་ལ་བབ་ན། རང་རེའི་མི་ཚེ་འདི་ཡང་སྐྱིད་སྡུག་དཔྱིད་ཀའི་གནམ་ངོ་ལྟ་བུ་ཞིག་བརྒྱུད་ནས་ཡོང་བ་ཁོ་ན་ཡིན་སྟབས་གནས་ཚུལ་ག་འདྲ་ཞིག་ཡིན་ཡང་བསམ་བློ་རྦད་དེ་མི་ཐོངས་པ་དང་། གདོང་ལེན་གཏན་ནས་མི་ཐུབ་པའི་གནས་སྟངས་ཤིག་ནི་ཡོང་གི་མ་རེད། འདས་བྱས་ཀྱི་ཆོས་ཉིད་ནི་ཧ་ཅང་ཡ་ཡུད་ཆེ་བའི་ཟློས་གར་ཞིག་ཡིན་པ་འདིར་ཆོས་ཕྱོགས་ཀྱི་བློ་སྦྱོང་གི་ངོས་ནས་ཀྱང་ང་ཚོས་སེམས་གསོ་གང་ཐུབ་བྱ་བའི་འོས་སུ་ཆེ་བ་ཡིན། ད་ལྟ་དེ་ལས་ལྷག་པའི་བྱ་ཐབས་གཞན་གང་ཡང་ལྷག་མེད།

ཁྱེད་དང་ཁྱེད་ཀྱི་ནང་མིས་འདས་མཆོད་སོགས་འདས་རྗེས་ཀྱི་བྱ་བར་འབྲེལ་ཡོད་དགོན་པ་དག་དང་མཉམ་དུ་ཁུར་ཆེན་པོ་ལེན་བཞིན་ཡོད་པར་སྤོབས་པ་ཆེན་པོ་བྱུང་། སྡུག་དུས་གཉའ་མི་ཞུམ་པའི་ཆོད་སེམས་དང་བློས་གཏོང་ནི་མི་བུའི་རིན་ཐང་དང་ཕྱི་ཐག་ངོ་མ་དེ་རེད་ལགས། གང་ལྟར་གུས་པས་ཁྱེད་སྒེར་དང་ཁྱེད་ཀྱི་ཨ་མ་ལགས་དང་སྤུན་ཟླ་ནང་མི་ཡོངས་ལ་སེམས་ཀྱི་ཐོག་ནས་དམིགས་བསལ་སེམས་གསོ་ཞུ་བཞིན་ཡོད། དེ་དང་ཆབས་གཅིག་ངའི་ངོས་ནས་འབྲེལ་ཡོད་ཡིག་ཆ་རེ་འབྲི་རོགས་དང་ཞུས་དག་སོགས་རྒྱང་རིང་ནས་ཐུབ་པའི་རོགས་པ་ཆུང་ཆུང་དེ་འདྲ་ཡོད་ན་ག་དུས་ཡིན་ནའང་ངེས་པར་དུ་ལབ་གནང་རོགས། གཞན་ད་ལྟ་ཁྱེད་རང་བྲེལ་བའི་སྐབས་ཡིན་སྟབས་མང་པོ་མི་ཞུ། སེམས་ཤུགས་མ་ཆག་པ་གནང་རོགས།

འདས་མཆོད་སོགས་ཀྱིས་ལས་དོན་ཁྲོད་དུའང་། གཡས་གཡོན་ལ་བསམ་ཚུལ་མ་མཐུན་པ་དང་། བྱེད་ཕྱོགས་མ་འདྲ་བ་སོགས་བརྒྱུད་རིམ་ཁྲོད་ལྷག་སྲིད་པའི་འགལ་བ་དེ་འདྲ་མ་ཡོང་བའི་ཐོག་ནས་ཚང་མས་ཆོས་ཆོས་སུ་འགྲོ་བའི་འདས་རྗེས་ཀྱི་བྱ་བ་ཞིག་དགོས་པ་དེ་རྩ་དོན་གྱི་དང་པོ་དང་སྙིང་པོ་གཉིས་ཀ་ཡིན་པའང་ངེས་པར་དུ་མ་བརྗེད་པར་མཛོད།
རྒྱ་ཆེ་ས་ནས་དཀྱིལ་རལ་འགྲོ་བ་དེ་འདྲ་མ་ཡིན་པར་གདུང་མཆོད་དང་སྐུ་གདུང་སོགས་གང་ཅིར་ཐུན་མོང་དང་མང་མོས་ཀྱི་བསམ་ཚུལ་གཞི་ལ་བཞག་ནས་ཐག་གཅོད་གནང་རྒྱུ་དང་། ཐུན་མོང་ལས་གྲུབ་པའི་སྒྲིག་འཛུགས་ཀྱིས་ལག་ལེན་གནང་རྒྱུ་ནི་ཧ་ཅང་གལ་ཆེ་མོད། འདི་ཚོ་ངས་བཤད་འོས་པའི་སྐད་ཆ་ཡིན་མིན་མ་ཤེས་ལ། ཁྱེད་གཅིག་པུ་དང་འབྲེལ་བ་ཞིག་ཀྱང་མིན་པས་དེ་ཙམ་གྱིས་འཐུས་པར་བྱ།
མྱུར་མཇལ་སྨོན་འདུན་བཅས། ཤ་རུས་གཅིག་གིས་འབྲེལ་ཞིང་ཕྲན་ལ་བསམ་པ་དཀར་བའི་བལ་ཡུལ་གནས་བཞུགས་དགེ་རྩེ་རྒྱ་མཚོ་ནང་མི་ལ་ཨོ་གླིང་ནས་སྤྱི་ལོ་༢༠༡༨ཟླ་༡༡ཚེས་༢༢ ཀྱི་ཞོགས་པ་སེམས་ཚོར་ཆེན་པོས་འཕྲལ་སྤྲིངས།

The post སེམས་གཏིང་གི་འཚམས་ཕྲིན། appeared first on བོད་ཀྱི་དུས་བབ།.

དྲ་ཐོག་ནས་ཆབ་སྲིད་དྲིལ་བསྒྲཊ་ཀྱི་ཡིག་ཚད་བཏང་།

$
0
0

རྒྱ་ནག་གཞུང་གིས་བོད་ནང་དུ་ཐབས་བརྒྱ་ཇུས་སྟོང་གིས་ཆབ་སྲིད་དྲིལ་བསྒྲགས་སྣ་ཚོགས་བྱེད་བཞིན་ཡོད་པ་ལྟར་དྲ་ཐོག་བརྒྱུད་དུས་གཅིག་ལ་ལྷ་ས་ཁུལ་གྱི་མི་གྲངས་ ༣༡༤༠༠༠ ལ་རྩ་ཁྲིམས་དང་ཆབ་སྲིད་དྲིལ་བསྒྲགས་ཀྱི་ཡིག་ཚད་བཏང་ཡོད་འདུགརྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ། མགོ་འཁྲིད་ཞི་ཅིན་ཕིན་གྱི་གལ་ཆེའི་དགོངས་དོན་ལྟར་རྩ་ཁྲིམས་སློབ་སྦྱོང་དང་། རྩ་ཁྲིམས་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་བཀོལ་སྤྱོད་བཅས་ཀྱི་ཆེད་ལྷ་ས་ཁུལ་ཡོངས་སུ་དྲ་ཐག་རྩ་ཁྲིམས་ཤེས་བྱའི་རྒྱུགས་སྤྲོད་ཅེས་པའི་ལས་འགུལ་ཞིག་སྤེལ་ཡོད་འདུག

གཞུང་ཕྱོགས་ཀྱི་གནས་ཚུལ་ནང་། གློག་ཆས་ཀྱི་དུས་རབས་སུ་བློ་གྲོས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་དང་བསྟུན་ཆེད། བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཁྲིམས་འཛིན་ལྷན་ཚོགས་དང་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས་བློ་སྤོབས་ཆེན་པོས་དྲ་རྒྱའི་ཐོག་ནས་རྩ་ཁྲིམས་རྒྱུགས་ལེན་རྒྱུའི་ཚོད་ལྟ་བྱས་པ་དང་། དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་མང་དང་ལས་བྱེད་མང་ཚོགས་ཀྱིས་རང་ཁྱིམ་ནས་རྩ་ཁྲིམས་ཤེས་བྱ་སློབ་སྦྱོང་ཆེད་ཡིན་སྐོར་བརྗོད་འདུག

ཡང་ཐེངས་འདིའི་རྩ་ཁྲིམས་ཡིག་ཚད་ཁྲོད་མི་མང་དང་ལས་བྱེད་པ། དགོན་སྡེ་ཁག་གི་གྲྭ་པ་དང་དགོན་སྡེར་གཏན་སྡོད་ལས་བྱེད་སོགས་མི་གྲངས་ ༣༡༤༠༠༠ ལྷག་འཛུལ་ཞུགས་བྱས་ཡོད་པ་དང་། དེ་ནི་ལྷ་ས་ཁུལ་དུ་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་པའི་ཁྱབ་ཚད་དང་མཉམ་ཞུགས་ཚད་ཧ་ཅང་མཐོན་པོར་སོན་ཡོད་པ་དང་། རྩ་བའི་ད་ལྟ་བར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཡིན་སྐོར་བསྒྲགས་འདུག

རྒྱ་གཞུང་གིས་བོད་ཁུལ་དུ་དྲ་རྒྱའི་དུས་རབས་དང་བསྟུན་ནས་ཆབ་སྲིད་དང་རྩ་ཁྲིམས་རིགས་ཀྱི་དྲིལ་བསྒྲགས་སྣ་ཚོགས་བྱེད་ཀྱི་ཡོད་པ་དང་། དེ་སྔོན་ཡང་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་གི་གྲྭ་པ་ཚོར་དྲ་ཐོག་བརྒྱུད་རྒྱ་གཞུང་གི་ཆབ་སྲིད་ལ་སློབ་སྦྱོང་བྱེད་ཐབས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་མ་ཟད། དེང་སང་བོད་ཁུལ་དུ་རྒྱ་གཞུང་གིས་དྲ་ཐོག་མཉེན་ཆས་རིགས་ཤིག་བརྒྱུད་ཆབ་སྲིད་དྲིལ་བསྒྲགས་ལ་ཆེད་དུ་སློབ་སྦྱོང་བྱེད་ས་སོགས་བཟོས་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་བ་ནས་རྒྱ་གཞུང་གིས་བོད་ཁུལ་གྱི་ས་ཁུལ་གང་སར་ཆབ་སྲིད་དྲིལ་བསྒྲགས་དང་རྒྱ་ནག་གཞུང་གི་སྲིད་བྱུས་སོགས་ཀྱི་ཐད་སློབ་གསོ་སྤེལ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་། ལྷག་པར་དུ་བོད་ཁུལ་གྱི་དགོན་སྡེ་མང་པོའི་ནང་ཁྲིམས་ལུགས་སློབ་གསོ་ཟེར་བ་དང་རྒྱལ་གཅེས་ཆོས་གཅེས། ཆོས་ལུགས་སྒྱུར་ཌསྒདགོས་པ་སོགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་འགུལ་སྣ་ཚོགས་སྤེལ་ཡོད་པ་རེད།

གཞན་ཉེ་སྔོན་རྔ་བ་མཛོད་དགེ་ཕྱོགས་ཀྱི་དགོན་སྡེ་མང་པོའི་ནང་རྒྱ་གཞུང་གི་རྩ་ཁྲིམས་དང་མགོ་འཁྲིད་ཞི་ཅིན་ཕིན་གྱི་དགོངས་དོན་ཟེར་བར་ངག་རྒྱུགས་གཏོང་བ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ས་གནས་མང་ཚོགས་ཁྲོད་ཏང་གི་སྲིད་བྱུས་ཀྱི་དགོངས་དོན་དམངས་ཀྱི་སེམས་ཁོངས་སུ་སྐྱེལ་བ་སོགས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་ཡོད་པ་རེད།

ད་ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཝང་ཡང་ཟེར་བས་བོད་ནང་སྐོར་སྐྱོད་བྱེད་སྐབས། རྒྱ་གཞུང་གི་སྲིད་བྱུས་དང་རྩ་ཁྲིམས་ཁྱབ་བརྡལ་བཏང་སྟེ། ཆོས་ལུགས་ཁག་གི་ལས་དོན་ཐོག་སྔར་ལྷག་དམ་དྲག་དོགས་ཟོན་བྱེད་དགོས་པ་མ་ཟད། ཁ་བྲལ་རིང་ལུགས་ལ་ངེས་པར་དུ་ཁ་གཏད་གཅོག་དགོས་སྐོར་བརྗོད་ཡོད་པ་དང་། སྐབས་དེར་ཁོ་བོད་ནང་སྐོར་སྐྱོད་དུ་ཡོང་དོན་ནི་ཁྲིམས་ལུགས་གསར་པ་དང་ལྷག་པར་དུ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་གི་ཐོག་ཁྲིམས་སྒྲིག་གསར་པ་བཟོས་ཡོད་པ་ཤེས་རྟོགས་ཆེད་ཡོང་བ་ཡིན་སྐོར་སོགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post དྲ་ཐོག་ནས་ཆབ་སྲིད་དྲིལ་བསྒྲཊ་ཀྱི་ཡིག་ཚད་བཏང་། appeared first on བོད་ཀྱི་དུས་བབ།.

འབྱུང་བའི་གནོད་སྐྱོན་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཐུགས་སྨོན་མཛད།

$
0
0

༧གོང་ས་མཆོག་ནས་ཉི་ཧོང་ནང་ཡོད་འི་འབྲུག་པ་དང་བོད་རིགས་ ༣༠༠ ལྷག་ལ་བཀའ་སློབ་གནང་སྐབས་་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་ཙམ་མ་ཟད་མི་སྐྱ་རྒན་གཞོན་ཚང་མས་ནང་ཆོས་སློབ་གཉེར་བྱེད་རྒྱུ་གལ་ཆེན་ཆགས་བསྡད་ཡོད་སྐོར་གསུངས།༧གོང་ས་མཆོག་གི་ངོ་དེབ་ནང་ཐད་གཏོང་བྱས་པའི་གནས་ཚུལ་ལྟར་ན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཉི་ཧོང་གི་མངའ་སྡེ་ཧྥོ་ཁོ་གའི་ཊོ་ཆོ་ཇིའི་གཙུག་ལག་ཁང་དུ། ཕྱི་ལོ་ ༢༠༡༦ ལོར་ཉི་ཧོང་ནང་ཚད་རིམ་ ༧ ཅན་གྱི་ས་ཡོམ་བྱུང་བ་དང་། ཉེ་སྔོན་ཆར་རླུང་དྲག་པོ་བྱུང་བ་སོགས་ཀྱི་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཐུགས་སྨོན་གནང་ཡོད་པ་དང་། དེའི་རྗེས་གཙུག་ལག་ཁང་དེའི་དགེ་འདུན་པ་རྣམ་པ་དང་། རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཁྱིམ་མི།  དེ་བཞིན། ས་གནས་བོད་རིགས་བཅས་སེར་སྐྱ་མི་མང་ལ་བཀའ་སློབ་བསྩལ་དོན། དེ་རིང་སྙན་གྲགས་ཅན་གྱི་གཙུག་ལག་ཁང་འདིའི་ནང་ཉི་ཧོང་གི་ཤེས་རབ་སྙིང་པོ་དང་མ་ཎི་གཟུངས་སྔགས་འདོན་རྒྱུ་བྱུང་བར་སྐལ་བ་བཟང་པོ་ཞེ་དྲགས་བྱུང་སོང་། དེ་ནས་བར་སྐབས་ཤིག་ནས་རྐྱེན་ངན་བྱུང་སྟེ་འདས་གྲོངས་སུ་ཕྱིན་པ་ཚོའི་ཆེད་དུ་དམིགས་བསལ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་པར་གཙོ་བོ་དམིགས་པ་དང་། གཞན་ཡང་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་པ་ལ་སོགས་རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེས་པའི་རྩ་བ་དེ་བླང་དོར་ངེས་རྙེད་ཚུལ་བཞིན་དུ་སྟོན་མཁན་གྱི་དགེ་བའི་བཤེས་གཉེན་ཡིན་དུས། དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བཟུང་སྟེ་སྡིག་སྒྲུབ་ཀྱི་གཞན་དབང་དུ་མི་འགྲོ་བའི་གསོལ་འདེབས་ཤིག་དུས་རབས་ ༡༤ ནང་བོད་ཀྱི་བླ་མ་མཁས་བཙུན་བཟང་གསུམ་འཛོམས་པ་དང་། དཔལ་ན་ལེནྜའི་མཁས་པའི་རྗེས་སུ་སྙོབ་ཐུབ་པའི་རྗེ་རིན་པོ་ཆེ་ཡིས་མཛད་ཡོད་པ་ཞིག་རེད།  ངོས་ཀྱི་སྐབས་ནམ་རྒྱུན་ནས་སྨོན་ལམ་ཐོག་བདེན་སྨོན་གསུང་གི་རེད། སྨོན་ལམ་ཚོགས་ཐོག་གི་དབུ་བཞུགས་དེས་བདེན་སྨོན་གསུང་གི་རེད། ངོས་ནས་རབ་བྱུང་བསྒྲུབས་དུས་ཆོས་མཐའ་རབ་བཞི་ལབ་ནས་ཕལ་ཆེ་རབ་བྱུང་བསྒྲུབས་དུས་ལོ་ ༧ མིན་འགྲོ།  དེར་བརྟེན། ངོས་རང་ལོ་ ༧ ཡིན་དུས་སྨོན་ལམ་ཐོག་ཕྱིན་ནས་བདེན་སྨོན་སྐྱོར་བ་རེད། དེ་དུས་གྲྭ་པ་ཕལ་ཆེར་ཁྲི་ ༡ ཙམ་ཡོད་པ་རེད་ལ། ངོས་རང་གཅིག་པོས་ཁོ་ཚོའི་དཀྱིལ་ནས་སྐྱོར་དགོས་ཡོད་དུས་ཞེད་སྣང་ཞེ་དྲགས་བྱུང་། འོན་ཀྱང་། སྟབས་ལེགས་པ་ཞིག་ལ་དེ་དུས་སྒྲ་སྒམ་མེད་དུས་ངོས་ནས་སྐྱོར་མཚམས་ཆད་པ་ཡིན་ན་ལྡབ་སྐྱོར་བརྒྱབ་ཆོག་གི་ཡོད་སྟབས་དོ་སྣང་གང་ཡང་ཡོང་གི་མེད་པ་རེད། དེ་རིང་འདིར་བདེན་སྨོན་འདོན་ཡོང་སྐབས་ཚོར་བ་དེ་ཚོ་དྲན་ཡོང་གི་འདུག ཅེས་སོགས་གསུངས་འདུག

ཡང་ཁོང་གིས། དེ་རིང་འདིར་གཙོ་བོ་བར་སྐབས་ཤིག་ནས་ས་ཡོམ་དང་། ཆུ་ལོག་གི་རྐྱེན་པས་དུས་མ་ཡིན་པར་འཆི་རྐྱེན་གྱི་སྡུག་བསྔལ་མྱོང་བཞིན་པ་མང་པོ་ཞིག་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་བཞིན་ཡོད་པ་རེད། དེ་འདྲ་ཡིན་དུས། དེ་རིང་འདིར་ཤེས་རབ་སྙིང་པོ་གསུང་རྒྱུ་དེ་གནད་འགག་ཆེན་པོ་ཞེ་དྲགས་འདུག  མ་གཞི་ནས་སྔགས་ཀྱི་ཆོ་ག་དེ་འདྲ་ཡོད་པ་རེད་དེ། སངས་རྒྱས་ཀྱིས་བདེན་པ་བཞིའི་ཆོས་གསུངས་ནས་ང་ཚོའི་སྡུག་བསྔལ་གྱི་འབྱུང་རྐྱེན་ནི་རྒྱུ་མེད་རྐྱེན་མེད་ནས་བྱུང་བ་མ་རེད་ཅེས་གསུངས་ཡོད། སྡུག་བསྔལ་ཟེར་རྒྱུ་དེ་ང་རང་ཚོ་མ་སྐྱིད་པ་དང་སྡུག་བསྔལ་ཡོང་ས་ཞིག་ཏུ་གྱུར་ཏེ། དེའི་རྒྱུ་དེ་ཡང་གཞན་ལ་མ་སྐྱིད་པ་དང་སྡུག་བསྔལ་ཡོང་སའི་བྱ་སྤྱོད་ཀྱི་རིགས་དེར་བསོད་ནམས་མ་ཡིན་པའི་ལས་ཟེར་གྱི་ཡོད་པ་རེད། བསོད་ནམས་མ་ཡིན་པའི་ལས་ཀྱི་རྐྱེན་པས་སྡུག་བསྔལ་གྱི་སྡུག་བསྔལ་གྲས་དེ་ཚོ་ཡོང་གི་ཡོད་པ་རེད། དེ་བཞིན།  མངོན་འདོད་ཀྱི་ཕུན་ཚོགས་གྲས་དེ་ཚོ་འགྱུར་བའི་སྡུག་བསྔལ་རེད། དེ་ཡང་བསོད་ནམས་མ་ཡིན་པའི་ལས་ཀྱིས་ཡོང་གི་ཡོད། གང་ལྟར་ཡང་སྙིང་སྡུག་བསྔལ་ཡོང་རྐྱེན་ནི་བསོད་ནམས་མ་ཡིན་པའི་ལས་བྱས་ནས་སྡུག་པའི་ལས་ཡོང་གི་ཡོད་པ་རེད། སྡུག་པའི་ལས་ཟེར་བ་དེ་གཙོ་བོ་སེམས་མ་འདུལ་བའི་དབང་གིས་ཡོང་གི་འདུག སེམས་མ་འདུལ་བའི་རྩ་བ་དེ་ཉོན་རྨོངས་རེད། ཉོན་རྨོངས་དུག་གསུམ་ཡོད་པའི་ནང་གི་གཙོ་བོ་དེ་གཏི་མུག་རེད་ལ། གཏི་མུག་བདེན་འཛིན་ཟེར་བ་དེ་མི་ཤེས་པ་ཙམ་མ་ཡིན་པར་ཕྱིན་ཅི་ལོག་ཏུ་ལྟ་བའི་ལོག་ཤེས་ཆགས་བསྡད་ཡོད་པ་རེད། དེའི་གཉེན་པོ་སྟོང་ཉིད་ཀྱི་ལྟ་བ་ཆགས་བསྡད་ཡོད་པ་རེད། ཡིན་ལུགས་ལ་ཕྱིན་ཅི་ལོག་ཏུ་བརྟག་པའི་ལོག་ཤེས་དེ་ཉོན་རྨོངས་ཀུན་གྱི་རྩ་བ་བྱས་ཏེ་སྡུག་བསྔལ་ཡོང་གི་ཡོད་པ་རེད། དེའི་མཐར་ཐུག་གི་གཉེན་པོ་དེ་སྟོང་ཉིད་ཀྱི་ལྟ་བ་ཆགས་བསྡད་ཡོད། སོང་ཙང་ཤེས་རབ་སྙིང་པོའི་ནང་གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ། གཟིགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ།། ཞེས་སྟོང་པ་ཉིད་གསུང་གི་ཡོད་པ་རེད། བདེན་པ་གཉིས་ལས་བརྩམས་པའི་སྟོང་པ་ཉིད་གསུང་གི་ཡོད་པ་རེད། དེར་བརྟེན། སྟོང་པ་ཉིད་སྒོམ་པ་ཡིན་ན་སྡུག་བསྔལ་གྱི་རྩ་བ་མ་རིག་པ་ཡིན་དུས། ཐད་ཀར་མ་རིག་པ་གནོད་པའི་གཉེན་པོ་ཆགས་ཡོང་དུས། ཤེས་རབ་སྙིང་པོའི་ཐོག་ནས་བསམ་བློ་གཏང་ཚེ་གཞན་སྡུག་བསྔལ་ནང་ལྷུང་ཡོད་པ་དེ་ཚོར་ཕན་གྱི་ཡོད་ལ། སོ་སོ་སྒེར་ལའང་སྡུག་བསྔལ་མ་ཡོང་ཐབས་དང་སྡུག་བསྔལ་ལས་ཐར་བར་སྟོང་པ་ཉིད་སྒོམ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས།ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས།  འབྲུག་པ་དང་བོད་རིགས་སོགས་མི་གྲངས་ ༣༠༠ ལྷག་ལ་དམིགས་བསལ་མཇལ་ཁ་གནང་སྟེ་བཀའ་སློབ་ལམ་སྟོན་མཛད་སྐབས། བོད་པའི་སྲོལ་རྒྱུན་དུ་ནང་ཆོས་ནི་རྒྱུ་མཚན་དང་གནས་ལུགས་གཞིར་བཞག་ཐོག་སློབ་སྦྱོང་བྱས་ནས་ཡོང་བ་ཞིག་ཡིན། ཁྱེད་རང་ཚོ་འབྲུག་པ་ཚོས་འབྲུག་སྐད་ལ་རྫོང་ཁ་ཟེར་གྱི་ཡོད་པ་དང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་ཚོས་དེ་ལ་བྷོ་ཊི་ཞེས་འབོད་ཀྱི་ཡོད། གང་ལྟར་ཀྱང་། དེ་ཚོ་ཚང་མ་དཔེ་གཅིག་གི་ཐོག་བྲིས་ཡོད་པ་སྟེ། བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་ནང་ཡོད་པ་རེད། སངས་རྒྱས་ཀྱི་གསུང་དང་དེ་ནས་བརྒྱུད་པའི་རྒྱ་གར་གྱི་མཁས་དབང་ཚོའི་བཀའ་སློབ་ཕྱོགས་བསྡུས་བྱས་པ་དེ་དག་ནང་འཚམས་པའི་དེང་དུས་དང་འཚམས་ཤིང་ལུས་སེམས་གཉིས་ལ་ཕན་པའི་ཤེས་བྱ་མང་པོ་ཡོད་པ་རེད། ངོས་ནས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དགོན་པ་དང་བཙུན་དགོན། དེ་བཞིན། ལྷ་ཁང་ཁག་ཚང་མ་སློབ་སྦྱོང་བྱེད་སའི་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་དགོས་པའི་འབད་བརྩོན་ཞུ་བཞིན་ཡོད་པ་མ་ཟད། གྲྭ་པ་དང་བཙུན་མ་ཁོ་ནས་སློབ་སྦྱོང་བྱེད་པ་མ་ཡིན་པར་མི་རྒན་གཞོན་བར་གསུམ་ཚང་མས་སློབ་སྤྱོང་བྱེད་པར་འབད་བརྩོན་བྱེད་རྒྱུ་གལ་ཆེན་ཡིན། ཞེས་བཀའ་སློབ་བསྩལ།

དེ་ནས་ཉི་ཧོང་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་བཀའ་སློབ་བསྩལ་སྐབས། ཉི་ཧོང་དང་བོད་གཉིས་བར་གྱི་འབྲེལ་བ་རྒྱལ་དབང་སྐུ་ཕྲེང་༡༣ པའི་སྐབས་ནས་བྱུང་ཡོད་ཀྱང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་འབྲེལ་བ་ཆད་པ་རེད། གང་ལྟར་ཉི་ཧོང་ནི་ཨེ་ཤ་ཡའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པ་མ་ཟད། ང་ཚོ་དང་ཉི་ཧོང་བར་ཆོས་ཕྱོགས་ཀྱི་འབྲེལ་བ་གཏིང་ཟབ་ཡོད།  ཉི་ཧོང་ནི་ཧ་ཅང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དམངས་གཙོ་དང་རང་དབང་གཙིགས་ཆེར་འཛིན་བཞིན་ཡོད། ཁྱེད་རྣམ་པས་བོད་དོན་རྒྱབ་སྐྱོར་གནང་བཞིན་པར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་སྲིད་ཁྱེད་རྣམ་པས་དྲན་གྱི་ཡོད་ཚེ། ངོས་ནས་དེ་སྔོན་བོད་དེ་ཞི་བདེའི་ལྟེ་གནས་ཤིག་ཏུ་ངོས་འཛིན་ཡོང་བར་རེ་སྐུལ་ཞུས་ཡོད། རྒྱ་ནག་གི་ཡིག་ཆའི་ནང་། དུས་རབས་བདུན་པ་དང་། བརྒྱད་པ། དགུ་པའི་ནང་བོད་དང་། སོག་པོ། རྒྱ་ནག་བཅས་རང་བཙན་གཙང་མའི་རྒྱབ་ཁབ་ཅིག་ཡིན་པ་འཁོད་ཡོད་ནའང་། འདས་དོན་ནི་འདས་པ་ཡིན་པས། ད་ལྟ་ང་ཚོས་བོད་དེ་རྒྱ་ནག་ལས་ལོགས་སུ་ཡིན་པ་མ་བརྩད་པར་གཉིས་ཕན་གྱི་ཁེ་སྤོགས་ལ་དམིགས་ནས་ང་ཚོ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་འདུག་འདོད་ཡོད་ལ། ངོས་རང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལྟ་བུར་ཡིད་སྨོན་བྱེད་མཁན་ཞིག་ཡིན། ཞེས་སོགས་ཀྱི་བཀའ་སློབ་བསྩལ།

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post འབྱུང་བའི་གནོད་སྐྱོན་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཐུགས་སྨོན་མཛད། appeared first on བོད་ཀྱི་དུས་བབ།.

ཀྲོ་ཝེ་བཟའ་ཟླ་གཉིས་ལ་ཉེས་པ་ཕོག

$
0
0

རྒྱ་ནག་གློག་བརྙན་འཁྲན་སྟོན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཀྲོ་ཝེ་བཟའ་ཟླ་གཉིས་ཀིས་སྙན་གྲགས་བེད་ལོག་བཏང་སྟེ་མགོ་སྐོར་བཏང་བའི་ཉེས་མིང་ཕོག་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་ཧྲང་ཧེ་མ་རྐང་བརྗེ་ལེན་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། རྒྱ་ནག་གློག་བརྙན་འཁྲབ་སྟོན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཞོན་བོད་ཀྱི་ལུང་ཝེ་རིག་གནས་ཁང་(Tibet Longwei Culture Media) གི་འགན་འཛིན་དང་། འཛིན་སྐྱོང་བ་གཅིག་ལྕོགས་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཀྲོ་ཝེ་ (Zhao Wei) བཟའ་ཟླ་གཉིས་རིག་གནས་ཁང་དེའི་ལས་གནས་སུ་ལོ་ ༥ ལ་ཞུགས་མི་ཆོག་པ་བཟོས་ཡོད་འདུག

ཡང་གནས་ཚུལ་དེའི་ནང་། ཕྱི་ལོ་ ༢༠༡༧ ལོའི་ལོ་མགོར་བོད་ཀྱི་ལུང་ཝེ་ཡིས་ཀྲི་ཅང་ཝན་ཇཱ་རིག་གནས་(Wanjia Culture) ཞེས་པའི་རིག་གནས་ཁང་ཞིག་གི་མ་རྐང་གི་བརྒྱ་ཆའི་ ༢༩ ཙམ་ཉོ་རྒྱུ་ཡིན་པའི་གན་རྒྱ་བཞག་ཡོད་ཀྱང་། མ་རྐང་དངོས་སུ་ཉོ་སྐབས་ས་གནས་དངུལ་ཁང་གི་དངུལ་དུས་ཐོག་ལ་གཡར་ཐུབ་མིན་གྱི་དཀའ་ངལ་འཕྲད་ཡོད་པ་དང་།  མ་རྐང་མར་ཟག་པ་དང་བསྟུན་མ་དངུལ་འཛུགས་མཁན་ཚོས་ཁྲིམས་གཏུགས་བྱས་ཡོད་པ་དང་། ཧྲང་ཧེ་མ་རྐང་བརྗེ་ལེན་ཁང་གིས་གནད་དོན་དེར་ཞིབ་འཇུག་བྱེད་མགོ་བྱས་མཐར། ཀྲོ་ཝེ་བཟའ་ཟླ་གཉིས་ཀྱིས་སོ་སོས་འཛིན་སྐྱོང་བྱེད་བཞིན་པའི་རིག་གནས་ཁང་བེད་སྤྱོད་ཀྱིས་རིག་གནས་ཁང་གཞན་གྱི་མ་རྐང་ཉོ་རྩིས་བྱས་པ་མ་ཟད། ཁོང་གཉིས་ལ་མ་རྩ་དང་དངུལ་ཁང་ནས་རྒྱབ་སྐྱོར་མེད་བཞིན་དུ་གན་རྒྱ་བཞག་པ། དེ་བཞིན་ཀྲོ་ཝེ་ཡིས་སོ་སོའི་སྙན་གྲགས་ལོག་སྤྱོད་བཏང་བའི་ཉེས་པ་ཡོད་ཚུལ་བསྒྲགས་འདུག

རིག་གནས་ཁང་དེ་གཉིས་ཀྱི་མ་རྐང་རིམ་གྱིས་མར་ཆག་པར་བརྟེན་མ་འཛུགས་པ་ཁྱོན་ ༤༥༠༠ ཙམ་གྱིས་མཉམ་དུ་ཞུ་གཏུག་བྱས་ཡོད་པ་དང་། རེ་འགས་རྒྱ་སྒོར་ས་ཡ་འགའི་གྱོང་རག་ཡོད་པ་དང་། མ་འཛུགས་པའི་གསང་བ་ཕྱིར་གྱར་བའི་སྟབས་ཀྱིས་ཁོང་ཚོར་རྒྱ་སྒོར་ས་ཡ་ ༣༠ ཙམ་གྱི་གུན་གསབ་སྤྲོད་དགོས་སྐོར་བརྗོད་ཡོད་པ་རེད། ལོ་སྔོན་མའི་ཕྱི་ཟླ་ ༡༡ ནང་རྒྱ་ནག་གི་བདེ་སྲུང་ཁྲིམས་དོན་ཚན་པས་ (China Securities Regulatory Commission) ཀྲོ་ཝེ་དང་མོའི་བཟའ་ཟླ་ཧང་ཡོའུ་ལོང་ (Huang Youlong)། དེ་བཞིན་ཝན་ཇཱ་རིག་གནས་ (Wanjia Culture) ཀྱི་སྦྱིན་བདག་བཅས་ཀྱིས།  ཚབས་ཆེན་པོས་རྒྱ་ནག་གི་དཔལ་འབྱོར་ཁྲོམ་རར་གཏོར་བརླག་བཏང་བ་བསྒྲགས་ཏེ་བཀར་ཉར་དང་ཉེས་ཆད་བཅད་ཡོད་འདུག་ལ། ཧོང་ཀོང་དང་ཕྱི་རྒྱལ་ཁག་ལ་ལོ་ ༥ ཚོང་འབྲེལ་བྱེད་མི་ཆོག་པ་བཟོས་ཡོད་འདུག

རྒྱ་ནག་གཞུང་གིས་སྒྱུ་རྩལ་ལས་རིགས་ཀྱི་ཁྱབ་ཁོངས་སུ་ཞིབ་འཇུག་སྟངས་འཛིན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༦ ནང་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཧྥན་པིན་པིན་གར་སོང་ཆ་མེད་དུ་གྱུར་ནས་ཟླ་གསུམ་ལྷག་ཕྱིན་རྗེས། རྒྱ་ནག་གཞུང་གིས་མོས་ཁྲལ་དུས་ཐོག་ཏུ་འཇལ་མེད་སྟབས་བཀག་ཉར་དང་ཁྱོན་རྒྱ་སྒོར་དུང་ཕྱུར་ ༨.༨ ཀྱི་ཉེས་ཆད་བཅད།  དེ་བཞིན་ཧྥན་པིན་པིན་གྱི་ལས་རོགས་ཁེ་ལས་ཁང་གཉིས་ཡོད་པ་དེས་ཁྲིམས་འགལ་ངང་སྟབས་བདེ་བསྐྲུན་ནས་ཁྲལ་དངུལ་ཉུང་འབུལ་བྱེད་རོགས་བྱས་པའི་ཉེས་མིང་འོག་ཁེ་ལས་ཁང་གཅིག་ལ་རྒྱ་སྒོར་བྱེ་བ་ ༦.༥ དང་། གཅིག་ལ་རྒྱ་སྒོར་བྱེ་བ་ ༥.༡ གི་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད།གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཀྲོ་ཝེ་ནི་ཕྱི་ལོ་ ༡༩༧༦ ལོར་རྒྱ་ནག་ཨན་ཧའེ་ (Anhui) ཞིང་ཆེན་ནང་སྐྱེས་པ་དང་། ཕྱི་ལོ་ ༡༩༩༨ ལོར་ངའི་མཛེས་པའི་སྲས་མོ་ཞེས་པའི་བརྙན་འཕྲིན་ཟློས་གར་ནང་གི་ཞའོ་ཡན་ཙི་ (Xiao Yanzi) ཞེས་པའི་མི་སྣ་དེ་འཁྲབ་སྟོན་བྱས་རྗེས་སྤྱི་ཚོགས་ནང་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱ་ནག་གི་བུད་མེད་འཁྲབ་སྟོན་མ་ཡག་ཤོས་སུ་འདེམས་ཐོན་བྱུང་སྟེ་གླག་རྒོད་ཀྱི་རྟགས་མ་སོགས་ཐོབ་པ་དང་། དེ་བཞིན་རྒྱ་ནག་ནང་དང་རྒྱལ་སྤྱིའི་གློག་བརྙན་གྱི་གར་སྟེགས་འདྲ་མིན་ནང་ཞུགས་སྟེ། ད་ལྟ་རྒྱ་ནག་གི་འཁྲབ་སྟོན་མ་རིན་གོང་ཆེ་ཤོས་ཀྱི་གྲས་ཤིག་དང་རི་མོའི་སྒྱུ་རྩལ་བ། གཞས་མ་སོགས་ཡིན་འདུག་ལ། མོ་རང་ནང་ཆོས་ལ་དད་མོས་ཡོད་པ་ལྟར་བོད་ནང་དང་ཕྱི་ཕྱོགས་སུ་བཞུགས་པའི་བོད་ཀྱི་བླ་ཆེན་ཁག་ཅིག་ལའང་མཇལ་བཅར་ཞུ་མྱོང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

The post ཀྲོ་ཝེ་བཟའ་ཟླ་གཉིས་ལ་ཉེས་པ་ཕོག appeared first on བོད་ཀྱི་དུས་བབ།.

ང་ཚོས་ངེས་པར་དུ་དོ་སྣང་བྱ་དགོས་པའི་རྒྱ་གར་གྱི་སློབ་གསོའི་ལམ་ལུགས་ཁག་ཅིག

$
0
0

རྩོམ་པ་པོ་ནི་རཱེ་ཧཱ་སེ་ཐེ(Rhea Sethi)

སངས་རྒྱས་དཀོན་མཆོག་གིས་བསྒྱུར།

༡ སྐར་གྲངས་སློབ་གསོ་མཚམས་འཇོག་དགོས།

ཤེས་ཡོན་ལམ་ལུགས་ཁྲོད་ཡོད་ཚད་སྐར་གྲངས་ཀྱིས་ཐག་གཅོད་བྱེད་མི་ཐུབ་ལ། དེ་ལས་ཀྱང་སློབ་མ་ཞིག་གི་སློབ་སྦྱོང་གི་གནས་བབ་སྐར་གྲངས་ག་ཚོད་ཐོབ་ཡོད་མེད་ཀྱིས་ཐག་གཅོད་མི་ཐུབ། རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ནི་སློབ་མའི་དཔྱོད་ཤེས་ཀྱི་ཕྱོགས་ངོས་གཅིག་ཁོ་ནར་རྟོགས་ཐབས་ཤིག་གཞིར་བཞག་ནས་བཟོས་ཡོད་པ་རེད། མི་གྲངས་ཐེར་འབུམ་ལྷག་བརྒལ་བའི་རྒྱལ་ཁབ་ཅིག་གིས་སྔར་བཞིན་མི་ཚང་མར་སྐར་གྲངས་སློབ་གསོ་ཁོ་ན་སྤྲོད་བཞིན་ཡོད་པ་རེད། ཡིག་ཚད་ལམ་ལུགས་ཀྱི་སློབ་གསོའི་འོག་ནས་མི་མང་པོ་ཞིག་གློག་གི་འཕྲུལ་ཆས་མི་ལྟ་བུ་ཆགས་བཅུག་གི་ཡོད་པ་རེད། སློབ་མའི་སློབ་སྦྱོང་བྱེད་ཆེད་ནི་སྐར་གྲངས་ཆེད་དུ་མ་རེད་ལ། སློབ་མ་ཞིག་གིས་སློབ་སྦྱོང་ཅི་ཙམ་ཤེས་མིན་དང་དཔྱོད་ཤེས་ག་ཚོད་ཡོད་མེད་སྐར་གྲངས་ཙམ་གྱིས་ཐག་གཅོད་མི་ཐུབ། སྐར་གྲངས་སློབ་གསོའི་མི་ཚང་མ་ཕྱོགས་གཅིག་ཁོ་ན་ལས་ཅི་ཡང་མི་ཤེས་མཁན་ཞིག་བཟོ་བཞིན་ཡོད་པས་དོན་དམ་པར་དེ་ནི་སློབ་གསོའི་ལམ་ལུགས་ཆགས་ཀྱི་ཡོད་དམ།

༢ སློབ་དེབ་ལས་ཅི་ཡང་མེད་སོང་བ་ཨེ་རེད།

རྒྱ་གར་གྱི་སློབ་མ་ཚོར་སློབ་འཁྲིད་བྱས་པ་ནི་སློབ་དེབ་ཁོ་ནའི་ནང་ཡོད་པ་ཙམ་ལས་གང་ཡང་མེད་པ་དང་། ཤོག་ངོས་ ༥༠༠ ཙམ་ཡོད་པའི་སློབ་དེབ་ཅིག་གི་ནང་དུ་སློབ་མར་ཤེས་བྱ་མང་པོ་ཞིག་ཤེས་ཐུབ་པ་བྱེད་མི་ཐུབ། དེ་ལས་ཀྱང་སློབ་མ་ཚོར་སློབ་ཚན་དང་སློབ་དེབ་ཁོ་ནར་བརྟེན་བཅུག་པ་ལས་ཤེས་བྱ་མང་པོ་ཞིག་རྟོགས་ཐབས་འཁྲིད་དགོས་པ་དང་། གལ་ཏེ་སློབ་མས་མི་ཚེའི་ནང་བེད་སྤྱོད་གང་ཡང་མེད་པའི་ཚིག་མང་པོ་ཞིག་ཡིག་ཚད་ཆེད་ཡིད་ལ་འཛིན་པ་ལས་ནང་དོན་རྟོགས་མ་ཐུབ་ན། སློབ་གྲྭས་ང་ཚོར་དོན་དངོས་ཀྱི་འཛམ་གླིང་ལ་ངེས་རྟོགས་ཐུབ་ཐབས་འཁྲིད་ཀྱི་ཡོད་པ་རེད་དམ། དོན་དངོས་སུ་སློབ་གྲྭ་མང་པོ་ཞིག་གིས་སློབ་མའི་ཡིག་ཚད་ཁོ་ནར་དམིགས་གཏོད་པ་ལས་ཟུར་སྦྱོང་རིགས་ཀྱི་བྱ་འགུལ་ལ་དོ་སྣང་མེད་པར་སློབ་མ་ཧ་ཅང་མང་པོར་གནོན་ཤུགས་ཐེབས་བཞིན་ཡོད་པ་རེད།

༣ དགེ་རྒན་གྱི་གླ་ཆ།

དགེ་རྒན་ནི་ཆེས་གལ་འགངས་ཆེ་བ་དེ་ཡིན་པ་དང་སློབ་མའི་མི་ཚེའི་ནང་དགེ་རྒན་ནི་མིག་དཔེ་གལ་ཆེན་ཞིག་ཆགས་ཡོད་པ་རེད། ནམ་རྒྱུན་བཤད་ཚུལ་ལ་དགེ་རྒན་ནི་སློབ་མའི་ཨ་མ་གཉིས་པ་ཡིན་པར་འབོད་སྲོལ་ཡོད་པ་རེད། དགེ་རྒན་ནི་སློབ་མའི་ཐོག་མའི་ཤེས་བྱ་ཡི་འབྱུང་ཁུངས་ལྟ་བུ་ཆགས་ཡོད་པ་དང་སློབ་མར་ཤེས་ཡོན་ཅི་ལྟར་སྤྲོད་མིན་དེ་དགེ་རྒན་ཚོའི་ལག་ན་ཡོད་པ་རེད། ངས་འདི་ནས་ལེགས་བཤད་ཅིག་དྲངས་ན་སྨན་པས་སྙིང་ལ་གཤག་བཅོས་ཀྱིས་བྱིས་པ་ཞིག་གི་ཚེ་སྲོག་སྐྱོབ་ཐུབ་ན་ཡང་། རླབས་ཆེན་གྱི་དགེ་རྒན་ཞིག་གིས་བྱིས་པ་དེས་སེམས་ལ་འཛུལ་དེ་དོན་དམ་པའི་ཚེ་སྲོག་ལྡན་པའི་མི་ཞིག་བཟོ་ཐུབ། དགེ་རྒན་ནི་དོན་ངོ་མའི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་ན་ཡང་ཁོ་ཚོར་ད་དུང་ནམ་རྒྱུན་བཞིན་ཁ་རྡུང་རག་གི་ཡོད་པ་རེད། དེ་ནི་དགེ་རྒན་ཚོའི་ནོར་འཁྲུལ་མ་ཡིན་པར་ཁོ་ཚོ་ཡང་ལམ་ལུགས་ཤིག་གི་འོག་ན་ཡོད་པས་ཁོ་ཚོར་ཆེན་པོ་ཞིག་བྱེད་པའི་དབང་ཆ་མེད་པ་རེད། དེ་བས་དགེ་རྒན་ཚོར་གླ་ཕོགས་ཆེན་པོ་སྤྲོད་དགོས་པ་དང་ཁོ་ཚོར་ག་ཚོད་ཀྱིས་གླ་ཆ་མཐོ་བོ་སྤྲོད་ཐུབ་ན་དེ་ཚོད་ཀྱིས་མི་མང་པོ་ཞིག་དགེ་རྒན་གྱི་ལས་དོན་གཉེར་བར་དགའ་བོ་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་རྒྱ་གར་ནང་དགེ་རྒན་ཚོ་ནི་ནམ་རྒྱུན་གླ་ཆ་ཧ་ཅང་དམའ་བོ་ཅན་ཡིན་པ་རེད།

༤ གཞུང་གཉེར་སློབ་གྲྭ་དང་སློབ་གསོ།

རྒྱ་གར་ནང་གཞུང་གཉེར་སློབ་གྲྭ་ཁག་ནི་སློབ་འཁྲིད་ཀྱི་མཐུན་རྐྱེན་ཧ་ཅང་སྐྱོ་བོ་ཅན་ཡིན་པ་དང་། སློབ་གྲྭ་དེ་དག་ནང་སློབ་མའི་རྨང་གཞིའི་སློབ་གསོ་ཧ་ཅང་སྐྱོ་བོ་ཡིན་པ་མ་ཟད། ཁོ་ཚོར་འཛིན་གྲྭ་ ༡༢  མ་སླེབས་བར་དུ་སློབ་ཚན་སོགས་རང་གི་དགའ་ཕྱོགས་ལྟར་གདམ་ཀ་མེད་པ་དང་། མ་འོངས་པར་གཞུང་གཉེར་སློབ་གྲྭ་ཁག་གིས་འཛིན་གྲྭ་ ༡༢ བར་དུ་སློབ་ཚན་སོགས་རང་གི་འདོད་མོས་ལྟར་གདམ་ཀ་ཡོད་པ་བྱེད་དགོས་རྒྱུ་གལ་ཆེན་རེད་འདུག

༥ མཐོ་སློབ་འགྲིམས་པའི་ཁེ་དབང།

མི་ཚང་མར་རང་ཉིད་ཀྱི་འདོད་མོས་ལྟར་མཐོ་སློབ་གང་ཞིག་འགྲིམས་པའི་ཁེ་དབང་འདྲ་མཉམ་གྱིས་སྤྲོད་དགོས་པ་དང་། མཐོ་སློབ་འགྲིམས་པའི་གཞི་རྩའི་ཆ་རྐྱེན་དེ་སློབ་མ་ཚོའི་སྐར་གྲངས་ག་ཚོད་བླངས་ཡོད་མེད་ཙམ་ནས་ཐག་གཅོད་མི་བྱེད་པར་སློབ་མ་ཚོས་དགའ་ཕྱོགས་ལྟར་གོ་སྐབས་གཅིག་མཚུངས་ལྟར་སྤྲོད་དགོས་འདུག རྒྱ་གར་ནང་དུ་སློབ་མ་མང་པོ་ཞིག་རང་གི་དགའ་ཕྱོགས་ལྟར་སློབ་ཚན་དེའི་སྟེང་མཐོ་རིམ་སློབ་གཉེར་ཁང་ལ་འཛུལ་ཐུབ་ཀྱི་མེད་པ་དང་། སྐར་གྲངས་ལམ་ལུགས་ཀྱི་སློབ་གསོ་ཡིས་སློབ་མ་མང་པོ་ཞིག་གིས་རང་གི་དགའ་ཕྱོགས་བློས་བཏང་ནས་མི་ཚེ་དང་གཏན་ནས་འབྲེལ་བ་མེད་པའི་སློབ་སྦྱོང་མི་བྱེད་ཐབས་མེད་ཆགས་ཀྱི་ཡོད་པ་རེད།

༦ འཁྲིག་སྤྱོད་ཤེས་ཡོན་སློབ་གསོ།

ང་རང་གིས་བསམ་ན་རྒྱ་གར་གྱི་ཤེས་ཡོན་སློབ་གསོའི་ཁྲོད་ཀྱི་དཀའ་ངལ་ཆེ་ཤོས་དེ་འཁྲིག་སྤྱོད་ཤེས་བྱ་མཁོ་སྤྲོད་དང་འཁྲིག་སྤྱོད་ཤེས་བྱ་ཡི་སྤུས་ཚད་མ་འདང་བས་ཡིན་པ་དང་། ལང་ཚོ་དར་བབ་ཀྱི་སློབ་མ་ཚོར་མཚོན་ན་འཚར་ལོངས་ཡོང་བ་དང་མཉམ་དུ་ཉམས་མྱོང་གསར་པ་དང་གཟུགས་ཁམས་ཀྱི་འགྱུར་ལྡོག་ཚང་མར་གཏོད་ལེན་བྱ་དགོས་པས། འཁྲུག་སྤྱོད་ཤེས་ཡོན་སློབ་གསོ་དེ་རྒྱ་གར་གྱིས་སློབ་གྲྭ་ཁག་ཚང་མའི་ནང་ངེས་པར་དུ་གཏན་འབེབ་བྱ་དགོས་འདུག མི་ཚང་མས་ཤེས་ཀྱི་མེད་པ་དེ་བྱིས་པ་དེ་དག་ལ་འཁྲུག་སྤྱོད་སྐོར་ལ་ལམ་སྟོན་ཡག་པོ་ཞིག་ཐོབ་ཀྱི་མེད་པ་དང་། དེ་ལ་བརྟེན་ནས་ཁོ་ཚོས་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་མང་པོ་སྤེལ་བཞིན་དཀའ་ངལ་ནང་ལྷུང་བཞིན་ཡོད་པ་རེད། མ་མཐའ་ཡང་སློབ་གྲྭ་ཁག་གི་ནང་འཁྲིག་སྤྱོད་ཤེས་བྱ་ཡི་སྐོར་ལ་གང་ཞིག་བྱས་ན་བདེ་འཇགས་ཡིན་པ་དང་། ག་འདྲ་བྱ་དགོས་མིན་དང་ག་འདྲ་ཞིག་བྱེད་མི་ཉན་པ། བཙན་གཡེམ་སོགས་བྱེད་མི་ཉན་པའི་ཤེས་ཡོན་སློབ་གསོ་སྤྲོད་དགོས་འདུག་ལ། སློབ་གྲྭ་ཁག་གིས་ངེས་པར་དུ་འཁྲུག་སྤྱོད་ལམ་སྟོན་དགེ་རྒན་ཡོད་པ་བྱ་དགོས་འདུག དེ་བཞིན་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་བུ་ཚོར་བུད་མེད་ཚོའི་ཟླ་མཚན་སྐོར་ལ་གོ་རྟོགས་སྤེལ་དགོས་པ་དང་དེ་ལྟར་བྱས་པ་ཡིན་ན་གྲོང་གསེབ་ཁག་ནང་དུ་ཟླ་མཚན་ནི་སྲོལ་རྒྱུན་ལམ་ལུགས་ངོས་ནས་བཙོག་པོར་ལྟ་བ་དེ་རང་བཞིན་གྱིས་མེད་པར་ཆགས་འགྲོ་བ་རེད། ཉེ་སྔོན་རང་འཁྲུག་སྤྱོད་སློབ་གསོའི་དེབ་ཅིག་འགྲེམས་སྤེལ་བྱས་སོང་ན་ཡང་སློབ་གྲྭ་ཁག་མང་པོའི་ནང་དེ་དག་བཀག་འགོག་བྱས་འདུག སྤྱིར་འཁྲིག་སྤྱོད་སློབ་གསོ་ནི་སྤྱིར་བཏང་གི་ཤེས་བྱ་དང་གཅིག་པ་ཡིན་པས་སློབ་གྲྭ་ཁག་ནང་འཁྲིག་སྤྱོད་སློབ་གསོ་དགོས་རྒྱུ་ནི་མེད་ཐབས་མེད་པ་ཞིག་རེད།

ཆེད་རྩོམ་འདི་ནི་རྒྱ་གར་གྱི་ན་གཞོན་ཞེས་པའི་དྲ་རྒྱ་ནས་བཏུས་ཏེ་བསྒྱུར་བ་ཡིན་ལ། རྩོམ་པ་པོ་ནི་རཱེ་ཧཱ་སེ་ཐེ(Rhea Sethi)ཞེས་པའི་བུད་མེད་ཅིག་ཡིན་པ་དང་། མོས་རྒྱ་གར་གྱི་དྲ་རྒྱ་ཁག་ནང་སློབ་གསོའི་གནད་དོན་སྐོར་གྱི་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་པ་དང་། དེ་བཞིན་མོ་ནི་རྒྱ་གར་གྱི་བུད་མེད་ནུས་སྟོབས་དང་བུད་མེད་ཐོབ་ཐང་ལས་འགུལ་བ་ཞིག་ཀྱང་ཡིན་འདུག

མ་ཡིག་གི་དྲ་ཐག www.youthin.change-indian-education-system

The post ང་ཚོས་ངེས་པར་དུ་དོ་སྣང་བྱ་དགོས་པའི་རྒྱ་གར་གྱི་སློབ་གསོའི་ལམ་ལུགས་ཁག་ཅིག appeared first on བོད་ཀྱི་དུས་བབ།.


ལྐོག་རྔན་བླངས་བས་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

$
0
0

རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ལྷ་ས་གྲོང་ཁྱེར་ཆུ་མཁོ་འདོན་ཡན་ལག་ཁང་གི་མགོ་འཁྲིད་གཞོན་པ་བོད་མི་བློ་བཟང་ཚེ་རིང་ཞེས་པ་ཞིག་ལ་ཞིབ་བཤེར་བྱེད་ཀྱི་འདུག
ཁ་སང་རྒྱ་ནག་གཞུང་འབྲེལ་དབུས་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧུའུ་ནན་ཞིང་ཆེན་ཀྲོའི་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཧྲན་ཞི་ཞིང་ཆེན་སྐབས་ ༡༢ པའི་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་དང་། དེ་སྔའི་ཏང་ཙུའི་གྲོང་ཁྱེར་གྱི་མགོ་འཁྲིད་གཞོན་པ་ཟུར་པ་ཝེ་མིན་ཀྲུའུ་(魏民洲)ཡིས་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་རྒྱ་སྒོར་དུང་ཕྱུར་མང་པོ་བླངས་ཡོད་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག

གནས་ཚུལ་དེའི་ནང་། ཝེ་མིན་ཀྲུའུ་ལ་འདྲི་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ཁོས་ཕྱི་ལོ་ ༡༩༩༦ ལོ་ནས་ ༢༠༡༧ ལོའི་བར། རྒྱ་ནག་ཧྲན་ཞི་ཞིང་ཆེན་གྱི་རྒྱུན་ལས་མགོ་འཁྲིད་གཞོན་པ་ཡིན་སྐབས། འབྲེལ་ཡོད་ཚན་པས་གཏེར་ཁ་ལེན་པ་དང་། མི་མང་གི་ས་ཆ་ཧམ་འཚོང་བྱས་པ་མ་ཟད། མ་རྩ་མཉམ་བསྲེ་དང་དངུལ་བུན་གཡར་བ་སོགས་ལ་རོགས་བྱས་ཏེ། རང་ཉིད་དམ་རང་གི་གཉེན་ཉེ་བརྒྱུད་རོགས་བྱེད་ཡུལ་ཚོས་སྤྲད་པའི་རྒྱུ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་ ༡༠༩༧༨༣༣༢༤ ལྷག་ལྐོག་ལེན་བྱས་ཡོད་སྐོར་བརྗོད་འདུག

ཝེ་མིན་ཀྲུའུ་ནི་དེ་སྔ་ཧྲན་ཞི་ཞིང་ཆེན་ཧྲང་ལོ་གྲོང་ཁྱེར་མི་མང་སྲིད་གཞུང་གྲོང་ཁྱེར་སྤྱི་ཁྱབ། ཧྲང་ལོ་གྲོང་ཁྱེར་གྲོང་ཁྱེར་དམར་ཤོག་འཐུས་མིའི་རྒྱུན་ལས་དང་དྲུང་ཡིག་ཆེན་མོ། ཤིས་ཨན་གྲོང་ཁྱེར་དམར་ཤོག་རྒྱུན་ལས་ལྷན་ཚོགས་ཀྱི་མགོ་འཁྲིད། དེ་བཞིན་ཧྲན་ཞི་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་མི་མང་འཐུས་ཚོགས་རྒྱུན་ལས་གྱི་མགོ་གཙོ་གཞོན་པ་སོགས་ཀྱི་ལས་འགན་འཁུར་མྱོང་ཡོད་པ་དང་། ད་ལན་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་ཞིབ་བཤེར་དང་འབྲེལ་ཁོ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་མ་ཟད། ཆབ་སྲིད་དབང་ཆ་ཚེ་གང་བོར་འཕྲོག་རྒྱུ་དང་། མི་སྒེར་གྱི་རྒྱུ་ནོར་ཡོངས་སུ་རྫོགས་པ་གཞུང་བཞེས་གཏོང་རྒྱུ་བྱས་འདུག

གཞན་ཡང་། ལྷ་ས་གྲོང་ཁྱེར་རང་འབབ་ཆུ་མཁོ་འདོན་ཡན་ལག་ཁང་གི་སྤྱི་གཉེར་བ་གཞོན་པ་བོད་མི་བློ་བཟང་ཚེ་རིང་ཟེར་བ་ཞིག་གིས། ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བརྗོད་འདུག་ཀྱང་། ཁྲིམས་ཚབས་ཆེན་ག་རེ་བྱས་ཡོད་སོགས་གང་ཡང་བརྗོད་མི་འདུག

བློ་བཟང་ཚེ་རིང་ནི་ཕྱི་ལོ་༡༩༦༨ ལོར་ལྷ་སར་སྐྱེས་ཡོད་པ་དང་། ཁོང་ལ་སློབ་ཆུང་གི་ཆུ་ཚད་ཙམ་ལས་མེད་སྐོར་བརྗོད་ཡོད་པ་དང་། ཕྱི་ལོ་ ༡༩༨༨ ཟླ་༡༢ པའི་ནང་རྒྱ་གཞུང་གི་ལས་ཀར་ཞུགས་ཡོད་པ་དང་། ཕྱི་ལོ་ ༡༩༨༨ ཟླ་ ༡༢ ནས་༡༩༩༧ ལོའི་བར་ལྷ་ས་གྲོང་ཁྱེར་རང་འབབ་ཆུ་མཁོ་འདོན་ཡན་ལག་ཁང་དུ་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོའི་ཟླ་༡ ནས་བཟུང་ཡན་ལག་ཁང་དེའི་སྤྱི་གཉེར་བ་གཞོན་པའི་འགན་འཁུར་ཡོད་འདུག

རྒྱ་གཞུང་གིས་ལྐོག་ཟ་དང་འབྲེལ་མཐོ་རིམ་མགོ་འཁྲིད་དང་ཚོང་པ་སོགས་ལ་ཚེ་བཙོན་དང་། ལྐོག་གསོད་དང་རང་ཤི་བརྒྱབ་སོང་ཟེར་བ་སོགས་ཀྱི་སྐད་ཆར་རྒྱལ་སྤྱིའི་སྟེང་དོགས་གཞི་ཆེན་པོ་བྱེད་ཀྱི་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རིའི་ནང་སྐྱབས་བཅོལ་དུ་ཡོད་པའི་རྒྱ་རིགས་ཕྱུག་བདག་ཆེན་མོ་ཀོ་ཝེན་གོ་དང་། ཨ་རིའི་ཕོ་བྲང་དཀར་པོའི་སྤྱི་ཁྱབ་བློ་འདོན་པ་ཟུར་པ་སི་ཊི་ཝིན་བྷ་ནོ་(Steve Bannon)ལགས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། གནད་དོན་དེའི་ཐད་ཨ་སྒོར་ས་ཡ་ ༡༠༠ ལྷག་བཏང་ནས་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post ལྐོག་རྔན་བླངས་བས་ཚེ་བཙོན་གྱི་ཁྲིམས་ཐག་བཅད། appeared first on བོད་ཀྱི་དུས་བབ།.

ལོ་ངོ་བཞི་བཅུའི་བཅོས་བསྒྱུར་སྒོ་འབྱེད་ཁྲོད་ཀྱི་ཧོང་ཀོང་།

$
0
0

རྩོམ་པ་པོ། Tony Cheung, Kimmy Chung

བོད་སྒྱུར་བ་པ་སངས་ཚེ་རིང་།ཕྱི་ལོ་ ༡༩༧༩ ལོའི་ནང་ཧོང་ཀོང་གི་འགྲུལ་པ་ཞིག་རྒྱ་ནག་སྐམ་ས་ཆེན་མོ་ལ་སྐྱོད་སྐབས་ལག་རྟགས་ཆེད་ཟ་སྣུམ་དང་། ཁ་ཟས། བ་དམ། རྐང་འབོལ། ཁྲུས་ཆས་འཁྱེར་ཡོང་གི་ཡོད་པ་དང་། བཅའ་དངོས་དེ་དག་ས་མཚམས་ཞིབ་བཤེར་ཁང་ནས་ཚད་བཀག་ལྟར་གཏོང་གི་ཡོད་པ་ལས། གང་འདོད་འཁྱེར་མི་ཆོག་པ་མ་ཟད། དེ་དག་ཁོའོ་ལུན་ཙན་ཋོན་མེ་འཁོར་བརྒྱུད་བྱང་ཕྱོགས་ལ་སྐྱོད་མཁན་གྱི་འགྲུལ་པ་ཕལ་ཆེ་བའི་གོས་སྒམ་ནང་མཐོང་རྒྱུ་ཡོད།

ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོའི་བར་གྱི་མེ་འཁོར་ལྕགས་ལམ་དེ་དམར་ཤོག་ཚོགས་པས་རྒྱ་ནག་དབང་བསྒྱུར་བྱས་ཏེ་ལོ་ངོ་ ༣༠ རྗེས་ཀྱི་ཕྱི་ལོ་ ༡༩༧༩ ལོའི་ཟླ་ ༤ པ་ཙམ་ནས་སྒོ་ཕྱེ་འགོ་བརྩམས་ཡོད་པ་དང་། ལྕགས་ལམ་དེས་ཧོང་ཀོང་དེ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་ངོ་བོའི་ཐོག་ནས་རྒྱ་ནག་སྐམ་ས་ཆེན་མོར་ལོག་པ་མཚོན་ཡོད་པ་མ་ཟད། རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད་ལ་ནུས་པ་ཤུགས་ཆེར་བཏོན་ཡོད།

བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་ ༤༠ འཁོར་ཏེ་འདི་ལོའི་ཕྱི་ཟླ་ ༡༡ ནང་སྲིད་འཛིན་ཞི་ཅིན་ཕིང་གིས་པེ་ཅིན་དུ་ཧོང་ཀོང་གི་ཆེས་མཐོའི་མགོ་འཁྲིད་དག་དང་ཐུག་འཕྲད་བྱེད་སྐབས། ཧོང་ཀོང་གིས་རྒྱ་ནག་བཅོས་བསྒྱུར་སྒོ་འབྱེད་ནང་ཆ་ཤས་དང་ནུས་པ་དམིགས་བསལ་བ་བཏོན་པའི་སྐོར་ནས་གླེང་མོལ་བྱས་ཡོད་ཀྱང་། ཧོང་ཀོང་བའི་ཁྲོད་ན་ཧོང་ཀོང་དེ་རྒྱ་ནག་སྐམ་ས་ཆེན་མོའི་ཆ་ཤས་ཤིག་ཡིན་ཞེས་བརྗོད་འདོད་མེད་མཁན་ཡོད། འདས་པའི་དུས་སུ་ཧོང་ཀོང་དེ་རྒྱ་ནག་དང་གཅིག་སྒྲིལ་བྱེད་རྒྱུའི་གནས་སྟངས་དང་། ཧོང་ཀོང་གི་ཐོབ་ཐང་དང་རང་དབང། དེ་བཞིན་ཆབ་སྲིད་བསྒྱུར་བཅོས་བཅས་ཀྱི་ཐོག་ལ་ཧོང་ཀོང་གི་མ་འོངས་པའི་ཆེད་དཀའ་ལས་དང་མ་རྩ་འཛུགས་མཁན་དག་གིས་མ་གཏོགས་དོ་འཁུར་བྱེད་ཀྱི་མེད།

འདས་པའི་ལོ་ངོ་ ༤༠ དེའི་རིང་ལ། རྒྱ་ནག་རྒྱལ་ཡོངས་ནང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལས་འགུལ་དང་། ཕྱི་ལོ་ ༡༩༩༧ ལོའི་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་བྱ་བ་དེ་གཉིས་དུས་གཅིག་ལ་འཁེལ་སྟབས། མཚམས་རེར་མཉམ་འདུས་དང་མཚམས་རེར་རྙོག་འཛིང་གི་ཁྲོད་ནས་བསྒྲུབས་ཡོད།

བཅོས་བསྒྱུར་སྒོ་འབྱེད་དང་ཏེང་ཞའོ་ཕེང་གི་འགན་ལེན།ཕྱི་ལོ་ ༡༩༧༩ ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་ཧོང་ཀོང་གི་དབྱིན་ཇིའི་གཞུང་འཛིན་པ་མུ་རེ་མེག་ལི་ཧོ་སི་(Murray MacLehose) ཡིས་ཏེང་ཞའོ་ཕིང་གི་རྒྱ་ནག་རྒྱལ་ཡོངས་ནང་དཔལ་འབྱོར་བསྒྱུར་བཅོས་གཏོང་རྒྱུའི་ལས་གཞི་དེའི་སྐོར་གོ་ཐོས་བྱུང་རྗེས། འཕྲལ་མར་ ༡༩༩༧ ལོར་ཧོང་ཀོང་དེ་རྒྱ་ནག་ལ་རྩིས་སྤྲོད་བྱས་རྗེས་དབྱིན་ཇིའི་དབང་འགྱུར་གནས་བབ་གང་འདྲ་ཆགས་མིན་སྐོར་ཤེས་རྟོགས་ཡོང་ཆེད་ཀང་ཀྲུའུ་(Guangzhou)དང་། པེ་ཅིན་ལ་བསྐྱོད་ཡོད་ཀྱང་། དོན་དངོས་ཐོག་ཧོང་ཀོང་དེ་རྒྱ་ནག་སྐམ་ས་ཆེན་མོར་ཕྱིར་ལོག་གཏང་ན། ཧོང་ཀོང་གྲོང་འཁྱེར་ལ་གཏོར་བརླག་ཚབས་ཆེན་ཐེབས་ངེས་པ་དང་། ཏིང་ཞའོ་ཕིང་གི་རྒྱལ་ཡོངས་དཔལ་འབྱོར་སྒོ་འབྱེད་ལ་འགོག་རྐྱེན་བཟོ་སྲིད་པའི་སྔོན་བརྡ་སྤྲོད་ཆེད་ཡིན་འདུག

རྒྱ་ནག་གི་ཧོང་ཀོང་དང་ཨོ་མན་ཞིབ་འཇུག་ལྷན་ཚོགས་(Chinese Association of Hong kong and Macau Studies)ཀྱི་འགན་འཛིན་གཞོན་པ་ལཱོ་སིའུ་ཁའེ་(Lau Siu-Kai) ཡིས། དབྱིན་ཇིའི་ཚོང་གཉེར་སྡེ་ཁག་རྣམས་ཀྱིས་ཧོང་ཀོང་དེ་རྒྱ་ནག་གི་མངའ་འོག་ཏུ་ཕྱིར་ལོག་གཏང་ཚེ། དཔལ་འབྱོར་སྤྱི་དང་། ཁོ་ཚོའི་ཚོང་དོན་ལ་དོ་ཕོག་འགྲོ་སྲིད་སྙམ་ཏེ་དངངས་འཚབ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཏིང་ཞའོ་ཕིང་གིས་རང་གི་བཅོས་སྒྱུར་སྒོ་འབྱེད་དང་ཧོང་ཀོང་སྐམ་ས་ཆེན་མོར་ཟླ་སྒྲིལ་གཏོང་རྒྱུའི་ལས་འགུལ་དེར་ཕྱོགས་མང་པོ་ནས་གནོན་ཤུགས་སྤྲད་ཀྱིན་ཡོད་ཀྱང་། ཞུམ་པ་མེད་པའི་ཐོག་ནས་ཐེངས་གཉིས་ལ་གདོང་ལེན་དྲག་པོ་བྱས་པ་མ་ཟད་། སྐབབ་དེར་དབྱིན་ཇིའི་གཞུང་འཛིན་པ་མུ་རེ་མེག་ལི་ཧོ་སི་ལ། དུས་རབས་འདི་དང་ཡོང་རྒྱུའི་དུས་སྐབས་ནང་ཧོང་ཀོང་གིས་རང་གི་མ་རྩ་རིང་ལུགས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ང་ཚོས་མུ་མཐུད་སྤྱི་ཚོགས་རིང་ལུགས་ལག་བསྟར་བྱེད་རྒྱུ་ཡིན། ཞེས་བརྗོད་དེ། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་རྨང་གཞི་དེ་བཏིང་ཡོད་པ་དང་། དེང་སྐབས་ཧོང་ཀོང་གི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་གྲོས་ཚོགས་ཀྱི་འཐུས་ཚབ་ཐཱམ་ཡིའུ་ཁྲུང་(Tam Yiu-Chung)གིས་གནད་དོན་དེའི་སྐོར་ནས་བཤད་དོན། ཏིང་ཞའོ་ཕིང་གིས་རྒྱ་ནག་གི་གཅིག་བསྡུས་རང་བཞིན་ལ་དོ་ཕོག་མེད་པའི་སྒོ་ནས་བཅོས་བསྒྱུར་ཆེན་པོ་ཞིག་བཏང་ཡོད་པ་དང་། ཁོང་གིས་རྒྱ་ནག་ལ་དཔལ་འབྱོར་བཅོས་བསྒྱུར་དང་བདག་དབང་གཉིས་ཀ་ཐོབ་སྲིད་པར་མཐོང་སྟེ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེ་བདམས་པ་རེད།ཕྱི་ལོ་ ༡༩༨༢ ལོར་དབྱིན་ཇིའི་བུད་མེད་སྲིད་བློན་ཐོག་མ་མཱར་གྷ་རེ་ཊི་ཋེད་ཆཱེར་(Margaret Thatcher)གྱིས་པེ་ཅིན་དུ་ཏེང་ཞའོ་ཕིང་དང་ཐུག་འཕྲད་བྱས་ཏེ། ཧོང་ཀོང་དེ་སྔར་བཞིན་དབྱིན་ཇིའི་འོག་ཏུ་འཇོག་རྒྱུའི་རེ་སྐུལ་བྱས་པར། ཏིང་ཞའོ་ཕིང་གིས་པེ་ཅིན་ལ་ཧོང་ཀོང་གི་མ་འོངས་ཡར་རྒྱས་ཐད་ལ་གདེང་སྤོབས་ཡོད་པ་དང་། ཧོང་ཀོང་དར་རྒྱས་ཡོང་མ་ཡོང་ནི། དེ་དང་འོས་ཞིང་འཚམ་པའི་སྲིད་བྱུས་ལག་བསྟར་བྱེད་མིན་ལ་ཐུག་གི་ཡོན་ཚུལ་བརྗོད་དེ། ཁོ་མོའི་རེ་སྐུལ་དང་ལེན་བྱས་མེད་པ་དང་། ཡང་ ༡༩༨༤ ལོར་ཧོང་ཀོང་གི་ཚོང་གཉེར་དང་ཆབ་སྲིད་མགོ་འཁྲིད་ཀྱི་འཐུས་ཚབ་དང་ཐུག་འཕྲད་བྱེད་སྐབས་ཀྱང་། མེས་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལས་འགུལ་ནང་ཧོང་ཀོང་གིས་ནུས་པ་ཆེན་པོ་ཐོན་ཐུབ་ཀྱི་ཡོད་པ་དང་། ཉིན་ཞིག་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་ཆབ་སྲིད་ལམ་ལུགས་དེ་ཁ་བྲལ་བའི་ཐའེ་ཝན་ལ་ཡང་ལག་བསྟར་བྱ་རྒྱུ་ཡིན་སྐོར་དང་། ཧོང་ཀོང་དང་ཐའེ་ཝན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཚབ་ཏུ་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ལག་བསྟར་བྱེད་ན་ཆོག་སྐོར་བརྗོད་ཡོད།

ཕྱི་ལོ་ ༡༩༨༤ ལོར་དབྱིན་རྒྱ་བར་ལ་ཧོང་ཀོང་དེ་ ༡༩༩༧ ལོར་རྩིས་སྤྲོད་བྱེད་རྒྱུའི་གཏན་འབེབ་ཆིངས་ཡིག་བཞག་རྗེས། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་བཟོ་རྒྱུ་འགོ་བརྩམས་ཡོད་པ་དང་། བཅའ་ཁྲིམས་དེའི་ནང་ཧོང་ཀོང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། ཕྱི་སྲིད་དང་བདེ་སྲུང་ཕུད་པའི་ཁྲིམས་ཞིབ་སོགས་ཀྱི་ཐད་ལ་ཚད་མཐོ་བའི་རང་སྐྱོང་བྱིན་ཡོད་སྐོར་བཀོད་ཡོད་ཀྱང་། བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནང་ཁུལ་ལའང་ལྟ་བ་མ་མཐུན་པའི་རྐྱེན་གྱིས་རྩོད་རྙོག་དང་ཤོག་ཁག་གཉིས་ལ་གྱེས་པའི་གནས་ཚུལ་བྱུང་བ་དེ་དུས་ད་ལྟའང་མཐོང་རྒྱུ་ཡོད། བཅའ་ཁྲིམས་ཟིན་བྲིས་སྐབས་ཚོགས་མི་ནང་ཁུལ་ནང་། གལ་ཏེ་ཧོང་ཀོང་དེ་རྒྱ་ནག་སྐམ་ས་ཆེན་མོ་དང་ལོགས་བཀར་བྱེད་རྒྱུའི་ཁ་བྲལ་སོགས་ཀྱི་ལས་འགུལ་སྤེལ་ཚེ་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཀྱི་ཐད་ནས་ཐག་གཅོད་ཇི་ལྟར་བྱེད་རྒྱུ་ཡིན་སྐོར་ནས་བསམ་ཚུལ་མི་མཐུན་པ་བྱུང་དུས། མཇུག་མཐར་སྒྲིག་འཛུགས་རང་བཞིན་དང་འཚེ་བའི་ཐོག་ནས་ལས་འགུལ་དེ་དག་སྤེལ་ཚེ་སྨྲ་བརྗོད་རང་དབང་འཕྲོག་རྒྱུའི་ཐག་གཅོད་བྱས་ཡོད་པ་ལྟར། དུས་དེང་སང་ཡང་ཧོང་ཀོང་བའི་ཁྲོད་རང་ཐག་རང་གཅོད་དང་རང་བཙན་ཐད་སྦྱོང་ཤེས་བྱེད་རྒྱུའི་ཐོབ་ཐང་ཡོད་མེད་སྐོར་གྱི་གླེང་གཞི་མི་ཉུང་བ་ཞིག་ཐོན་བཞིན་ཡོད་པ་མ་ཟད། རྒྱ་ནག་སྐམ་ས་ཆེན་མོའི་དབང་འགྱུར་ལ་ཁ་གཏུག་ངོ་རྒོལ་བྱེད་ཀྱི་ཡོད། གང་ལྟར་ཕྱི་ལོ་ ༡༩༨༧ ལོར་ཏེང་ཞའོ་ཕིང་གིས་པེ་ཅིན་གྱི་མི་མང་ཚོགས་ཁང་ཆེན་མོའི་ནང་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ ༥༠ ཀུན་དང་ཐུག་འཕྲད་ཀྱིས་གུ་ཡངས་པའི་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེར་འགན་ལེན་བྱས་པར་བརྟེན། ཚོགས་ཆུང་ནང་ཁུལ་གྱི་དེ་སྔའི་རྩོད་རྙོག་རྣམས་ཀྱང་རིམ་པས་ཞི་བར་གྱུར། དེ་དུས་རང་ལོ་ ༨༢ ཡིན་པའི་ཏེང་ཞའོ་ཕིང་གིས་ཚོགས་མི་དག་ལ། ཁྱེད་ཚོ་ཚང་མ་མི་བཟང་པོ་ཤ་སྟག་རེད། ང་ལ་གོམས་གཤིས་ངན་པ་དེ་འདྲ་ཡོད། ངས་ཐ་མག་འཐེན་པ་དང་། ཆང་འཐུང་བ། དེ་བཞིན་མཆིལ་མ་འདོར་གྱི་ཡོད། མཆིལ་མ་འདོར་རྒྱུ་དེ་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་བཟང་སྤྱོད་ཅིག་ལ་རྩིས་ཀྱི་མེད་པ་རེད། ཅེས་བརྗོད་དེ། ཏིང་ཞའོ་ཕིང་ལ་མཚོན་ན། རྒྱ་ནག་སྐམ་ས་ཆེན་མོ་དང་། དབྱིན་ཇིའི་འོག་གི་ཧོང་ཀོང་བའི་སྤྱི་ཚོགས་གཉིས་ཀྱི་ལྟ་ཚུལ་ཐོག་གཞི་རྩའི་ཁྱད་པར་ཡོད་ཀྱང་། མཉམ་གཅིག་ཏུ་གནས་ཐུབ་པའི་ཡིད་ཆེས་ཡོད་པ་དང་། ཁོས་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ལ། པེ་ཅིན་གྱིས་ཧོང་ཀོང་གི་ད་ལྟའི་སྤྱི་ཚོགས་གནས་བབ་དེ་ལོ་ ༥༠ རིང་མུ་མཐུད་རང་འཇོག་བྱ་རྒྱུ་དང་། གལ་ཏེ་ནུས་པ་ཐོན་ན་དུས་ཡུན་ཕྱིར་འགྱངས་བྱ་ཆོག་པའི་འགན་ལེན་བྱས་ཡོད་པ་དེར། སྐབས་དེའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཐཱམ་ཡིའུ་ཁྲུང་གིས། དེ་དུས་ཏེང་ཞའོ་ཕིང་ནས་ཧོང་ཀོང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་བཞིན་དུ་མ་རྩ་རིང་ལུགས་ལག་བསྟར་བྱེད་ཆོག་ཅེས་དངོས་སུ་བརྗོད་དུས་ང་ཚོར་གདེང་སྤོབས་སྐྱེས་སོང་། ཞེས་ཕྱིར་དྲན་བྱས་ཏེ་བརྗོད་ཡོད།

ཕྱི་ལོ་ ༡༩༨༧ ལོའི་ནང་ཧོང་ཀོང་དེ་བཟོ་སྐྲུན་དཔལ་འབྱོར་ཀྱི་ཐད་ལ་དར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པ་དང་། དེའི་ཁྲིམས་ཀྱི་དབང་འགྱུར་དང་རང་དབང་ལ་རྒྱབ་རྟེན་བྱས་པའི་མ་རྩ་རིང་ལུགས་དེ་སྤྱི་ཚོགས་རིང་ལུགས་རྒྱ་ནག་འོག་ནས་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྒྱ་ནག་སྐམ་ས་ཆེན་མོ་ཡང་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་རབས་གཅིག་འདས་ཟིན་པས། སྤྱི་ཡོངས་ནས་ཞིང་ལས་ཐོན་རྫས་དང་། སྒེར་པའི་ཁེ་ལས་དཔལ་འབྱོར་རྣམས་འཕེལ་ཁ་རྒྱས་བཞིན་པའི་སྒང་ལ་ཡིན་པ་དང་། ཧོང་ཀོང་གཙོས་པའི་ཕྱིའི་ཁེ་ལས་པ་དག་གིས་རྒྱ་ནག་ནང་ཚོང་དོན་མ་རྩ་འཛུགས་འགོ་བརྩམས་ཡོད་པ་དང་།

འདས་པའི་ལོ་ངོ་ ༤༠ དེའི་རིང་ལ། ཧོང་ཀོང་གིས་རྒྱ་ནག་སྐམ་ས་ཆེན་མོ་ལ་ཕར་ཁེ་ཕན་བསྐྲུན་པ་བཞིན། ཚུར་ཡང་ཁེ་ཕན་ཁྱོན་ཆེ་བ་ཞིག་བླངས་ཐུབ་ཡོད་དེ། ཕྱི་ལོ་ ༡༩༧༨ ལོར་ཧོང་ཀོང་གི་རྒྱལ་སྤྱིའི་ཚོང་རའི་མ་རྐང་ནང་རྒྱ་ནག་གིས་བརྒྱ་ཆ་ ༩།༣ ཟིན་གྱི་མེད་ཀྱང་། ཕྱི་ལོ་ ༢༠༡༧ ལོ་ལྟར་ན་བརྒྱ་ཆ་ ༥༠།༢ ལྷག་ཟིན་གྱི་ཡོད་པས། ཧོང་ཀོང་གི་རྒྱལ་སྤྱིའི་ཚོང་རའི་མ་རྐང་ཕྱེད་ཀ་ལྷག་རྒྱ་ནག་སྐམ་ས་ཆེན་མོའི་ཡིན་འདུག་པ་དང་། ཕྱི་ལོ་ ༡༩༨༥ ལོ་ནས་བཟུང་རྒྱ་ནག་དེ་ཧོང་ཀོང་གི་ཚོང་གཉེར་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ཡང་། ཧོང་ཀོང་ནི་ཨ་རི་དང་ཉི་ཧོང་རྗེས་ཀྱི་རྒྱ་ནག་གི་ཚོང་གཉེར་རོགས་པ་གསུམ་པ་དེ་ལས་མིན། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྐྱེན་པས་རྒྱ་ནག་གི་སྤྱི་སྙོམ་རྒྱལ་ནང་ཐོན་རྫས་(Gross Domestic Product) ཀྱི་རིན་པ་དེ་ལྡབ་བཅུས་མཐོ་རུ་ཕྱིན་ཡོད་དེ། ཕྱི་ལོ་ ༡༩༧༨ ལོར་ཨ་སྒོར་ཐེར་འབུམ་ ༡༥༠ ནས་ཨ་སྒོར་ཐེར་འབུམ་ ༡༢,༢༤༠ ལ་འཕར་ཡོད་པ་དང་། ཧོང་ཀོང་ལ་མཚོན་ན་ཡང་། ཕྱི་ལོ་ ༡༩༧༨ ལོར་ཨ་སྒོར་ཐེར་འབུམ་ ༡༨།༣ ནས་ཨ་སྒོར་ཐེར་འབུམ་ ༣༤༡ ལ་འཕར་ཡོད།

ཐཱམ་ཡིའུ་ཁྲུང་གིས་བཅོས་བསྒྱུར་སྒོ་འབྱེད་ཀྱིས་ང་ཚོར་གོ་སྐབས་མང་པོ་བསྐྲུན་ཡོད་ཅིང། ཧོང་ཀོང་གི་བཟོ་གྲྭའི་སྦྱིན་བདག་རྣམས་བཟོ་བསྐྲུན་ཁེ་ལས་པར་འགྱུར་རྒྱུའི་མཐུན་རྐྱེན་སྦྱར་ཡོད་པ་བཞིན། རྒྱ་ནག་སྐམ་ས་ཆེན་མོའི་མགོ་འཁྲིད་རྣམས་ཀྱིས་ཧོང་ཀོང་མེད་པར་དེ་ལྟར་གྲུབ་ཐབས་མེད་པ་ཤེས་དགོས་པ་ཡིན། ཞེས་བརྗོད་ཡོད་པ་དང་། ལཱོ་སིའུ་ཁའེ་ཡིས། བཅོས་བསྒྱུར་སྒོ་འབྱེད་ཀྱིས་ཕྱི་ལོ་ ༡༩༩༧ བར་དུ་བཟོ་བསྐྲུན་པ་རྣམས་བྱང་ཕྱོགས་ལ་འགྲོ་རྒྱུའི་སྐུལ་འདེད་བྱས་པ་དང་། ཧོང་ཀོང་རང་ཉིད་ནས་ཀྱང་བཟོ་བསྐྲུན་སོགས་ཀྱི་ཐད་ནས་འཕེལ་རྒྱས་ཤུགས་ཆེར་བཏང་འགོ་བརྩམས་ཡོད་ཀྱང་། ༡༩༩༧ ལོའི་རྗེས་ནས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་རྐྱེན་པས་ཧོང་ཀོང་གིས་བཟོ་བསྐྲུན་པ་དང་ཚོང་གཉེར་བ་རྣམས་ལ། རྒྱ་ནག་གི་དམིགས་བསལ་ཚོང་གཉེར་ས་ཚིགས་ཧྲིན་ཀྲིན་(Shenzhen)དང་། ཀྲུའུ་ཧའེ།(Zhuhai) ཧྲན་ཐོ་(Shantou) ཞཱ་མེན་(Xiamen)བཅས་བཞི་ནས་ཁེ་ཕན་ཆེན་པོ་ཐོབ་ཡོད།

 ངོ་རྒོལ་གྱི་ལོ་རབས།

ཕྱི་ལོ་ ༡༩༩༢ ལོའི་ཏིང་ཞའོ་ཕིང་གི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱ་ནག་ལྷོ་ཕྱོགས་ཀྱི་སྐོར་སྐྱོད་དེས་ཧོང་ཀོང་ལ་སྔར་བས་སྤོབས་པ་ཆེ་བ་བྱིན་ཡོད་པའི་སྐོར་ལ་ལཱོ་སིའུ་ཁའེ་ཡིས། ཏེང་ཞའོ་ཕིང་གི་སྐོར་སྐྱོད་དེས། བཅོས་བསྒྱུར་ལས་འགུལ་དེ་མྱུར་དུ་གཏོང་དགོས་པ་དང་། ཧོང་ཀོང་ནི་ལས་འགུལ་དེའི་ཆ་ཤས་གལ་ཆེན་ཞིག་ཡིན་པའི་བརྡ་སྤྲད་ཡོད་པ་མ་ཟད། དྲུག་བཞིའི་དོན་རྐྱེན་དེས་བཅོས་བསྒྱུར་ལས་འགུལ་ལ་འགོག་རྐྱེན་དང་མཚམས་འཇོག་བྱེད་སྲིད་སྙམ་པའི་ཞེད་སྣང་དེ་ཡང་མེད་པར་གྱུར་ཡོད། ཅེས་བརྗོད་ཡོད་པ་དང་། སྐོར་བསྐྱོད་དེའི་སྐབས་ཏེང་ཞའོ་ཕིང་གིས་རྒྱ་ནག་ལྷོ་ཕྱོགས་ཧྥི་ཐན་(Futian) ནས་ཧོང་ཀོང་གི་རི་རྒྱུད་དག་ལ་སྐར་མ་དགུ་ཙམ་བལྟས་བསྡད་པ་དེས། ཁོས་ཧོང་ཀོང་དེ་སྐམ་ས་ཆེན་མོར་གང་མགྱོགས་ལོག་རྒྱུའི་རེ་སྒུག་བྱེད་བཞིན་པའི་བརྩེ་སེམས་མཚོན་ཡོད་པ་དང་། ཁོས་ཧོང་ཀོང་བའི་ཚོང་པ་གྲགས་ཆེན་ཞིག་ལ། ངས་གང་ཐུབ་ཀྱིས་༡༩༩༧ བར་འཚོ་ཐུབ་པ་བྱ་རྒྱུ་ཡིན། དེ་ནི་ངས་ཧོང་ཀོང་རང་རྒྱལ་ལ་ལོག་པའི་དུས་སྐབས་དེ་མཐོང་ཆེད་ཡིན། ཞེས་བརྗོད་ཡོད་ཀྱང་། སྟབས་མ་ལེགས་པར་ཧོང་ཀོང་རྒྱ་ནག་སྐམ་ས་ཆེན་མོར་མ་ལོག་གོང་གི་ཟླ་བ་ལྔ་སྔོན་ལ་རྐྱེན་འདས་སུ་སོང་།

ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༤ ཉིན་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་མདུན་དུ་དམངས་གཙོ་དོན་གཉེར་ཅན་གྱི་སློབ་མ་སྟོང་ཕྲག་འགས་གཞི་རྒྱ་ཆེ་བའི་སྒེར་ལངས་བྱས་པ་དེར། དྲག་པོའི་ལམ་ནས་ཞི་འཇགས་བཟོས་པ་མ་ཟད། གཞུང་འབྲེལ་གྱི་ཐོག་ནས་ཞི་རྒོལ་བ་ཇི་ཙམ་རྐྱེན་འདས་སུ་བཏང་ཡོད་མིན་གཏན་འཁེལ་མེད་ཀྱང་། ཚོད་དཔག་ལྟར་ན་སློབ་མ་སྟོང་ཕྲག་འགའ་ཞིག་དམར་གསོད་བཏང་ཡོད་འདུག་པ་དང་། རྒྱ་ནག་གིས་ལས་འགུལ་བའི་ཐོག་སྤྱད་པའི་ཐབས་བྱུས་དེས་དམངས་གཙོ་དོན་གཉེར་ཅན་གཙོས་པའི་ཧོང་ཀོང་བའི་མི་མང་པོར་སེམས་འཚབ་སྐྱེད་བཅུག་པ་དང་། མང་པོ་ཞིག་གིས་ཧོང་ཀོང་དེ་རྒྱ་ནག་ནང་ཕར་ལོག་ཚེ་དམངས་གཙོ་དང་རང་དབང་སོགས་སྔར་ཡོད་སྤྱི་ཚོགས་ཀྱི་སྒྲོམ་གཞི་དེ་རྩ་མེད་འགྲོ་སྲིད་སྙམ་པའི་ཞེད་སྣང་བྱུང་བ་ཡོད་པ་དང་། དབྱིན་ཇིས་ཀྱང་རྒྱ་ནག་སྐམ་ས་ཆེན་མོར་རྒྱབ་འགལ་ལྟ་བུར་ཧོང་ཀོང་རྩིས་སྤྲོད་མ་བྱས་གོང་དེར་ཧོང་ཀོང་ནང་དམངས་གཙོའི་ཤུགས་རྐྱེན་ཆེ་རུ་བཏང་བ་མ་ཟད། ཧོང་ཀོང་བ་རེ་འགར་དབྱིན་ཇིའི་ལག་འཁྱེར་ཡང་སྤྲད་ཡོད་འདུག

ལོ་ལྟར་ཕྱི་ཟླ་ ༦ པའི་ཚེས་ ༤ ཉིན་ལཱི་དང་ཁོའི་མཐུན་གྲོགས་རྣམས་ཀྱིས་ཧོང་ཀོང་གི་ཝིག་ཊོ་རི་ཡ་སྤྱི་གླིང་(Victoria Park)དུ་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དེར་སྐྱོ་གདུང་དང་། འགྱོད་སེམས། ཞེ་སྡང་མཚོན་ཆེད་རྗེས་དྲན་གྱི་ཚོགས་འདུ་ཞིག་ཚོགས་ཀྱི་ཡོད་ཀྱང་། དེའི་ནང་ཧོང་ཀོང་བ་དང་ཨོ་མན་གྱི་མི་མ་གཏོགས་མཉམ་ཞུགས་བྱེད་ཆོག་གི་མེད། དབྱེ་ཞིབ་པ་མང་པོས་རྗེས་དྲན་ཚོགས་འདུ་དེས་ཧོང་ཀོང་བ་རྣམས་ལ་ཞི་རྒོལ་བྱེད་རྒྱུའི་སྤོབས་པ་དང་ཤུགས་རྐྱེན་སྦྱིན་ཡོད་ཚུལ་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ཟླ་ ༧ ཚེས་ ༡ ཉིན་མི་གྲངས་ས་ཡ་ཕྱེད་ཀ་ལྷག་གིས་བདེ་སྲུང་གྲོས་འཆར་ཞིག་ལ་གཏན་འབེབ་བྱེད་པར་ངོ་རྒོལ་བྱས་ཡོད། ཁྲིམས་འཆར་དེ་རྒྱལ་ཁབ་ལ་གྱེན་ལོག་དང་ཁ་བྲལ་གྱི་བྱ་བ་རྩོམ་པར་འགོག་ཆེད་ཡིན་ཚུལ་བརྗོད་ཡོད་ཀྱང་མི་མང་པོས་དེ་ནི་རང་དབང་ལ་དམ་དྲག་བྱེད་ཆེད་ཡིན་པར་ཡིད་ཆེས་བྱས་ཡོད་འདུག་པ་དང་། ཞི་རྒོལ་དེའི་རྐྱེན་གྱིས་ཁྲིམས་འཆར་དེ་རྩིས་མེད་གཏོང་དགོས་པར་ཆགས་ཡོད་སྟབས། མི་མང་སྲིད་དོན་ཚོགས་པ་གསར་པའི་འགན་འཛིན་ལའོ་སུག་ཡཱི་(Lau Suk-yee) ཡིས་ཁྲིམས་འཆར་དེར་ངོ་རྒོལ་བྱས་པ་དེས་པེ་ཅིན་དང་ཧོང་ཀོང་བར་གྱི་འབྲེལ་བ་དེར་རྨ་ཁ་བྱིན་ཡོད་པ་དང་། ཞི་རྒོལ་དེས་པེ་ཅིན་གཞུང་ལའང་དོ་ཕོག་བྱུང་ཡོད་འདུགཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་སྔར་བས་གཞི་རྒྱ་ཆེ་བའི་ཉི་གདུགས་གསར་བརྗེ་ཞེས་པའི་བསྟུན་མེད་ལས་འགུལ་དེ་ཚུགས་པ་དང་། ལས་འགུལ་དེའི་རྐྱེན་པས་ཉིན་གྲངས་ ༧༩ རིང་རྒྱལ་སའི་ཚོང་དོན་སོགས་སྒོ་བརྒྱབ་དགོས་བྱུང་བ་དང་། ཧོང་ཀོང་གཞུང་གིས་དྲང་བདེན་མེད་པའི་འོས་བསྡུ་མཚམས་འཇོག་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་ཀྱང་ལུགས་དང་མི་མཐུན་པའི་སྲིད་བྱུས་ལག་བསྟར་བྱེད་རྒྱུ་མཚམས་འཇོག་དགོས་པའི་རེ་འདུན་བཏོན་ཡོད། ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་གྱི་ཞི་རྒོལ་བ་རྣམས་ལ་གྲུབ་འབྲས་དམིགས་བསལ་གང་ཡང་ཐོན་མེད་ཀྱང་། སྤྱི་ཡོངས་ནས་ལས་འགུལ་དེའི་རྒྱུན་ལྟ་བུ་ད་ལྟའང་མཐོང་རྒྱུ་ཡོད།

རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལ་རྩིས་མེད།

སྤྱིར་རྒྱ་ནག་དང་ཧོང་ཀོང་གཉིས་ཀྱིས་དཔལ་འབྱོར་གྱི་ཐད་ནས་མདུན་སྐྱོད་དང་ཁེ་ཕན་སྒྲུབ་བཞིན་ཡོད་ཀྱང་། ཆབ་སྲིད་ཀྱི་ཐོག་ནས་ཕྱོགས་གཉིས་ཀ་རྙོག་ཟིང་ནང་ལྷུང་བསྡད་ཡོད།

དུས་ད་ལྟའང་ཧོང་ཀོང་ནང་གི་བསམ་ཚུལ་མི་མཐུན་པའི་ཤོག་ཁག་གཉིས་ཀས་རྒྱ་ནག་ངོས་ནས་དཔལ་འབྱོར་སྒོ་འབྱེད་ཆེད་ཐབས་བྱུས་གསར་པ་འདོན་གྱིན་ཡོད་སྟབས། ཧོང་ཀོང་དེ་དུས་ནམ་ཡང་རྒྱ་ནག་གི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ངེས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ན་ཡང་། པེ་ཅིན་ངོས་ནས་ཏེང་ཞའོ་ཕིང་གིས་ཧོང་ཀོང་ཐོག་བཞག་པའི་འགན་ལེན་དང་དམ་བཅའ་དེ་སྲུང་ཉར་བྱེད་ཐུབ་མིན་དེ་ཤོག་ཁག་གཉིས་ཀྱི་མི་མཐུན་སའི་གནད་དོན་གཙོ་བོ་དེ་ཡིན་པ་དང་། དམངས་གཙོ་དོན་གཉེར་ཅན་གྱི་ཧོང་ཀོང་བ་རྣམས་ཀྱིས་པེ་ཅིན་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་བྱུས་བྱེད་བཞིན་པ་དེ་གཞི་རྩའི་ཆ་ནས་ནོར་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། པེ་ཅིན་གཞུང་ལ་རྒྱབ་གཉེར་བྱེད་མཁན་གྱི་ཤོག་ཁག་གིས་པེ་ཅིན་གཞུང་གིས་རང་བཙན་དང་ས་གནས་རིང་ལུགས་རྩོད་མཁན་རྣམས་ལ་གདོང་ལེན་བྱེད་ཆེད་གཞུང་དོན་ནང་ཐེ་བྱུས་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད། དེ་སྔོན་པེ་ཅིན་གཞུང་གི་ཤུགས་རྐྱེན་འོག་དམངས་གཙོ་དོན་གཉེར་ཅན་གྱི་ཧོང་ཀོང་རྒྱལ་ཡོངས་སྲིད་དོན་ཚོགས་པ་(Hong Kong National Party)ལ་དམ་དྲག་ཆེན་པོ་བྱས་ཏེ། མཐར་ཚོགས་པ་དེ་གཏོར་གཤིག་མ་བཏང་ཐབས་མེད་དུ་གྱུར་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ལོར་དམངས་གཙོ་དོན་གཉེར་ཅན་གྱི་འཐབ་རྩོད་པ་ཎ་ཋན་ལཱོ་(Nathan Law) ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མིར་འོས་འདེམ་བྱུང་ཡོད་ཀྱང་། འཐུས་མི་གསར་འདེམ་གྱི་དམ་བཅའི་སྐབས་གཞུང་དང་འགལ་བའི་རྩ་ཚིག་བཤད་པའི་ཉེས་མིང་འོག་འཐུས་མི་ནས་ཕྱིར་འཕུད་བཏང་ཡོད་པ་མ་ཟད། ངོ་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་ཟླ་ ༦ ནས་ ༨ རིང་གི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད་པ་རེད།

ལཱོ་སིའུ་ཁའེ་ཡིས་བཟང་ཕྱོགས་ཀྱི་ལྟ་བ་བཟུང་སྟེ། ད་ལྟའི་ཨ་རྒྱ་གཉིས་ཀྱི་ཚོང་དམག་དེའི་ཁྲོད་ནས་པེ་ཅིན་གཞུང་ལ་ཧོང་ཀོང་གི་གལ་གནད་ཤེས་རྟོགས་བྱུང་སྲིད་པའི་སྐོར་བརྗོད་ཡོད་ཀྱང་། དམངས་གཙོ་ཚོགས་པའི་ཚོགས་གཙོ་ཟུར་པ་ཨཱལ་བྷེ་ཊེ་ཧོ་ཁྲུན་ཡཱན་(Albert Ho Chun Yan)གྱིས། ད་བར་གནོད་སྐྱོན་ཚབས་ཆེན་ཐེབས་ཟིན་པས། ཐའེ་ཝན་གྱི་ཧོང་ཀོང་གི་གནས་སྟངས་ལ་གཞིགས་ཏེ། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དང་ལེན་བྱ་ཨེ་སྲིད་སྙམ་པའི་ཞེད་སྣང་ཡོད་སྐོར་བརྗོད་ཡོད་འདུག ཐའེ་ཝན་ལྟ་བུར་མཚོན་ན། སྲིད་འཛིན་དེ་མི་མང་གིས་འོས་འདེམ་བྱེད་ཀྱི་ཡོད་ཀྱང་། ཧོང་ཀོང་དུ་མི་ ༡༢༠༠ གྱིས་མ་གཏོགས་འདེམ་གྱི་མེད་པ་རེད།

རང་ལོ་ ༨༠ ཡིན་པའི་དམངས་གཙོ་དོན་གཉེར་བ་ལཱི་(Lee) ཡིས། ངའི་རེ་བ་གཅིག་པོ་དེ་ཏེང་ཞའོ་ཕིང་གིས་བཏོན་པའི་ཆེས་མཐོའི་རང་སྐྱོང་ཞེས་པ་ཉར་སྲུང་བྱ་རྒྱུ་དེ་ཡིན་པ་དང་། དེ་ནི་ “རྒྱལ་ཁབ་གཅིག་” དང་ “ལམ་ལུགས་གཉིས་” ཞེས་པ་གཉིས་ཚད་སྙོམ་པོར་འཇོག་ཐབས་ཁོ་ན་དེ་ཡིན་པ་དང་། ང་ལ་ཏེང་ཞའོ་ཕིང་གིས་བཤད་པའི་ “རྒྱ་ནག་གི་དམིགས་ཡུལ་”དེ་དགོས། ངས་བསམ་ན་དེ་ནི་དོན་ངོ་མའི་རྒྱལ་ཞེན་ཡིན། ངས་ནམ་ཡང་རང་ལ་དམ་བཅའ་བྱས་པ་ལས། གཞན་ཞིག་དགོས་ཟེར་གྱི་མེད།

མ་ཡིག་གི་འབྲེལ་ཐག https://www.scmp.com/news/hong-kong/politics/article/2174188/40-years-reform-and-opening-china-has-seen-hong-kong-pla

The post ལོ་ངོ་བཞི་བཅུའི་བཅོས་བསྒྱུར་སྒོ་འབྱེད་ཁྲོད་ཀྱི་ཧོང་ཀོང་། appeared first on བོད་ཀྱི་དུས་བབ།.

སྦེལ་ཇམ་གྱི་ཤེས་རབ་སྣང་བྱེད་སློབ་གྲྭའི་སྐོར་ལ་བཅར་འདྲི།

  ཧི་མ་ཅལ་ནང་རླངས་འཁོར་དོན་རྐྱེན་བྱུང་།

$
0
0
 ཁ་སང་རྒྱ་གར་ཧི་མ་ཅལ་ནང་རླངས་འཁོར་དོན་རྐྱེན་གཉིས་བྱུང་སྟེ་འགྲུལ་བ་  ༩ རྐྱེན་འདས་དང་མི་ ༤༦ ལ་རྨས་སྐྱོན་བྱུང་།
རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་གར་ཧི་མ་ཅལ་གྱི་ནཱ་ཧན་(Nahan)ནས་རི་ནོ་ཀ་ཇིའི་(Renuka Ji)དུ་འགྲོ་མཁན་སྤྱི་སྤྱོད་རླངས་འཁོར་ཞིག སེར་མོར་རྫོང་དཱ་དཱ་ཧུ་(Dadahu)ཡི་ཉེ་འགྲམ་ཞིག་ཏུ་རྒྱུག་ཆུའི་ནང་ཟགས་ཏེ།  ཁྱོན་འགུལ་བ་ ༤༠ ཡོད་པའི་ནང་ནས་ཉུང་མཐར་མི་ ༩ ཡུལ་དངོས་ནས་རྐྱེན་འདས་སུ་ཕྱིན་པ་དང་། མི་ ༢༥ ལ་རྨས་སྐྱོན་ཕོག་ཡོད་འདུག

ས་གནས་ཉེན་རྟོག་དཔོན་ཝི་རན་ཌར་སིག་ཐ་གོར་(Virender Singh Thakur ) ལགས་ཀྱིས། ད་ལྟའི་ཆར་རྨས་སྐྱོན་ཕོག་པའི་མི་རྣམས་སྨན་ཁང་དུ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་། རླངས་འཁོར་དོན་རྐྱེན་བྱུང་རྐྱེན་ལ་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་།  ད་རེས་རླངས་འཁོར་དོན་རྐྱེན་བྱུང་རྐྱེན་ནི་ཁ་ལོ་བས་རླངས་འཁོར་མགྱོགས་པོ་བཏང་རྗེས་རླངས་འཁོར་སྟངས་འཛིན་བྱེད་མ་ཐུབ་པར་བརྟེན། ལམ་འོག་ཏུ་མཆོངས་ཡོད་སྐོར་བརྗོད་འདུག

གཞན་ཡང་། ཁ་སང་ལྡི་ལི་ནས་ཡིན་པའི་ཡུལ་སྐོར་སྤྲོ་འཆམ་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཧི་མ་ཅལ་གྱི་རྒྱལ་ས་སིམ་ལའི་ཉེ་འགྲམ་ཀི་ཡ་རི་ནལ་ལཱ(kiari  Nallah) རུ་བརྡབ་སྐྱོན་བྱུང་སྟེ། འགྲུལ་བ་ ༢༡ ལ་རྨས ་སྐྱོན་བྱུང་ནས་སྨན་ཁང་དུ་ཡོད་པ་དང་།  བརྡབ་སྐྱོན་ཚབས་ཆེན་མིན་པས་མི་ལ་སྲོག་སྐྱོན་བྱུང་མེད་འདུག

འདི་ལོར་ཧི་མ་ཅལ་ནང་རླངས་འཁོར་བརྡབ་སྐྱོན་མང་པོ་བྱུང་ཡོད་པ་དང་། ཕྱི་ཟླ་ ༤ པའི་ནང་ཀང་རཱ་རྫོང་ཁོངས་ཀྱི་སློབ་གྲྭའི་རླངས་འཁོར་ཞིག་གཡང་ནས་མཆོངས་ཏེ། ཁྱོན་འགྲུལ་བ་  ༤༥ ཙམ་ཡོད་པ་ལས་ལོ་ན་ ༧ ནས་ ༡༥ བར་གྱི་སློབ་མ་ ༢༧ དང་། དགེ་རྒན་ ༢ ། དེ་བཞིན། ཁ་ལོ་བ་བཅས་ཁྱོན་མི་གྲངས་  ༣༠ རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་སྦྱིན་པ།

The post   ཧི་མ་ཅལ་ནང་རླངས་འཁོར་དོན་རྐྱེན་བྱུང་། appeared first on བོད་ཀྱི་དུས་བབ།.

སྐྱབས་བཅོལ་བ་ ༥༠༠ ཙམ་གང་མགྱོགས་ཕྱིར་འཕུད་གཏོང་རྒྱུ་ཡིན།

$
0
0

མེག་སི་ཀོ་བརྒྱུད་ཨ་རིའི་དཀྱིལ་དབུས་རྒྱལ་ཁབ་ཁག་ནས་ཨ་རིའི་ནང་སྐྱབས་བཅོལ་དུ་འགྲོ་མཁན་ཚོས་མེག་སི་ཀོའི་ནང་རྙོག་དྲ་སློང་གི་འདུག་པས་ཕྱིར་འཕུད་གཏོང་གི་ཡིན་ཟེར།ཁ་སང་མེག་སི་ཀོ་ནང་སྲིད་ལྷན་ཁང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་དཀྱིལ་དབུས་རྒྱལ་ཁབ་ཁག་ནས་མེག་སི་ཀོ་བརྒྱུད་ཨ་རིའི་ནང་སྐྱབས་བཅོལ་དུ་འགྲོ་མཁན་  ༥༠༠ ཙམ་གང་མགྱོགས་ཕྱིར་འཕུད་གཏོང་རྒྱུ་ཡིན་ལུགས་བསྒྲགས་འདུག

དེ་ཡང་གསལ་བསྒྲགས་དེའི་ནང་། ཐོག་མར་ཨ་རི་དང་ས་མཚམས་སུ་ཡོད་པའི་ཊེ་ཇཱོ་ན་གྲོང་འཁྱེར་ (Tijuana) ནང་དུ།  སྐྱབས་བཅོལ་བ་དེ་ཚོས་ཨ་རིའི་ས་མཚམས་དམ་དྲག་སྲིད་བྱུས་ལ་ངོ་རྒོལ་ཁྲོམ་སྐོར་ཞིག་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། ཕྱིས་སུ་ལས་འགུལ་སྣེ་འཁྲིད་པ་རེ་འགས་མགོ་འཁྲིད་དེ་ཁྲིམས་འགལ་དང་རྩུབ་སྤྱོད་ཀྱི་ཐོག་ནས་ཨ་རིའི་ནང་འཛུལ་བྱས། ཡིན་ནའང་། ཁོང་ཚོའི་བྱ་སྤྱོད་ཀྱིས་སོ་སོའི་དམིགས་ཡུལ་འགྲུབ་ཐུབ་མེད་པ་མ་ཟད། མེག་སི་ཀོ་རྒྱལ་ཁབ་ནང་ཟིང་འཁྲུག་བསླངས་ཡོད་པས་སྐྱབས་བཅོལ་བ་ ༥༠༠ ཙམ་གང་མགྱོགས་ཕྱིར་འཕུད་གཏོང་རྒྱུ་ཡི།་ལུགས་བརྗོད་ཡོད་པ་རེད།

ཁ་སང་(Agence France-Presse) གིས་གནས་ཚུལ་སྤེལ་བའི་ནང་། སྐྱབས་བཅོལ་བ་དེ་ཚོས་ཨ་རིའི་རྒྱལ་མཚམས་སུ་བསླངས་ཡོད་པའི་ལྕགས་རའི་སྟེང་འཛེགས་སྐབས། ཨ་རིའི་ས་མཚམས་དམག་མིས་མིག་ཆུ་དུག་རླངས་གཡུགས་ཡོད་པ་དང་། བྱིས་པ་དང་བུད་མེད་བཅས་ཚང་མས་མིག་ཆུ་འབྱིན་བཞིན་ཕྱིར་བྲོས་ཡོད་པ་དང་། ད་ལྟའི་ཆར་ཊེ་ཇཱོ་ན་གྲོང་འཁྱེར་ནང་ཨ་རིའི་དཀྱིལ་དབུས་རྒྱལ་ཁབ་ཁག་ནས་སྤྱི་ལེ་སྟོང་ ༥ ཙམ་བརྒལ་ཏེ་བྲོས་བྱོལ་བ་མང་པོ་འཛོམས་ནས་གནས་ཚུལ་ཛ་དྲག་ཡིན་སྐོར་བཀོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་མེག་སི་ཀོ་བརྒྱུད་ཨ་རི་ནང་སྐྱབས་བཅོལ་དུ་ཡོང་མཁན་ཚོས་ཟིང་འཁྲུག་མུ་མཐུད་བཟོས་ཚེ། སྐྱབས་བཅོལ་བ་བཀག་སྡོམ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་མ་ཟད། ས་མཚམས་ཀྱི་ཚོང་འབྲེལ་ཐད་ཀྱང་བཀག་སྡོམ་བྱ་རྒྱུ་ཡིན་སྟབས།  མེག་སེ་ཁོ་ནས་བཟོས་པའི་རླངས་འཁོར་སོགས་ཨ་རིར་ཕྱིར་འདྲེན་བྱེད་པར་དོ་ཕོག་འགྲོ་བ་དང་། མེག་སི་ཀོ་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་ས་མཚམས་རྩིག་གྱང་བསླངས་བར་འགྲོ་སོང་མ་གཏང་ཚེ། ཟླ་འགའི་ནང་རྒྱལ་མཚམས་ཡོངས་སུ་འགོག་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་པ་རེད།

སྲིད་འཛིན་ཊོམ་ཕུ་ཡིས་ཨ་རིའི་འོས་བསྡུའི་ཁྱབ་བསྒྲགས་སྐབས་ནས་བཟུང་། ཨ་རི་ནང་ཟིང་འཁྲིག་དང་དུག་རྫས་སོགས་ཀྱི་དཀའ་འཕྲད་རྐྱེན་གཙོ་བོ་དེ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་སུ་ལྟ་རྟོག་ཤུགས་ཆེན་མེད་པས་ཡིན་པས། ས་མཚམས་སུ་རྩིག་གྱང་བསླངས་རྒྱུ་དང་འདི་ལོའི་ཕྱི་ཟླ་ ༤ ནང་རྒྱལ་མཚམས་ལ་རྩིག་གྱང་བསླངས་མ་ཚར་བར་དུ་ལྟ་སྲུང་དམག་མི་ ༤༠༠༠ ཙམ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱ་རྒྱུ། དེ་བཞིན་བྲོས་བྱོལ་བ་དེ་ཚོ་ནི་ཨ་རིའི་དགྲ་བོ་ཡིན་སྐོར་བརྗོད་ཡོད་པ་རེད།

ཏྲེ་ཁུ་སི་མངའ་སྡེ་ (Texas) དང་། ཨེ་རེ་རྫོ་ནཱ་མངའ་སྡེ་ (Arizona)། མེག་སི་ཀོ་གསར་པ་མངའ་སྡེ་ (New Mexico)། ཁཱ་ལེ་ཧྥོར་ནེ་ཡ་མངའ་སྡེ་ (California) བཅས་ནི་མེག་སི་ཀོ་རྒྱལ་མཚམས་ལ་འཁེལ་བའི་ཨ་རིའི་མངའ་སྡེ་བཞི་བོ་དེ་ཡིན་ཞིང་། རྒྱལ་མཚམས་ཀྱི་ས་ཁྱོན་རིང་ཚད་སྤྱི་ལེ་ ༣༡༤༥ ཡོད་འདུག རྒྱལ་མཚམས་དེ་ནས་ལོ་རེར་ཁྲིམས་མཐུན་ཐོག་མི་གྲངས་ས་ཡ་ ༣༥༠ ཡས་མས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་སྟབས། འཛམ་གླིང་ཐོག་འགྲོ་སྐྱོད་ཆེ་ཤོས་ཀྱི་ས་མཚམས་ལ་ངོས་འཛིན་གྱི་ཡོད་འདུག ཕྱི་ལོ་ ༢༠༡༤ ལོར་རྒྱལ་ཁབ་དེའི་མི་གྲངས་ས་ཡ་ ༡༡.༧ ཨ་རིའི་ནང་འཛུལ་ཡོད་པ་ལས་ཕྱེད་ཀ་ཞིག་ཁྲིམས་འགལ་ཐོག་ནང་འཛུལ་བྱས་ཡོད་འདུག

གསར་འགོད་པ།  ཀླུ་མགོན་ཐར།

The post སྐྱབས་བཅོལ་བ་ ༥༠༠ ཙམ་གང་མགྱོགས་ཕྱིར་འཕུད་གཏོང་རྒྱུ་ཡིན། appeared first on བོད་ཀྱི་དུས་བབ།.

འཇང་དགུན་ཆོས་ཐེངས་ ༢༩ པ་དབུ་འཛུགས་གནང་།

$
0
0

རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་དབུ་འཛུགས་གནང་བའི་འཇང་དགུན་ཆོས་ཐེངས་ ༢༩ པའི་ཐོག་དགེ་འདུན་པ་ཞལ་གྲངས་༢༩༥༥ འཛོམས་འདུགཟླ་འདིའི་ཕྱི་ཚེས་༢༤ ནས་ཟླ་རྗེས་མའི་ཕྱི་ཚེས་༡༥ བར་དུས་ཡུན་ཉིན་གྲངས་ ༢༡ རིང་ཚོགས་བཞིན་ཡོད་ལ།  འཇང་དགུན་ཆོས་རིང་ལ་ཚད་མ་རྣམ་འགྲེལ་དང་ཚད་མ་ཀུན་བཏུས་གཙོ་བོར་བྱས་པའི་གཞུང་ཆེན་ཁག་གི་ཐོག་ཆོས་རྩོད་གནང་གི་ཡོད་པ་དང་། འཇང་དགུན་ཆོས་འགོ་འཛུགས་ཉིན་མོར་སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་ནས་སློབ་གཉེར་བ་ཚོར་འཇང་དགུན་ཆོས་རིང་གི་སྒྲིག་ལམ་ཀུན་སྤྱོད་ཐོག་བླང་དོར་གྱི་བཀའ་སློབ་གནང་སོང་།

འདི་ལོའི་འཇང་དགུན་ཆོས་ནང་སེར་སྨད་གྲྭ་ཚང་ནས་དགེ་འདུན་པ་༣༢༠ དང་སེར་བྱེས་གྲྭ་ཚང་ནས་ ༦༥༠།  འབྲས་བློ་གླིང་གྲྭ་ཚང་ནས་༦༠༤། སྒོ་མང་གྲྭ་ཚང་ནས་ ༤༥༦། དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ ༣༣༩། དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་  ༢༤༨། རྒྱུད་སྨད་གྲྭ་ཚང་ནས་ ༡༥། རྒྱུད་སྟོད་གྲྭ་ཚང་ནས་༢༨། སྲད་རྒྱུད་གྲྭ་ཚང་ནས་ ༢༡། བཀྲིས་ལྷུན་པོ་ནས་ ༡༢༥། རྭ་སྟོད་གྲྭ་ཚང་ནས་༢༦། རྫོང་ཆོས་གྲྭ་ཚང་ནས་༤༤། རྣམ་རྒྱལ་གྲྭ་ཚང་ནས་༢༤། བལ་ཡུལ་ཀོ་པན་དགོན་པ་ནས་༢༡།  དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་ནས་༡༨། དཀྱིལ་དགོན་ནོར་བུ་དགེ་འཕེལ་ནས་ ༡༦ བཅས་ཁྱོན་དགེ་འདུན་པ་ཞལ་གྲངས་༢༩༥༥ མཉམ་ཞུགས་གནང་ཡོད་པ་རེད་འདུག་དེ་དག་གི་ཁྲོས་ནས་དྭགས་པོ་བཤད་སྒྲུབ་གླིང་གྲ་ཚང་།  དཀྱིལ་དགོན་ནོར་བུ་དགེ་འཕེལ་གླིང གྲ་ཚང་གཉིས་འདི་ལོ་གསར་དུ་མཉམ་ཞུགས་གནང་འདུག

འཇང་དགུན་ཆོས་གོ་སྒྲིག་ཚོགས་ཆུང་གི་རྒྱུན་ལས་སེར་སྨད་དགེ་བཤེས་བློ་བཟང་རྒྱལ་མཚན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། འཇང་དགུན་ཆོས་ལ་བཅར་བའི་སློབ་གཉེར་བ་རྣམས་ལ་སེ་ར་བྱེས་སྨད་གཉིས་ཀྱི་ཐོབ་ཁུངས་གྲྭ་ཚང་དང་ཁང་ཚན་སོ་སོའི་ངོས་ནས་སྣེ་ལེན་གོ་སྒྲིག་དང་། འཇང་དགུན་ཆོས་ཚོགས་པའི་ངོས་ནས་སེ་ར་ཐེག་ཆེན་གླིང་ཕུད་པའི་ཕྱི་ནས་ཕེབས་པའི་ཚོགས་བཅར་བ་རྣམས་ལ་ལམ་གྲོན་དང་གསོལ་དོད་བཅས་འབུལ་གྱི་ཡོད་པ་མ་ཟད། ནད་མནར་བྱུང་མཁན་རིགས་ལ་སེ་ར་བྱེས་སྨད་གཉིས་ཀྱི་འཕྲོད་བསྟེན་སྨན་ཁང་ནས་བརྟག་དཔྱད་དང་སྨན་སྦྱིན་གྱི་དམིགས་བསལ་མཐུན་འགྱུར་གནང་གི་འདུག

ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

The post འཇང་དགུན་ཆོས་ཐེངས་ ༢༩ པ་དབུ་འཛུགས་གནང་། appeared first on བོད་ཀྱི་དུས་བབ།.

འབྲི་གཡག་ཁྲི་གཉིས་ལ་ལག་འཁྱེར་སྤྲད།

$
0
0

རྒྱ་ནག་གཞུང་གིས་མང་ཕྱུག་མང་ཕན་གྱི་སྲིད་བྱུས་ཟེར་བ་ལག་བསྟར་བྱས་ཏེ་དཀར་མཛེས་ཁུལ་ལི་ཐང་རྫོང་ཁོངས་ཀྱི་ནོར་གནག་ཁྲི་ ༢ ལ་ཉེན་འགོག་འགན་བཅོལ་ེཞེས་པའི་ལག་འཁྱེར་སྤྲད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༥ ཉིན། རྒྱ་ནག་མཁའ་འགྲུལ་ཨན་མོང་ཉེན་འགོག་འགན་ལེན་སྤྱི་གཉེར་ཁང་དང་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་མཉམ་འབྲེལ་གྱིས། དཀར་མཛེས་ཁུལ་ལི་ཐང་འབྲོག་ཁུལ་དུ་འབྲི་གཡག་གི་འགན་བཅོལ་གྱི་མང་ཕྱུག་མང་ཕན་གྱི་སྲིད་ཇུས་ཞེས་པ་ལག་བསྟར་བྱས་ཏེ། ནོར་རྣམས་གངས་སྐྱོན་དང་སྲོག་ཆགས་ཀྱི་རིམས་ནད། གཅན་གཟན་གྱི་གནོད་འཚེ། ཆུ་ལོག་གི་གནོད་འཚེ་སོགས་ལས་ཤི་སོང་ན། སྲིད་གཞུང་གིས་གུན་གསབ་སྤྲོད་རྒྱུ་ཡིན་པའི་འགན་ལེན་བྱ་རྒྱུ་གཏན་འབེབ་ཀྱིས་འབྲི་གཡག་ཁྲི་ ༢ ལ་ལག་འཁྱེར་སྤྲད་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ནང་། འབྲི་གཡག་འགན་བཅོལ་བྱ་ཡུན་ནི་ལོ་གཉིས་ཡན་ལ་སོན་པའི་ནོར་གནག་ཡིན་པ་དང་། འགན་ལེན་གྱི་རིན་གོང་ནོར་གནག་རེར་རྒྱ་སྒོར་ ༢༠༠༠ ཡིན་པ་དང་། འགན་བཅོལ་གྲོན་དངུལ་ཐད་རྒྱ་ནག་གཞུང་གིས་བརྒྱ་ཆའི་ ༤༠ དང་། ཞིང་ཆེན་གྱིས་བརྒྱ་ཆའི་ ༣༣། ཁུལ་དང་རྫོང་གིས་བརྒྱ་ཆའི་ ༧ ། དེ་བཞིན་འབྲོག་དུད་མཉམ་ལས་རྩ་འཛུགས་ཀྱིས་བརྒྱ་ཆའི་ ༢༠ སྤྲོད་དགོས་པས། ཚོང་ར་ཅན་གྱི་རྣམ་པས་འབྲི་གཡག་གསོ་སྐྱོང་གིས་ཁྱིམ་ཚང་ལ་ཉེན་ཁ་དམའ་རུ་བཏང་ཡོད་སྐོར་བརྗོད་འདུག

ད་ལན་འབྲི་གཡག་འགན་བཅོལ་གྱི་ལས་གཞི་ལག་བསྟར་བྱེད་ས་ནི་ལི་ཐང་རྫོང་ཁོངས་ཀྱི་དཔོན་སྐོར་དང་ཚེ་མགོན། དེ་བཞིན་མཆོད་རྟེན་བཅས་ཡུལ་ཚོ་གསུམ་གྱི་ནང་ཚོད་ལྟ་མགོ་འཛུགས་བྱས་ཡོད་པ་དང་། ད་བར་འགན་བཅོལ་ནང་ཞུགས་པའི་འབྲི་གཡག་ཁྲི་ ༢ ལ་ཉེ་བ་དང་། ཚོད་ལྟ་ལེགས་འགྲུབ་བྱུང་བའི་རྨང་གཞིའི་ཐོག་ནས་རྫོང་ཡོངས་ཀྱི་ཞིང་དང་གྲོང་རྡལ་ ༢༤ ལ་ཁྱབ་སྤེལ་བྱས་ཏེ་རྫོང་ཡོངས་ཀྱི་ནོར་གནག་ཁྲི་ ༣༠ ལྷག་ཡོངས་རྫོགས་འགན་བཅོལ་སྲིད་བྱུས་དེའི་ནང་དུ་བཅུག་འཆར་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ཁུལ་དུ་སེམས་ཅན་མང་དྲག་པའི་རྐྱེན་གྱིས་རྩྭ་ཐང་དང་གཙང་བོ་སོགས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོ་ཡི་ཡོད་སྐོར་བརྗོད་དེ། ནོར་གནག་འགན་བཅོལ་ཞེས་པ་དེ་བོད་ཁུལ་གཞན་མང་པོའི་ནང་ལག་བསྟར་བྱས་ཏེ་སེམས་ཅན་ལ་ཚོད་འཛིན་གྱིས་མི་རེར་སེམས་ཅན་ཆ་བགོས་ཀྱིས་ཚོད་འཛིན་བྱས་ཡོད་པ་མ་ཟད། བོད་ཁུལ་ཁག་ཅིག་ནས་ནོར་གནག་གི་གྲངས་འབོར་གཏན་འབེབ་ལས་བརྒལ་ན་ཁྲལ་རྒྱག་དགོས་པ་དང་ཡང་ན་སེམས་ཅན་གཞུང་ལ་སྤྲོད་དགོས་པའི་ཁྲིམས་སྒྲིག་ཀྱང་བཟོས་ཡོད་པ་རེད། འདི་གའི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་གངས་སྐྱོན་དང་ཆུ་ལོག་གི་གནོད་སྐྱོན་སོགས་ཡོང་བའི་སྐབས་སུ་ལས་གཞི་དེས་ཕན་ཡག་པོ་ཐོགས་ཀྱི་འདུག་པ་དང་། རྔ་བ་ཁུལ་ནང་ལས་གཞི་དེ་ཐོག་མར་ལག་བསྟར་བྱེད་སྐབས། ཤི་རྐྱེན་ག་རེ་ཡིན་ནའང་ནོར་གནག་རེ་རེར་རྒྱ་སྒོར་ ༢༠༠༠ རེ་སྤྲོད་ཀྱི་ཡོད་ཀྱང་། ཕྱིས་སུ་སྤྱང་ཀི་སོགས་གཅན་གཟན་གྱིས་བསད་ན་རྒྱ་སྒོར་ ༡༠༠༠ ལྷག་རེ་མ་གཏོགས་སྤྲོད་ཀྱི་མེད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༣ ཚེས་ ༢༦ ཉིན། འདི་གའི་གསར་ཁང་ལ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་འབྲོག་པ་གྲོང་བརྡལ་ཅན་དུ་བསྒྱུར་བའི་ལས་གཞིའི་ཁོངས་སུ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དབྱིག་གཞུང་ཡུལ་ཚོའི་ནང་། དར་ལག་རྫོང་དྭངས་ལག་སྡེ་བ་དང་དྭངས་གཞུང་ནས་འབྲོག་འཁྱིམ་ ༡༢༥ ཙམ་གྲོང་བརྡལ་གསར་པར་གནས་སྤོ་བྱེད་དུ་བཅུག་སྟེ། འབྲོག་ལས་མེད་པ་བཟོས་པའི་རྐྱེན་གྱིས་ཁོང་ཚོས་གྲོང་བརྡལ་དང་མཐུན་པའི་ལས་རིགས་གང་ཡང་ཤེས་ཀྱི་མེད་པར་བརྟེན་ལས་ཀ་མ་རག་པ་དང་། དཔལ་འབྱོར་ཡོང་ཁུངས་མེད་པ་སོགས་ལ་བརྟེན་ཏེ་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་བོད་མི་དེས་རྒྱ་ནག་གཞུང་གིས་འབྲོག་པ་ཚོ་གྲོང་བརྡལ་དུ་གནས་སྤོ་བའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་ཡོང་སྒོ་མེད་པ་དང་ཁྲོམ་རའི་དངོས་ཟོག་རིན་གོང་འཕར་བ།   བཟའ་བཅའི་རིན་གོང་དང་ཡུལ་ཐང་འཕར་བ། བོད་མི་ཚོའི་ལས་རིགས་ཁག་གི་ཡོང་འབབས་ཉུང་བ་དང་། ཚོང་གཉེར་གྱི་གོ་སྐབས་ཤོར་བ་བཅས་ཀྱིས་འབྲོག་ཁུལ་བོད་པ་ཚོ་ལས་མེད་ཆགས་ཏེ་ངེས་མེད་ཀྱི་མི་ཚེ་སྐྱེལ་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ་སངས་རྒྱས་དཀོན་མཆོག

The post འབྲི་གཡག་ཁྲི་གཉིས་ལ་ལག་འཁྱེར་སྤྲད། appeared first on བོད་ཀྱི་དུས་བབ།.


གློག་བརྙན་ལག་དམར་ལ་བསྐྱར་དུ་བྱ་དགའ་ཐོབ།

$
0
0

ཉི་ཧོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ལག་དམར་ལ་དཔྱད་བརྗོད་པའི་བྱ་དགའ་ཐོབ་འདུག
ཁ་སང་ཧོ་ལེ་ཝོ་ཌི་(hollywoodreporter)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན་ཕྱི་ཚེས་ ༡༧ ནས་ ༢༤ བར་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་ནང་ཚོགས་པའི་ཉི་ཧོང་(FILMeX)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༩ པའི་སྟེང་། བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ལག་དམར་རམ་སྦྱིན་པ་ལ་དཔྱད་བརྗོད་པའི་བྱ་དགའ་ཐོབ་ཡོད་པ་དང་། གློག་བརྙན་དེར་ཉེ་སྔོན་ཨེ་ཊི་ལེ་ཡི་ཝཱ་ནེ་སི་(Venice)ནས་འཁྲབ་གཞུང་ཡག་ཤོས་ཀྱི་བྱ་དགའ་ཡང་ཐོབ་ཡོད་པ་རེད།

གློག་བརྙན་དུས་སྟོན་གྱི་འགན་འཛིན་(Shozo Ichiyama)གསར་འགོད་པར། གློག་བརྙན་དུས་སྟོན་འདི་ནི་དམིགས་བསལ་རང་དབང་དང་གསར་གཏོད་ཅན་ལ་ཁ་ཕྱོགས་པའི་དུས་སྟོན་ཞིག་ཡིན་པ་དང་། ད་ལོར་གློག་བརྙན་དུས་སྟོན་སྟེང་གློག་བརྙན་ ༡༣༥༠༠ ཙམ་ཞུགས་པ་ལས་གློག་བརྙན་ ༤༥ དམིགས་འདེམས་ཀྱིས་བསྟན་ཡོད་པ་དང་། སྔར་ལོ་དང་བསྡུར་ན་མཉམ་ཞུགས་བྱེད་ཚད་བརྒྱ་ཆ་ ༢༦ འཕར་ཡོད་སྐོར་བརྗོད་འདུག

ད་ལོའི་གློག་བརྙན་དུས་སྟོན་སྟེང་བརྙན་པར་ཡག་ཤོས་ཀྱི་བྱ་དགའ་ཁ་ཛག་སི་ཐན་(Kazakhstan)གྱི་གློག་བརྙན་འཁྲབ་འཁྲིད་པ་(Sergei DVORTSEVOY)ཡིས་ཨེ་ཁཱ(Ayka)ཞེས་པར་ཐོབ་ཡོད་པ་དང་། དཔྱད་བརྗོད་པའི་བྱ་དགའ་བོད་ཀྱི་གློག་བརྙན་ལག་དམར་དང་ལྟད་མོ་བའི་དགའ་བསུ་ཐོབ་པའི་གློག་བརྙན་བྱ་དགའ་ཉི་ཧོང་གི་ཧེ་རོ་ཁཱ་ཁེ་རོ་ཁཱ་ཝ་(Hiroaki Kurokawa)ཡི་(Complicity)དང་། སློབ་མའི་དཔྱད་བརྗོད་བྱ་དགའ་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་བྷེ་གྷན(BI Gan)གྱི་(Long Day’s Journey into Night)བཅས་ལ་ཐོབ་ཡོད་འདུག

པདྨ་ཚེ་བརྟན་ལགས་སུ་ཉི་ཧོང་གི་གློག་བརྙན་དུས་སྟོན་འདིའི་སྟེང་གློག་བརྙན་བྱ་དགའ་ཐོབ་པ་ཐེངས་གསུམ་པ་དེ་ཆགས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་གློག་བརྙན་ཁྱི་རྒན་དུས་སྟོན་དེའི་སྟེང་གློག་བརྙན་ཡག་ཤོས་ཀྱི་བྱ་དགའ་ཐོབ་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་གློག་བརྙན་ཐར་ལོ་ལ་གློག་བརྙན་རྩེ་གྲའི་བྱ་དགའ། སློབ་མའི་དཔྱད་བརྗོད་ཚོགས་པའི་བྱ་དགའ་བཅས་ཐོབ་ཡོད་འདུག པདྨ་ཚེ་བརྟན་ལགས་ཀྱིས་ཁོའི་གློག་བརྙན་ཁྱི་རྒན་དང་ཐར་ལོ། ལག་དམར་བཅས་ཉི་ཧོང་(FILMeX)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བརྒྱུད་ཉི་ཧོང་གི་ལྟད་མོ་བ་ཚོར་སྟོན་པའི་གོ་སྐབས་བྱུང་བ་དང་། ལྟ་མཁན་ཚོས་བཤད་པ་ལྟར་ན་ངའི་གློག་བརྙན་འདི་ཡིས་རྨི་ལམ་གསར་པ་ཞིག་བསྐྲུན་སོང་ཞེས་བརྗོད་ཀྱི་འདུག་མོད། ཉི་ཧོང་གི་ལྟ་མོ་བ་རྣམས་ངའི་གློག་བརྙན་འདི་བརྒྱུད་ནས་ལྟ་མཁན་མང་པོ་ཞིག་གི་རྨི་ལམ་དུ་འཇུག་ཐུབ་རྒྱུ་ནི་ངའི་རེ་བ་ཉག་ཅིག་ཡིན། ཞེས་བརྗོད་འདུག

ཉི་ཧོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ཕྱི་ལོ་ ༢༠༠༠ ལོར་ཉི་ཧོང་གི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་འཁྲིད་པ། རྩོམ་པ་པོ། བཞད་གར་བ། འཁྲབ་གཞུང་རྩོམ་པ་པོ་ཊཱ་ཁེ་ཤིས་ཁཱེ་ཊཱ་ནོ(Takeshi Kitano)ཡིས་བཙུགས་ཏེ་ལོ་ལྟར་ཚོགས་ཀྱི་ཡོད་པ་དང་། གློག་བརྙན་དུས་སྟོན་དེའི་སྟེང་རྒྱ་ནག་དང་ཀོ་རི་ཡ། ཨེ་རན། ཉི་ཧོང་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་གློག་བརྙན་གཙོའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གློག་བརྙན་མང་པོ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post གློག་བརྙན་ལག་དམར་ལ་བསྐྱར་དུ་བྱ་དགའ་ཐོབ། appeared first on བོད་ཀྱི་དུས་བབ།.

གྷུ་གྷལ་ཚོང་གཉེར་ཁང་ལ་བསྐྱར་དུ་ངོ་རྒོལ་ཞུ་གཏུག་བྱས།

$
0
0

ཁ་སང་ཕྱི་ཚེས་ ༢༧ ཉིན་གྷུ་གྷལ་གྱི་ལས་བྱེད་ ༣༣༡ གིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་མཉམ་འབྲེལ་གྱིས་གྷུ་གྷལ་ཚོང་གཉེར་ཁང་གིས་གསང་བའི་ཐོག་ནས་རྒྱ་ནག་ནང་འཚོལ་བཤེར་མ་ལག་ཅིག་བཟོ་བཞིན་ཡོད་པ་དེ་མཚམས་འཇོག་བྱེད་དགོས་པའི་ངོ་རྒོལ་ཞུ་གཏུག་བྱས།ཟླ་ཤས་སྔོན་ནས་བཟུང་གྷུ་གྷལ་ཚོང་གཉེར་ཁང་གིས་རྒྱ་ནག་དང་མཉམ་འབྲེལ་གྱིས་བཀག་སྡོམ་རང་བཞིན་གྱི་འཚོལ་བཤེར་མ་ལག་(Search Engine)འབུ་བླ་མ་མ་ཎིའི་ལས་གཞི་(Dragonfly Project)ཟེར་བ་ཞིག་གསང་བའི་ཐོག་ནས་བཟོ་ཡི་ཡོད་པའི་གནས་ཚུལ་ཐོན་རྗེས། གྷུ་གྷལ་གྱི་ལས་བྱེད་གཙོས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྟོང་ཕྲག་མང་པོས་ལས་གཞི་དེ་མཚམས་འཇོག་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ད་བར་གྷུ་གྷལ་ཚོང་གཉེར་ཁང་གིས་འདོད་བློ་ཁེངས་པའི་ཐག་གཅོད་གང་ཡང་བྱས་མེད་པའི་རྐྱེན་གྱིས། ཁ་སང་ཕྱི་ཚེས་ ༢༧ ཉིན། གྷུ་གྷལ་ཚོང་གཉེར་ཁང(Google Inc.)གི་ལས་བྱེད་ ༣༣༡ ཡིས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་མཉམ་འབྲེལ་གྱིས། ཚོང་གཉེར་ཁང་དེའི་ལས་ཁུངས་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་ཏེ། ཞུ་གཏུག་ཡི་གེ་ཞིག་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་བྱེད་མགོ་བརྩམས་ཡོད་པ་དང་། དྲ་ལམ་དུ་ཁྱབ་པའི་ཞུ་གཏུག་ཡི་གེའི་ནང་། ང་ཚོས་རྒྱ་ནག་ལ་ཕྱོགས་ནས་ལས་གཞི་དེར་ངོ་རྒོལ་བྱེད་ཀྱི་མེད། ང་ཚོས་འཕྲུལ་རིགས་ཤིག་སྙོམ་ཆུང་ལ་གཉའ་གནོན་བྱེད་རྒྱུར་བཀོལ་སྤྱོད་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་བཀོད་འདུག

ཡང་ཞུ་གཏུག་ཡི་གེ་དེའི་ནང་། ཟླ་ཤས་རིང་ནས་གྷུ་གྷལ་གྱི་ལས་བྱེད་སྟོང་ཕྲག་མང་པོ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་དང་གསར་འགོད་པ་སོགས་ནས་འབུ་བླ་མ་མ་ཎིའི་ལས་གཞི་དེར་སྐྱོན་བརྗོད་ཀྱིས་འཕྲལ་མར་མཚམས་འཇོག་བྱེད་རྒྱུའི་རེ་འདུན་བཏོན་ཡོད་ཀྱང་། ད་བར་གྷུ་གྷལ་གྱི་མགོ་འཁྲིད་ཚོས་གནད་དོན་དེའི་ཐད་འདོད་བློ་ཁེངས་པའི་ཐག་གཅོད་ཅིག་བྱས་མེད་པ་དང་། སྤྱིར་གྷུ་གྷལ་ཚོང་གཉེར་ཁང་དེ་ཁེ་ཕན་ལས་རིན་ཐང་ལ་རྩིས་འཇོག་བྱེད་མཁན་གྱི་ཚོང་གཉེར་ཁང་ཞིག་ཡིན་ཡང་། འདས་པའི་དུས་སུ་གྷུ་གྷལ་གྱིས་ཨ་རིའི་དམག་དོན་ལས་གཞི་ནང་འཛུལ་ཞུགས་བྱས་པ་དང་། རྒྱ་ནག་དང་མཉམ་འབྲེལ་གྱིས་འབུ་བླ་མ་མ་ཎིའི་ལས་གཞི་བརྩམས་པ། དེ་བཞིན་རྒྱུན་དུ་གཉའ་གནོན་གཏོང་མཁན་ལ་རྒྱབ་སྐྱོར་བྱེད་བཞིན་པའི་གནས་ཚུལ་ཐོན་བཞིན་པར་བརྟེན། ཐེངས་འདིར་ངོ་རྒོལ་ཞུ་གཏུག་ལས་འགུལ་ནང་ཞུགས་པ་ཡིན་སྐོར་བཀོད་འདུག

ཞུ་གཏུག་ཡི་གེའི་མཇུག་ཏུ་ང་ཚོས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་མཉམ་འབྲེལ་གྱི་ཐོག་ནས་གྷུ་གྷལ་གྱིས་འབུ་བླ་མ་མ་ཎིའི་ལས་གཞི་དེ་མཚམས་འཇོག་བྱ་རྒྱུ་དང་། མགོ་འཁྲིད་རྣམས་ཀྱིས་ཕྱི་གསལ་ནང་གསལ་དང་། བརྡ་ལན་གསལ་པོ། འགན་ལེན་གཙང་མ་བྱེད་པའི་རེ་བ་འདོན་གྱི་ཡོད། ཅེས་འཁོད་ཡོད་འདུག་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཞིབ་འཇུག་པ་ཨེ་ན་བྷ་སེ་རེ་ལཱི་(Anna Bacciarelli)ཡིས་ངོ་རྒོལ་དེའི་སྐོར་ནས། གྷུ་གྷལ་གྱི་ལས་བྱེད་རྣམས་ཀྱིས་རང་ཉིད་རྒྱ་ནག་གི་བཀག་སྡོམ་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཏུ་འགྱུར་འདོད་མེད་པ་རེད། ཅེས་བརྗོད་ཡོད་འདུག

སྤྱིར་རྒྱ་ནག་ནང་གཞུང་གི་སྟངས་འཛིན་མེད་པའི་དྲ་ཐོག་འཕྲུལ་རིགས་བེད་སྤྱོད་ཆོག་གི་མེད་པར་བརྟེན། གྷུ་གྷལ་གྱིས་ལོ་ ༨ སྔོན་དུ་རྒྱ་ནག་གི་བཀག་སྡོམ་གྱི་སྲིད་བྱུས་དང་། གསང་འཛུལ་སྟངས་འཛིན་ཐབས་བྱུས་ལ་སྐྱོན་བརྗོད་བྱས་ཏེ། རྒྱ་ནག་ནང་གྷུ་གྷལ་གྱི་འཚོལ་བཤེར་མ་ལག་སོགས་འཛུགས་རྒྱུ་ཕྱིར་འཐེན་བྱས་ཡོད་ཀྱང་། འདི་ལོའི་ཟླ་བ་ ༧ པ་ཙམ་ལ་གྷུ་གྷལ་གྱིས་གསང་བའི་ཐོག་ནས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས། དྲུག་བཞིའི་དོན་རྐྱེན་དང་རང་དབང་ཟེར་བ་སོགས་གུང་ཁྲན་ཏང་གི་འདོད་བློ་དང་མི་མཐུན་པའི་བརྡ་ཆད་མང་པོ་ཞིག་བཀག་སྡོམ་བྱས་པའི་འཚོལ་བཤེར་མ་ལག་ཅིག་གསང་བའི་ཐོག་ནས་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཕྱིར་གྱར་བར་བརྟེན། འདི་ལོའི་ཕྱི་ཟླ་ ༨ པའི་ནང་གྷུ་གྷལ་གྱི་ལས་བྱེད་ ༡༤༠༠ ཙམ་གྱིས་ངོ་རྒོལ་བྱས་ཏེ་ཞུ་གཏུག་ཡི་གེ་སྤྲད་ཡོད་པ་རེད།

ད་ལྟའི་ཆར་གྷུ་གྷལ་གྱིས་གནད་དོན་དེར་གཞུང་འབྲེལ་གྱི་གསལ་བཤད་གང་ཡང་བྱས་མེད་ཀྱང་། ལས་གཞི་དེ་ནི་ཚོད་ལྟའི་ལས་གཞི་ཙམ་ཞིག་ཡིན་སྐོར་བརྗོད་ཡོད་འདུག་ལ།  སྤྱིར་རྒྱ་ནག་ནང་གྷོ་གྷུལ་གི་སྐད་བསྒྱུར་མ་ལག་(Google Translate)དང་ཡིག་ཚགས་གཏོང་ལེན་མ་ལག་(Files Go) གཉིས་བེད་སྤྱོད་བྱེད་མུས་ཡིན་ཡང་། ཡུ་ཊུབ་(Youtube)དང་། གྷུ་གྷལ་འཚོལ་བཤེར་མ་ལག(Google Crome) སོགས་བཀག་སྡོམ་བྱས་ཡོད་པར་བརྟེན། གྷུ་གྷལ་གྱིས་རྒྱ་ནག་གི་མི་འབོར་དང་ཁྲོམ་རར་དམིགས་ནས་ལས་གཞི་དེ་བརྩམས་ཡོད་འདུག གལ་ཏེ་འཚོལ་བཤེར་མ་ལག་དེ་རྒྱ་ནག་ནང་དངོས་སུ་སྒོ་འབྱེད་བྱས་ཚེ། རྒྱ་ནག་གཞུང་གིས་མ་ལག་དེ་བརྒྱུད་མི་སྒེར་གྱི་གནས་ཚུལ་མཁོ་སྒྲུབ་དང་། མི་སྒེར་རེ་རེའི་དྲ་ངོས་ཀྱི་གནས་ཚུལ་ནང་གསང་འཛུལ་བྱེད་པ་སོགས་དོགས་ཟོན་གསང་མྱུལ་གྱི་བྱ་བ་སྔར་ལས་གཞི་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གཞུང་གི་འདོད་བློ་དང་མི་མཐུན་པའི་གནས་ཚུལ་རྣམས་ལ་བཀག་སྡོམ་དང་། གཞུང་གི་ཁེ་ཕན་དྲིལ་བསྒྲགས་ཀྱི་ལག་ཆ་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག

དབྱེ་ཞིབ་པ་མང་པོས་ལས་གཞི་དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་སོགས་ཀྱི་རིན་ཐང་ལ་རྡོལ་རོལ་གྱིས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་བལྟས་པ་ཞིག་ཡིན་པ་དང་། འཚོལ་བཤེར་མ་ལག་དེས་རྒྱ་གཞུང་ལ་རྒྱ་ནག་ནང་སྨྲ་བརྗོད་རང་དབང་སོགས་རྡོག་རོལ་གཏོང་རྒྱུར་མཐུན་རྐྱེན་བསྐྲུན་པ་ཡིན་ཚུལ་གྱི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་དུ། གྷུ་གྷལ་གྱིས་ཨ་རིའི་དམག་དོན་དང་འབྲེལ་བའི་འཕྲུལ་རིག་མ་ལག་ཅིག་བཟོ་རྒྱུའི་འཆར་གཞི་ཡོད་པ་དེར་གྷུ་གྷལ་ལས་བྱེད་སྟོང་ཕྲག་འགས་ངོ་རྒོལ་བྱས་པར་བརྟེན། མཐར་ལས་འཆར་དེ་རྩིས་མེད་མི་བཏང་ཐབས་མེད་དུ་གྱུར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

The post གྷུ་གྷལ་ཚོང་གཉེར་ཁང་ལ་བསྐྱར་དུ་ངོ་རྒོལ་ཞུ་གཏུག་བྱས། appeared first on བོད་ཀྱི་དུས་བབ།.

ཨ་རིས་རྒྱ་ནག་ལ་ཉེས་པ་གཏང་ན། རྒྱ་ནག་གིས་ཨ་རི་ལའང་ཉེས་པ་གཏང་གི་ཡིན་ཟེར།

$
0
0

ཨ་རིས་ཁ་ཆེ་དྲག་སྤྱོད་པར་ཉེས་པ་བཏང་ནས་གསོད་ཀྱི་ཡོད་ཀྱང་རྒྱ་ནག་གིས་ཤིན་ཅང་ཡུ་གུར་དྲག་སྤྱོད་པར་སློབ་གསོ་བཏང་ནས་མི་དཀྱུས་མ་བཟོ་ཡི་ཡོད་ཟེར།

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་སྔོན་ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གིས་ཡུ་གུར་བ་ས་ཡ་གཅིག་ལྷག་སློབ་གསོ་བཅོས་སྒྱུར་ཁང་གི་མིང་ཐོག་ནས་བཀག་ཉར་བྱས་ཏེ་ངལ་རྩོལ་དང་རྒྱལ་ཞེན་གྱི་སློབ་གསོ་སྤེལ་བཞིན་ཡོད་པ་མ་ཟད། ཡུ་གུར་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་ཉེས་མིང་འོག ཞི་ཅང་ཡུ་གུར་རང་སྐྱོང་ཁུལ་གྱི་དམར་ཤོག་མགོ་འཁྲིད་ཁྲིན་ཆན་གོ་(Chen Quanguo)ཡི་གཙོའི་རྒྱ་ནག་གི་ལས་བྱེད་པ་ཁག་ཅིག་ལ་ཉེས་ཆད་གཅོད་དགོས་པའི་ཁྲིམས་འཆར་བཏོན་ཡོད་པ་དང་། ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཚའེ་ཐེན་ཁའེ་(Cui Tiankai)ཟེར་བ་དེས། ཨ་རིས་ད་བར་ཁ་ཆེ་འཇིགས་སྐུལ་བ་མང་པོ་གསོད་ཀྱི་ཡོད་ཀྱང་། རྒྱ་ནག་གིས་སློབ་གསོ་སྤྲད་དེ་ཁོ་ཚོར་རོགས་པ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

ཚའེ་ཐེན་ཁའེ་ཟེར་བ་དེས། རྒྱ་ནག་གིས་ཤིན་ཅང་ཁུལ་གྱི་ཁ་ཆེ་འཇིགས་སྐུལ་བ་ཚོར་སློབ་གསོ་བཏང་སྟེ་མི་དཀྱུས་མ་ཞིག་ཆགས་ཐབས་བྱེད་ཀྱི་ཡོད། གལ་སྲིད་འཇིགས་སྐུལ་བར་ཁ་གཏད་གཅོག་མཁན་ཚང་མར་ཉེས་ཆད་གཅོད་དགོས་ཚེ་ཨ་རིའི་ད་བར་འཇིགས་སྐུལ་བ་གྲངས་མེད་བསད་པའི་ལག་དམར་བ་དང་། བཙོན་འཇུག་བྱེད་མཁན་ཚང་མར་ཉེས་ཆད་གཅོད་དགོས་ཀྱི་ཡོད།  དེར་བརྟེན།  ཨ་རིས་རྒྱ་ནག་གཞུང་འབྲེལ་གྱི་ལས་བྱེད་ཚོར་ཉེས་ཆད་ག་འདྲ་གཏང་ན་ང་ཚོས་ཨ་རིའི་འབྲེལ་ཡོད་ལས་བྱེད་ཚོར་དེ་ལྟར་ཉེས་ཆད་གཅོད་ཀྱི་ཡིན། ཞེས་བརྗོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོས།  རྒྱ་ནག་གཞུང་ཚབ་པ་ཚའེ་ཐེན་ཁའེ་ནས་ཨ་རིས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་འཇིགས་སྐུལ་བ་དང་འཐབ་འཁྲུག་བརྒྱབས་པ་དག་ནི་ནག་ཉེས་ཤིག་ལ་རྩིས་པ་དེས། རྒྱ་ནག་གིས་དྲག་སྤྱོད་སྤེལ་བཞིན་པའི་འཇིགས་སྐུལ་བ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བསྟན་ཡོད། ཅེས་དང་། ཕྱི་ལོ་ ༢༠༠༡ ལོར་འཇིགས་སྐུལ་བས་ཨ་རིའི་འཛམ་གླིང་ཚོང་འབྲེལ་ལྟེ་གནས་གནམ་གྱི་ཀ་བ་སྤུན་གཉིས་ལ་གཏོར་རྒོལ་བཏང་བ་ནས་ད་བར་ཉུང་མཐར་འཇིགས་སྐུལ་བ་ ༤༠༠ ཙམ་གྱིས་ཁེར་རྒོལ་དང་སྡེབ་རྒོལ་སོགས་བྱས་ཏེ་ཨ་རིའི་ནང་དྲག་སྤྱོད་སྤེལ་ཡོད་སྐོར་བརྗོད་འདུག

བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ད་ལྟའི་ཆར་ཤིན་ཅང་ཁུལ་གྱི་གནས་ཚུལ་རྒྱུས་ལོན་བྱེད་པར་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། དམིགས་བསལ་གསར་འགོད་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་སེར་ལ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་འདུག  ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྤྱི་ཁྱབ་འགན་འཛིན་མེག་ལིའེ་བྷ་ཆི་ལེ་ཊི་ལགས་ཀྱིས། རྒྱ་ནག་གཞུང་ནས་ཤིན་ཅང་ཁུལ་གྱི་གནས་སྟངས་རྒྱུས་ལོན་བྱེད་པར་རང་དབང་སྤྲོད་དགོས་སྐོར་བརྗོད་ཡོད་ནའང་། རྒྱ་ནག་ཕྱོགས་ནས་རྒྱ་ནག་གཅིག་གི་མངའ་ཁོངས་སྲིད་བྱུས་ལ་གུས་བརྩི་དགོས་ཞེས་ལན་འདེབས་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ཨ་རིས་རྒྱ་ནག་ལ་ཉེས་པ་གཏང་ན། རྒྱ་ནག་གིས་ཨ་རི་ལའང་ཉེས་པ་གཏང་གི་ཡིན་ཟེར། appeared first on བོད་ཀྱི་དུས་བབ།.

གློག་སྡོང་གིས་ཆབ་མདོ་ནས་ལྷོ་ཁར་མཐུད།

$
0
0

རྒྱ་ནག་གཞུང་གིས་བོད་ཆབ་མདོ་ནས་ལྷོ་ཁ་བར་གྱི་མཐོ་སྒང་དུ་རིང་ཚད་སྤྱི་ལེ་ ༢༧༣༨ ཡོད་པའི་གློག་སྡོང་དྲ་བ་འཛུགས་སྐྲུན་གྱི་ལས་གཞི་གྲུབ་སྟེ་གློག་ཤར་གཏོང་བྱས་ཡོད་ལུགས་བརྗོད་འདུགཁ་སང་བོད་ནང་གི་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཉིན་འགའི་སྔོན་ནས་བཟུང་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་བར་དུ། རྒྱ་ནག་གཞུང་གིས་འགྲོ་གྲོན་ཨ་སྒོར་དུང་ཕྱུར་ ༢༣ ཙམ་བཏང་སྟེ་རིང་ཚད་ལ་སྤྱི་ལེ་ ༢༧༣༨ ཡོད་པའི་གློག་སྡོང་དྲ་བ་འཛུགས་སྐྲུན་གྱི་ལས་གཞི་གྲུབ་སྟེ། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་གསུམ་གྱི་མང་ཚོགས་ཁྲི་ ༡༥༦ ལྷག་གི་འཚོ་བར་ཕན་ཐོགས་བཞིན་ཡོད་སྐོར་དང་། མ་འོངས་པར་ལྷ་ས་དང་ནག་ཆུའི་མེ་འཁོར་ལྕགས་ལམ་གཉིས་ལའང་གློག་ཤུགས་ཀྱི་མཐུན་རྐྱེན་སྤྲོད་འཆར་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གློག་སྡོང་འཛུགས་སྐྲུན་ཁང་གི་སྤྱི་ཁྱབ་འགན་འཛིན་ཅིང་ལི་ཁོའུ་ཝུ་ཟེར་བ་ཞིག་གིས། བོད་ཀྱི་གློག་སྡོང་དྲ་བས་གློག་ཤུགས་ཚད་ (Voltage) ༢༢༠ ནས་ ༥༠༠ བར་སྤར་ཐུབ་ཡོད་པ་མ་ཟད། གློག་སྡོང་དྲ་བའི་སྒྲིག་བཀོད་དང་གློག་གི་ནུས་ཤུགས་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་དང་ཆབས་ཅིག ད་དུང་ཁྲོན་བོད་ལྕགས་ལམ་ལ་བདེ་འཇགས་ལྡན་ལ་བློས་འགེལ་ཆོག་པའི་གློག་འདོན་འགན་ལེན་ཡག་པོ་བྱས་ཡོད་སྟབས། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། དེ་བཞིན་མཐའ་མཚམས་ཀྱི་རྒྱལ་སྲུང་བདེ་འཇགས་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་ལའང་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཅེས་བརྗོད་འདུག

གློག་སྡོང་དྲ་བའི་ལས་གཞི་དེ་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ ནང་། རྒྱ་ནག་གློག་སྡོང་དྲ་བ་འཛུགས་སྐྲུན་ཁང་གིས་ལས་མགོ་བཙུགས་ཡོད་པ་དང་། གློག་སྡོང་དྲ་བའི་ལས་གཞིའི་ལས་མི་ཝང་ཧྲུའུ་ཞང་ (Wang Shuxiang) ཟེར་བ་ཞིག་གིས་ཤིན་ཧྭ་གསར་ཁང་ལ་བོད་ནང་ཁོར་ཡུག་གི་འགྱུར་ལྡོག་ཧ་ཅང་ཆེ་སྟབས་བཟོ་སྐྲུན་བྱེད་པ་ནི་རྙོག་འཛིང་ཅན་ཞིག་ཡིན་པ་དང་། གཡང་གཟར་དང་གནམ་གཤིས་ཀྱི་འགྱུར་ལྡོག་ཧ་ཅང་ཆེ་བར་བརྟེན། ལོ་གཅིག་གི་ནང་ཟླ་ ༦ ཙམ་མ་གཏོགས་གློག་སྡོང་དྲ་བ་བཟོ་སྐྲུན་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་འདུག

ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་གློག་སྡོང་དྲ་བ་འཛུགས་སྐྲུན་གྱིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཅི་ཙམ་ཐེབས་ཀྱི་ཡོད་པའི་སྐོར་ཁོང་གིས། ལས་གཞི་དེའི་དཀའ་ངལ་ཆེ་ཤོས་ནི་རི་རྒྱུད་ནས་རི་རྒྱུད་བརྒལ་ནས་གློག་སྐུད་དང་གློག་སྡོང་དྲ་བ་འཛུགས་དགོས་ཀྱི་ཡོད་སྟབས། རིའི་རྩ་བ་བསྔོགས་ནས་རི་ཉིལ་འབྱུང་བ་དང་། མི་མང་གི་ཞིང་ཁ་སྔོག་དགོས་བྱུང་ཡོད་ཚེ་མི་མང་ལ་གྱོང་རག་གི་ཡོད་པ་དང་། དེ་བཞིན་ཤིང་ནགས་སོགས་སུ་གློག་སྡོང་དྲ་བ་དེ་འཛུགས་དགོས་བྱུང་ཚེ་ཤིང་ནགས་མང་པོ་གཅོད་དགོས་པ་དང་དེར་གནས་པའི་སེམས་ཅན་ལ་གནོད་འཚེ་ཕོག་གིན་ཡོད་པ་རེད། དེ་མིན་ཁོར་ཡུག་ལ་དོ་ཕོག་ཞེ་དྲག་ཆེན་པོ་དེ་འདྲ་ཡོད་པ་མ་རེད། སྤྱིར་ཐེངས་འདིའི་ལས་གཞི་དེ་སྔོན་མ་ནས་ཡོད་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་གློག་གཅིག་སྡུད་ཀྱི་ལས་གཞིའི་ཆ་ཤས་ཤིག་ཡིན་པ་འདྲ་པོ་འདུག རྫོང་དང་གྲོལ་རྡལ་ཁ་ཤས་ལ་གློག་ཡག་པོ་དང་ལ་ལར་གློག་གི་མཐུན་རྐྱེན་ཡག་པོ་མེད་རྐྱེན་གློག་བགོ་འགྲེམས་ཆེད་གློག་སྐུད་དང་གློག་སྡོང་དྲ་བ་མང་པོ་འཛུགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་། 
གསར་འགོད་པ། ཀླུ་མགོན་ཐར།

The post གློག་སྡོང་གིས་ཆབ་མདོ་ནས་ལྷོ་ཁར་མཐུད། appeared first on བོད་ཀྱི་དུས་བབ།.

རྒྱུད་རྒྱུ་བཅོས་ཏེ་བུ་མོ་མཚེ་མ་ཞིག་སྐྱེས།

$
0
0

རྒྱ་ནག་གི་ཚན་རིག་པ་ཞིག་གིས་གཞུང་གི་བཀའ་འཁྲོལ་སོགས་མེད་པར་རྒྱུད་རྒྱུ་བཅོས་སྒྲིག་གི་སྐྱེ་འཕེལ་ཚོད་ལྟ་བྱས་ཏེ་བུ་མོ་གཉིས་སྐྱེས་བར་ཚན་རིག་པ་མང་པོས་སྐྱོན་བརྗོད་ཕོགཟླ་འདིའི་ཕྱི་ཚེས་ ༢༧ ཉིན། ཧོང་ཀོང་དུ་ཚོགས་པའི་རྒྱལ་སྤྱིའི་སྐྱེས་ལྡན་སྨན་བཅོས(Biomedical)ཚོགས་འདུའི་སྟེང་། ཧྲིན་ཀྲིན་(Shenzhen)ནས་ཡིན་པའི་རྒྱ་ནག་གི་ཚན་རིག་པ་ཧེ་ཇན་ཁའེ(He Jiankui)ཡིས་རྒྱུད་རྒྱུ་(Genes)བཅོས་སྒྲིག་བྱས་ཏེ། ཟླ་འདིའི་ནང་བུ་མོ་མཚེ་མ་ཞིག་སྐྱེས་ཡོད་པ་གསལ་བསྒྲགས་བྱས་ཡོད་པ་དང་། གནས་ཚུལ་དེ་ཡོངས་བསྒྲགས་བྱས་རྗེས་རྒྱ་ནག་དང་རྒྱལ་སྤྱིའི་ཚན་རིག་པ་མང་པོས་ཞིབ་འཇུག་གྲུབ་དོན་དེས་མ་འོངས་པར་མིའི་རིགས་ཀྱི་སྐྱེས་འཕེལ་དང་འཚོ་གནས་ལ་ཆགས་འཇིག་ཆེན་པོ་ཡོང་རྒྱུ་ཡིན་པའི་སྐྱོན་བརྗོད་ཤུགས་ཆེར་བྱེད་ཀྱི་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཧེ་ཇན་ཁའེ་ཡིས་ཐོག་མར་རྒྱུད་རྒྱུ་བཅོས་སྒྲིག་བྱས་ཏེ་བུད་མེད་ཀྱི་བུ་སྣོད་དུ་བཞག་ནས་སྐྱེས་འཕེལ་བྱུང་དུ་བཅུག་ཡོད་པ་དང་། ཁོས་དེ་ལྟར་བྱས་པའི་དམིགས་ཡུལ་གཙོ་བོ་ནི་མངལ་དུ་ཡོད་པའི་བྱིས་པ་ཨེ་ཛི་ནད་ལས་གྲོལ་ཐབས་ཡིན་སྐོར་བརྗོད་ཡོད་ན་ཡང་། དེ་སྔོན་ཁོས་རྒྱུད་རྒྱུ་བཅོས་སྒྲིག་གི་སྐོར་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པའི་སྐོར་དེབ་དང་ཚན་རིག་དུས་དེབ་སོགས་སུ་གཅིག་ཀྱང་བཀོད་མེད་པ་མ་ཟད། རྒྱ་གཞུང་ནས་བཀའ་འཁྲོལ་གང་ཡང་མ་ཞུས་པར་གསང་བའི་ཐོག་ནས་དངོས་སུ་ཚོད་ལྟ་བྱས་ཏེ་ཡོངས་བསྒྲགས་བྱས་པ་ཞིག་ཡིན་འདུག

རྒྱ་ནག་གཞུང་ཕྱོགས་ནས་སྤེལ་བའི་གསར་འགྱུར་ལྟར་ན། ཧེ་ཇན་ཁའེ་ཡིས་ཞིབ་འཇུག་གྲུབ་དོན་དེ་ཡོངས་བསྒྲགས་རྗེས། རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བཀའ་ཁྱབ་བཏང་སྟེ་ཁོ་ལ་འདྲི་རྩད་བྱས་ཡོད་པ་དང་། གནད་དོན་དེ་ནི་བྱུང་མ་མྱོང་བའི་གནད་དོན་ཚབས་ཆེན་ཞིག་ཕྱིར་བསྒྲགས་པ་ཡིན་ལ། གལ་སྲིད་ཁོས་ཞིབ་འཇུག་དེ་བྱེད་དགོས་ཀྱི་ཡོད་ན་ཐོག་མར་ཞིབ་འཇུག་རེའུ་མིག་སོགས་ཡོངས་ཁྱབ་བྱ་དགོས་སྐོར་དང་། ཧེ་ཇན་ཁེ་ཡིས་རྒྱ་ནག་ལྷོ་ཕྱོགས་འཕྲུལ་ལས་ཚན་རིག་གཙུག་ལག་སློབ་གཉེར་ཁང་ནས་དགོངས་པ་ཞུས་ཡོད་པ་དང་། ཁོའི་ཞིབ་འཇུག་གི་ལས་གཞི་དེས་གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་ལམ་ལུགས་ཐད་གནོད་སྐྱོན་ཆེན་པོ་བྱུང་ཡོད་སྐོར་སོགས་བསྒྲགས་འདུག

གནད་དོན་དེའི་ཐད་ཨ་རིའི་ཁཱ་ལེ་ཧྥོར་ནི་ཡཱ་གཙུག་ལག་སློབ་གཉེར་ཁང་གི་རྒྱུད་རྒྱུ་མཁས་པ་ཨ་ལེཀ་ཛན་མཱར་སིན་(Dr. Alexander Marson)ལགས་ཀྱིས། དེ་སྔོན་ནས་ཚན་རིག་པ་མང་པོས་རྒྱུད་རྒྱུ་བཅོས་སྒྲིག་བྱེད་ཐབས་དེ་ཧ་གོ་ཡི་ཡོད་ནའང་ཞིབ་འཇུག་བྱས་མེད་པ་དང་། བྱེད་ཐབས་དེ་ཧ་ཅང་འཇིགས་སྣང་སྐྱེས་དགོས་པ་ཞིག་ཡིན་སྟབས། ཨ་རི་གཙོའི་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་ནང་ཁྲིམས་འགལ་ཡིན་པ་དང་། རྒྱུད་རྒྱུ་བཅོས་སྒྲིག་གིས་མིའི་རིགས་ཀྱི་རང་བྱུང་རྒྱུད་རྒྱུ་ལ་གཏོར་བཤིག་གཏོང་གི་ཡོད་པས་རྒྱ་ནག་གིས་ཁྲིམས་ལྟར་དེ་ལ་བཀག་སྡོམ་དགོས་སྐོར་བརྗོད་ཡོད་པ་དང་། དེ་བཞིན། རྒྱ་ནག་གི་ཚན་རིག་པ་ ༡༢༢ ལྷག་གིས་ཧེ་ཇན་ཁའེ་ཡི་ཞིབ་འཇུག་དེ་ནི་སྨྱོ་ལས་ཤིག་ཡིན་པ་དང་། གནད་དོན་དེས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཚན་རིག་ལག་རྩལ་ཡར་རྒྱས་ཐད་གནོད་སྐྱོན་ཆེན་པོ་བཟོས་ཡོད་པའི་སྐྱོན་བརྗོད་བྱས་འདུག

ཧེ་ཇན་ཁའེ་ཡིས་བཀའ་འཁྲོལ་མེད་པར་རྒྱུད་རྒྱུའི་སྐྱེས་འཕེལ་སྐོར་ལ་དངོས་སུ་ཚོད་ལྟ་ལག་བསྟར་བྱས་པའི་གནས་ཚུལ་དེ་རྒྱལ་སྤྱིའི་གསར་ལམ་དུ་ཤུགས་ཆེན་པོ་ཁྱབ་རྗེས། རྒྱལ་ཁབ་སོ་སོའི་ཚན་རིག་པ་མང་པོས་ཀྱང་སྐྱོན་བརྗོད་དང་རྒྱུད་རྒྱུ་བཅོས་སྒྲིག་གིས་གནོད་ཚབས་ཅི་ཡོད་སོགས་ཀྱི་སྐོར་ལ་གླེང་སློང་དང་ཉེན་བརྡ་སོགས་གཏོང་གི་འདུག་ལ། སྤྱིར་གནད་དོན་ཆེན་པོ་དེ་ལྟ་བུར་ཞིབ་འཇུག་བྱེད་པར་རྒྱལ་ཁབ་ཀྱི་བཀའ་འཁྲོལ་ཐོབ་དགོས་ཀྱི་ཡོད་པ་དང་། ཞིབ་འཇུག་གི་གྲུབ་དོན་དེ་ལྟ་བུ་ཡོངས་བསྒྲགས་བྱེད་མི་ཆོག་སྐོར་བརྗོད་ཀྱི་འདུག

འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་བཀག་སྡོམ་བྱས་པའི་རྒྱུད་རྒྱུ་བཅོས་སྒྲིག་གི་ཞིབ་འཇུག་དེར་བཀའ་འཁྲོལ་མེད་པར་ཞིབ་འཇུག་བྱེད་མཁན་རྒྱ་ནག་ནང་ཧེ་ཇན་ཁའེ་དང་པོ་རེད་མི་འདུག ད་ལོའི་ཕྱི་ཟླ་ ༩ ནང་རྒྱ་ནག་གི་སན་ཡཱ་ཊི་སིན་གཙུག་ལག་སློབ་གཉེར་ཁང་(Sun Yat-sen University)ཞེས་པའི་ཚན་རིག་པ་ཞིག་གིས་ཀྱང་རྒྱུད་རྒྱུ་བཅོས་སྒྲིག་གིས་ནད་རིགས་བཅོས་ཐབས་ལ་ཚོད་ལྟ་བྱས་ཡོད་འདུག

རྒྱུད་རྒྱུ་བཅོས་སྒྲིག་ནི་མིའི་རིགས་ཀྱི་རང་བྱུང་རྒྱུད་རྒྱུ་མཉམ་བསྲེས་ཀྱིས་སྐྱེས་འཕེལ་བྱུང་དུ་བཅུག་པ་ཞིག་ཡིན་ལ། བྱེད་ཐབས་དེས་གཉན་ནད་རེག་དུག་ཨེ་ཛི་ལྟ་བུ་མེད་པར་གཏོང་ཐུབ་ཀྱི་ཡོད་ན་ཡང་། མིའི་ལུས་ཕུང་གི་གྲུབ་ཚུལ་སོགས་རང་བྱུང་གི་འདུས་རྒྱུ་མང་པོ་ཞིག་གིས་གྲུབ་ཀྱི་ཡོད་པ་དང་། གྲུབ་པ་ལས་བྱུང་གི་ཡོད་པ་དང་། དེ་ཡི་མིང་ལ་རྒྱུད་རྒྱུ་འདུས་སྣོད་(Gene Pool)ཞེས་འབོད་ཀྱི་ཡོད་པ་དང་། གལ་ཏེ་རྒྱུད་རྒྱུ་བཅོས་སྒྲིག་གི་ལག་རྩལ་དེ་དངོས་སུ་མིའི་རིགས་ཀྱི་འཚོ་བའི་ནང་བེད་སྤྱོད་གཏང་བ་ཡིན་ན། མ་འོངས་པའི་མི་རབས་ཚོའི་རྒྱུད་རྒྱུ་འདུས་སྣོད་ལ་གཏོར་བཤིག་དང་མིའི་རིགས་ཀྱི་སྐྱེས་རྒྱུན་ལ་གནོད་སྐྱོན་ཐེབས་པ་མ་ཟད། རྒྱུད་རྒྱུ་བཅོས་སྒྲིག་གིས་ནད་གཞི་སློང་བ། མིའི་རིགས་ཀྱི་འཚོ་གནས་ལ་འདྲ་མཉམ་མིན་པའི་ཡ་མ་ཟུང་གི་སྤྱི་ཚོགས་སྐྲུན་པ་སོགས་ཀྱི་ཉེན་ཁ་ཡོད་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post རྒྱུད་རྒྱུ་བཅོས་ཏེ་བུ་མོ་མཚེ་མ་ཞིག་སྐྱེས། appeared first on བོད་ཀྱི་དུས་བབ།.

Viewing all 4854 articles
Browse latest View live


<script src="https://jsc.adskeeper.com/r/s/rssing.com.1596347.js" async> </script>