Quantcast
Channel: བོད་ཀྱི་དུས་བབ།
Viewing all 4854 articles
Browse latest View live

ཁ་ན་ཌའི་གཞུང་ལ་རྒྱ་དཔོན་ཚོར་དཔལ་འབྱོར་ཉེས་ཆད་གཅོད་དགོས་པའི་ཞུ་ཡིག་ཕུལ།

$
0
0

ཁ་ན་ཌའི་གྲོས་ཚོགས་འཐུས་མི་ ༧༣ དང་ཚོགས་སྡེ་ཁག་ ༢༨ མཉམ་འབྲེལ་ཐོག་བོད་དང་ཧོང་ཀོང་། ཡུ་གུར་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་མཁན་རྒྱ་དཔོན་ཚོར་ཁ་ན་ཌའི་གཞུང་ནས་དཔལ་འབྱོར་ཉེས་ཆད་གཅོད་དགོས་པའི་ཞུ་ཡིག་ཕུལ་འདུགཟླ་འདིའི་ཕྱི ཚེས་ ༡༤ ཉིན་ཁ་ན་ཌའི་གྲོས་ཚོགས་འཐུས་མི་ ༦༠ ལྷག་གིས་སྲིད་བློན་ཇ་སི་ཊན་ཊུ་རུ་ཌོ་ (Justin Trudeau) དང་སྲིད་བློན་གཞོན་པ་ཁི་རེ་སེ་ཊི་ཡ་ཧྥི་རི་ལན་ཌི་ (Chrystia Freeland) ། དེ་བཞིན་ཕྱི་སྲིད་བློན་ཆེན་ཧྥེ་རེན་སི་ཡོ་སི་ཧྥི་ལིབ་ཤེམ་པེན་ (François-Philippe Champagne) བཅས་གསུམ་གྱི་མཚན་ཐོག་ཏུ་མཉམ་འབྲེལ་ཞུ་ཡིག་ཞིག་ཕུལ་ཏེ། བོད་དང་ཧོང་ཀོང་། ཡུ་གུར་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་དཔལ་འབྱོར་གྱི་ཉེས་ཆད་གཅོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

འབོད་སྐུལ་ཞུ་ཡིག་དེའི་ནང་། འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཐད་རྒྱལ་སྤྱིའི་ཐོག་སྣེ་ཁྲིད་མཁན་གྱི་རྒྱལ་ཁབ་ཅིག་གི་ངོས་ནས། རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་ཀྱི་ཁྲིམས་གཞི་ (Magnitsky) འོག་ཉེས་ཆད་གཅོད་རྒྱུ་ནི་མཚོན་དོན་ལྡན་པའི་ལག་བསྟར་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ཁ་ན་ཌ་གཞུང་གིས་འདས་པའི་རིང་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་ཀྱི་ཁྲིམས་གཞི་ཇི་ལྟར་འོས་འཚམ་ངང་ལག་བསྟར་བྱས་པ་མཚོན་ཀྱི་ཡོད་པ་རེད། ཅེས་བཀོད་དེ། དེ་ནི་ཁ་ན་ཊའི་ཁྲིམས་ཡིག་ (Justice for Victims of Corrupt Foreign Officials Act (Sergei Magnitsky Law) S.C. 2017, c. 21) ཡི་དགོངས་དོན་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྡོལ་རོལ་གཏོང་མཁན་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ལ་ཉེས་ཆད་གཅོད་དགོས་པ་བཀོད་འདུག

དེ་བཞིན་གྲོས་ཚོགས་འཐུས་མི་ཚོས་ཉེ་ལམ་ཁ་ན་ཊའི་ཕྱི་སྲིད་བློན་ཆེན་ (François-Philippe Champagne)ལགས་ཀྱིས་་དཔལ་འབྱོར་ཉེས་ཆད་ནི་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་དུ་གཏོང་མཁན་རྣམས་བྱ་སྤྱོད་དེ་ལས་འགོག་ཐབས་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པ་རེད་ཅེས་གསུངས་པ་ལུངས་འདྲེན་བྱས་ཏེ། ཞུ་ཡིག་དེའི་ནང་། འགྲོ་བ་མིའི་ཐོབ་ཐང་ལ་འཛེམས་ཟོན་མེད་པར་རྡོ་རོལ་གཏོང་མཁན་ལ་ཁ་ན་ཌ་གཞུང་གིས་ལངས་ཕྱོགས་བརྟན་པོ་ཞིག་འཛིན་དགོས་པ་དང་། འགྲོ་བ་མིའི་རིན་ཐང་ལ་གཅིག་མཚུངས་ཀྱི་ལྟ་ཚུལ་ཡོད་པའི་རྒྱལ་ཁབ་ཚོར་མཉམ་འབྲེལ་བྱས་ཏེ་བསྐྱར་དུ་འཛམ་གླིང་གི་སྡིངས་ཆའི་ཐོག་སྣེ་ཁྲིད་བྱ་དགོས་པ་བཀོད་འདུགཞུ་ཡིག་དེར་མཚན་རྟགས་རྒྱག་མཁན་ཁ་ན་ཌའི་གྲོས་ཚོགས་འཐུས་མི་ཇོན་མེག་ཀེ་ (John McKay) ལགས་ཀྱིས། རྒྱ་ནག་དང་མཉམ་དུ་འགྲིག་འཇགས་ཡོང་ཐབས་མེད་པ་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད། ཁ་ན་ཊ་གཞུས་གིས་དཔལ་འབྱོར་གྱི་ཐབས་བྱུས་སྤྱད་དེ་ཁ་གཏད་གཅོག་དགོས་སྐོར་དང་། ཁ་ན་ཌ་གཞུང་གིས་རང་ཉིད་རྒྱ་ནག་གཞུང་དང་མཉམ་དུ་འདྲ་མཉམ་མིན་པའི་གནས་སྟངས་འོག་ཡོད་པ་ཅི་ཙམ་སྔ་བོ་ཤེས་ཚེ། དེ་ཙམ་གྱིས་དཀའ་ངལ་དེ་སེལ་བདེ་བོ་ཡིན་པ། དེ་བཞིན་ཁ་ན་ཌ་དང་ནུབ་ཕྱོགས་ཀྱི་སྲིད་གཞུང་ཁག་གིས་མཉམ་འབྲེལ་བྱས་ཏེ། ནུབ་རྒྱ་མཚོ་ཆེན་མོའི་གྲོས་ཆིངས་སྒྲིག་འཛུགས་ (NATO) ལྟ་བུ་ཞིག་རྒྱ་ནག་གཞུང་ལ་ཁ་གཏད་དེ་གསར་འཛུགས་བྱ་དགོས་སྐོར་བརྗོད་འདུག

ཁ་ན་ཌའི་སྲིད་བློན་མཆོག་གི་མཚན་ཐོག་ཏུ་ཕུལ་བའི་ཞུ་ཡིག་དེར། སྲིད་བློན་ཇ་སི་ཊན་ཊུ་རུ་ཌོ་ (Justin Trudeau) མཆོག་གིས་ཐད་བསྐོས་གནང་པའི་གྲོས་ཚོགས་གོང་མའི་འཐུས་མི་མཱ་རི་ལོ་མེག་ཧྥེ་ཌེ་རན་ (Marilou McPhedran) དང་པེ་རི་ཌལ་ཧྥོན་ཌི་ (Pierre Dalphond) གཉིས་ཚུད་པའི་ཆབ་སྲིད་གུ་ཡངས་ཚོགས་པ་དང་རྙིང་ཞེན་ཚོགས་པ། ལྗང་ཁུ་ཚོགས་པ་སོགས་ཆབ་སྲིད་ཚོགས་པ་ཆེ་ཁག་གི་གྲོས་ཚོགས་འོག་མའི་འཐུས་མི་གྲངས་ ༦༧ དང་གྲོས་ཚོགས་གོང་མའི་འཐུས་མི་ ༤ ། དེ་བཞིན་རྫོང་དཔོན་ ༡ དང་གྲོས་ཚོགས་འཐུས་མི་ཟུར་པ་ ༡ བཅས་ཁྱོན་མི་གྲངས་ ༧༣ དང་། བོད་རིགས་དང་ཧོང་ཀོང་། ཡུ་གུར་བ་དང་སློབ་ཕྲུག དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པའི་ཚོགས་སྡེ་ཁག་ ༢༨ ཀྱི་སྐུ་ཚབ་ཡིས་མཚན་རྟགས་བརྒྱབ་འདུག

གསར་འགོད་པ། ཀླུ་མགོན་ཐར།

The post ཁ་ན་ཌའི་གཞུང་ལ་རྒྱ་དཔོན་ཚོར་དཔལ་འབྱོར་ཉེས་ཆད་གཅོད་དགོས་པའི་ཞུ་ཡིག་ཕུལ། appeared first on བོད་ཀྱི་དུས་བབ།.


ཧོ་ལེ་ཝོས་གྲིས་བརྗེད་པའི་རྩ་དོན།

$
0
0

——ཧོ་ལེ་ཝོས་གྲིས་བརྗེད་པའི་རྩ་དོན། ཅིའི་ཕྱིར་བོད་རང་དབང་ལས་འགུལ་ཉམས་པ་རེད་དམ།

ཨེ་ཏི་ ཕོ་ཝུར་གྱིས་བརྕམས།

ཆོས་རྒྱལ་སྐྱབས་ཀྱིས་བསྒྱུར།

ལོ་ངོ་ཉི་ཤུའི་གོང་དུ། སྐད་གྲགས་ཅན་གྱི་མི་སྣ་ཚོས་བོད་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས། དེ་ནས་གཡོལ་དུ་མེད་པའི་བདེན་དོན་དེ། ཁོང་ཚོའི་ལམ་ཁ་ལ་རྒྱ་ནག་སླེབས།ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨར་ཇིན་གྲི་ནའི་རི་རྒྱུད་ཨན་སྒྲེ་སི་(Andes)ལ་བྷི་ར་ ཕེ་ཐི་(Brad Pitt)ཡིས་ཁོང་གི་སྐྲ་ལོ་སེར་པོའི་ལན་བུ་ཟུར་ཏུ་བཤད་ནས་མཚར་སྡུག་ལྡན་པའི་ལྟད་མོ་ཞིག་འཁྲབ་སྟོན་བྱས། དེ་ནི་༡༩༩༧་ལོ་སྟེ། ཧོ་ལེ་ཝོས་གྲིའི་(Hollywood)སྟག་ཤར་ཁོང་གིས་ཨེ་སི་ཨེ་སི་ ཨོ་བྷིར་ཤར་ཧྥོས་ཧིར་(SS Oberscharführer)གྱི་ཁོངས་མི་ཟུར་བ་ཧེན་རི་ཧ་རད་(Heinrich Harrer)༡༩༤༠་ཞེ་གྲངས་ནང་དུ་བོད་ལ་སོང་ནས། ལོ་ན་གཞོན་པའི་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མའི་ཡོངས་འཛིན་དུ་ཆགས་པའི་སྐོར་འཁྲབ་སྟོན་བྱས།

ལོ་ངོ་ཉི་ཤུ་རྩ་གསུམ་གྱི་གོང་དུ། བོད་ནང་ལོ་བདུན་ནི་ཧོ་ལེས་ཝོས་གྲིའི་ལས་འགུལ་གྱི་ཇོ་མོ་གླང་མ་ལྟ་བུར་ངོས་འཛིན་བྱས། སྐབས་དེར་ཚོད་དཔག་བྱས་པ་ལྟར། གློག་བརྙན་ཕབ་ལེན་གྱི་ཆེད་དུ་ཆ་ཤས་བླངས་བའི་འཁྲབ་སྟོན་པ་ཕེ་ཐི་དང་དེ་མིན་གྱི་མི་སྣ་སྐད་གྲགས་ཆེན་པོ་ཚོ་རྒྱ་ནག་གིས་ཐོ་ནག་ནང་དུ་བཅུག

དེ་ནི་ཁོང་ཚོས་བོད་རང་དབང་ལས་འགུལ་ལ་རྒྱབ་སྐྱོར་ཆེད་དུ། གདོང་ལེན་བྱེད་རྒྱུར་གྲ་སྒྲིག་བྱས་པའི་ཉེན་ཁ་ཞིག་རེད།  དུས་སྐབས་དེར་བོད་རང་བཙན་ནི་སྤྲོ་སེང་བཟོ་ལས་ཁང་(entertainment industry)ཁག་གིས་ཧབ་ཐོབ་བྱས་པའི་རྩ་དོན་ཆེན་པོ་ཞིག་རེད། མཐའ་མཇུག་ཏུ་ལས་འགུལ་དེ་མཚམས་ཆད་ཀྱང་། མ་མཐར་ཡང་ཧོ་རེ་ཝོས་གྲིའི་གླེང་གཞི་ཞིག་ཆགས་པ་རེད།

ད་ལྟའི་ཆར། མི་རིགས་ནག་པོའི་ཚེ་སྲོག་ལ་བརྩི་འཇོག་དགོས་པའི་ལས་འགུལ་གྱིས་ཧོ་ལེ་ཝོས་གྲིའི་གློག་བརྙན་བཟོ་ཚོང་ཁང་ལ་གྲངས་ཉུང་མི་རིགས་ལ་བཟུང་བའི་ལྟ་སྟངས་དང་། སྣ་འཛོམས་རང་བཞིན་ཅན་དང་འབྲེལ་བའི་ཡིད་སྐྱོ་དགོས་པའི་ལོ་རྒྱུས་ལ་བསྐྱར་དཔྱད་བྱེད་པའི་གནོན་ཤུགས་སྤྲོད་ཀྱི་ཡོད། གཟའ་འཁོར་འདིའི་ནང་དུ་ཨེལ་གྲི་རིས་ ཨེལ་བྷ་དང་། (Idris Elba) གྲེ་ས་ ཐོམ་སོན།(Tessa Thompson) མེ་ཁིལ་ བྷས་ ཇོར་ཏན་(Michael B Jordan)བཅས་ཚུད་པའི་མི་རིགས་ནག་པོའི་སྒྱུ་རྩལ་བ་དང་ཧོ་ལེ་ ཝོས་གྲིའི་འགན་ཁུར་བ་༣༠༠་ལྷག་གིས་ཡོངས་ཁྱབ་འབོད་སྐུལ་འཕྲིན་ཡིག་གཅིག་གི་ཐོག་ལ་མཚན་རྟགས་བརྒྱབ་ནས་ཧོ་ལེ་ཝོས་གྲིའི་རིག་གཞུང་ལྟེ་གནས་ཁང་ཁག་གིས་ཉེན་རྟོག་པ་དང་མཉམ་དུ་འབྲེལ་ལམ་གཅོད་པའི་རེ་སྐུལ་བྱས།མཚན་མོའི་བརྙན་འཕྲིན་ལས་རིམ་གྱི་མདོ་འཛིན་པ་རྗེ་མས་ ཀེམ་མིལ་(Jimmy Kimmel)གྱིས་དེ་སྔ་ཆས་གོས་ཀྱིས་མི་རིགས་ནག་པོའི་ཚུགས་ཀ་བྱས་པར་རང་སྐྱོན་ངོས་ལེན་བྱས། (ཀེམ་མེལ་གྱིས་ལེམ་ཕོན་ ཨོ་ཕི་ར་ ཝེན་ཕི་རེ་དང་སི་ནོས་ཕུ རྡོག་གི་ལད་ཟློས་བྱས་ཡོད།) གནད་དོན་འདི་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ལ། དགོད་བྲོའི་གཏམ་གླེང་བ་ལེ་ཧི་ ཕི་རེན་སིས་སི་(Leigh Francis)ཡིས་མིག་ཆུ་གཏོང་ཞོར་བྷོ་ སེ་ལེག་གྲ་(Bo’ Selecta)ཡི་ལས་རིམ་ཐོག་ཏུ། གདོང་ལ་ཚོན་རྩི་བྱུགས་ནས་ཁི་རེ་གི ཏེ་ཝི་(Craig David)དང་ཐི་རས་ཤ་ གོ་ལྡར་གྲི་(Trisha Goddard)ཡི་ལད་ཟློས་བྱས་པར་དགོངས་དག་ཞུས།

མི་རིགས་དབྱེ་འབྱེད་ཀྱི་ལས་འགུལ་འདི་ནི་འཕྲལ་སེལ་གྱི་དང་ཞེན་ལས་ལྷག་ཅིག་རེད་འདོད། འོན་ཀྱང་། བོད་རང་དབང་ལས་འགུལ་ནི། སྐད་གྲགས་ཅན་གྱི་མི་རྣམས་ཀྱིས་ཁོང་ཚོ་ནི་ནུས་ཤུགས་ལྡན་པའི་ལས་འགུལ་བ་ཞིག་ཡིན་འདོད་ཀྱང་། ནུས་ཤུགས་ལྡན་པའི་ལས་འགུལ་བ་ཞིག་མིན་ལ། འགྱུར་བ་འགྲོ་བའི་སྒེའུ་ཁུང་དེ་དུས་གཏན་དུ་ཕྱེས་མེད་པ་དྲན་སྐུལ་སློང་བྱེད་ཅིག་རེད། མདོར་བསྡུས་ན། གྲེན་སིལ་ གྲོན་(Tinsel Town)[1]་གྱིས་བོད་དོན་ལ་ཕན་ཐོགས་པའི་བྱ་བ་ཕྲན་བུ་ཙམ་ལས་བྱེད་ཐུབ་མེད།  བོད་དོན་ལ་ཕན་ངེས་ཅན་ཞིག་ཐོགས་མེད་པས། མི་རིགས་ནག་པོའི་ཚེ་སྲོག་ལ་བརྩི་བའི་ལས་འགུལ་དང་མི་རིགས་འདྲ་མཉམ་ལ་ཕུགས་རྒྱང་རིང་པོའི་ཐོག་ནས་ཕན་ཐོགས་ནས་འགྱུར་བ་དངོས་གནས་ཡོང་བའི་རེ་བ་རྒྱག་གི་ཡོད་ཁོ་ཐག་རེད།

བྷི་ར་  ཕེ་ཐི་བོད་ནང་ལོ་བདུན་ཕབ་ལེན་ཆེད་དུ་ཨར་ཇེན་ གྲི་ན་ལ་སོང་བ་རེད། རྒྱུ་མཚན་ནི། རྒྱ་ནག་གིས་༡༩༥༠་ནང་དུ་དབང་འོག་ཏུ་བསྡུས་བའི་བོད་ཁུལ་དུ་དངོས་སུ་གློག་བརྙན་འཁྲབ་ཁྲིད་པ་རྗེན་ ཇེ་ཁོ་སུ་(Jean-Jacques)ལ་གློག་བརྙན་ཕབ་ལེན་བྱེད་འཇུག་རྒྱུ་ནི་བསམ་བློར་མི་ཤོང་བ་ཞིག་རེད།

པེ་ཅིང་རྒྱ་གཞུང་གིས་རྗེན་ ཇེ་ཁོ་སུ་ཡི་གློག་བརྙན་དེའི་ནང་དུ་རྒྱ་ནག་ནི་ཕུང་གྲོལ་བའི་ངོ་བོར་སྟོན་པ་དང་། བོད་དེ་རྒྱ་ནག་གི་མངའ་ཁུངས་སུ་བསྡུས་བ་ནི་འཁོན་འཛིན་གྱི་བཙན་འཛུལ་ཞིག་ཏུ་བརྩི་བའི་ཚོད་བགམ་བྱས་ཡོད། ཕེ་ཐི་ཡིས་འཁྲབ་སྟོན་བྱས་པའི་མི་སྣ་ནི་འགྱུར་བ་ཐེབས་པའི་ན་ཛེ་ཞིག་ཡིན་ཡང་། (གློག་བརྙན་དེ་ལྟད་མོ་བའི་མིག་སྔར་མ་བཀྲམས་པའི་སྔོན་དུ། ཧེན་རེ་ཡི་འདས་བའི་ལོ་རྒྱུས་སྐོར་ཤེས་པས། ངོ་ཚ་ཆེན་པོ་ཉོས་ཡོད།) བོད་ནང་ལོ་བདུན་ནང་དུ་རྒྱ་ནག་ནི་མི་ངན་གཏེ་བོ་དངོས་མ་དེ་རེད།

ཕེ་ཐི་དང་། ཨན་ནར་གྲི་(Annard)དང་འཁྲབ་རོགས་ལྡེ་ཝེ་གྲི ཐེའུ་ལས་སི་(David Thewlis)བཅས་ཀྱིས་ཁོང་ཚོ་རྒྱ་ནག་གི་མིང་ཐོ་ནག་པོའི་ནང་དུ་བཅུག་པར་ཧང་སངས་ཡོད་རྒྱུ་མ་རེད།  ཁོང་ཚོས་ཁོང་རྣམས་གྲོགས་པོ་བཟང་པོ་དང་མཉམ་དུ་ཡོད་པའི་མཇུག་སྡོམ་བརྒྱབ་ཡོད་སྲིད། ༡༩༩༧་ལོར་རྒྱ་ནག་གིས་བོད་དོན་ཐོག་ལ་ཁོང་ཁྲོ་ཟ་བ་ནི་ཧོ་ཝེ་ ཝོས་གྲིས་ཁ་ཕྱོགས་གསར་བ་དེ་རེད། མར་ཐིན་ སི་ཁོར་སེ་སི་(Martin Scorsese)ཡང་དེ་མཚུངས་སུ། ཏཱ་ལའི་བླ་མའི་གཞོན་དུས་ཀྱི་མི་ཚེ་དང་། བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕྱིན་པའི་ལོ་རྒྱུས་བརྙན་དུ་ཕབ་པར་རྒྱ་ནག་ཏུ་འགྲོ་རྒྱུ་(གནས་སྐབས་རིང་)བཀག་ཡོད། སྐུ་མདུན་ནི་བོད་ནང་ལོ་བདུན་ཁྲོམ་དུ་བཀྲམས་ནས་ཟླ་བ་གཉིས་ཀྱིས་རྗེས་ཏེ། ༡༩༩༧་ལོའི་ཡེ་ཤུའི་འཁྲུངས་སྐར་ལ་ཁྲོམ་དུ་བཀྲམས།

པེ་ཅིང་གི་མིག་ནང་གི་ཚེར་མར་གྱུར་བའི་ཐོ་གཞུང་ནང་དུ་གློག་བརྙན་འཁྲབ་སྟོན་པ་རི་ཆ་སྒྲི་ སྒིར་(Richard Gere)གྱི་མིང་ཐོ་ཡང་ཡོད། ཁོང་༡༩༧༨་ལོར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ལ་ནང་ཆོས་སློབ་སྦྱོང་བྱེད་དུ་འགྲོ་སྐབས་བོད་དོན་ལ་དོ་སྣང་སླེབས། དེ་ནས་བྷས་སི་གྲེ་  བྷོ་ཨེ་སི་(Beastie Boys)རེད། ཚོགས་མི་གསུམ་ཅན་གྱི་གཞས་མ་གཏམ་གྱི་རོལ་ཚོགས་འདིས་བོད་དོན་ལ་དོ་སྣང་བྱས་ཏེ། ག་ས་གང་དུ་ཡོད་པའི་གཡོན་ཐལ་རིང་ལུགས་པར་ཕྱོགས་པའི་གླུ་བ་མང་པོ་བོད་དོན་ལ་དོ་སྣང་སླེབས་པའི་ལས་འགུལ་སྤེལ།

“༡༩༩༠་གོ་གྲངས་ནང་དུ་། བོད་རང་བཙན་རོལ་དབྱངས་འདུ་འཛོམས་དང་། སྐུ་མདུན། བོད་ནང་ལོ་བདུན་ལྟ་བུའི་གློག་བརྙན་ཁག་གིས་བོད་ཀྱི་ངོ་གདོང་ཡར་བཀྱགས་ནས་ལྟད་མོ་གསར་བ་མིག་གི་དགའ་སྟོན་ཏུ་གྱུར། ”ལོན་ཏོན་དུ་རྟེན་གཞི་བྱས་པའི་བོད་དབང་ཁེ་མེད་ཚོགས་པའི་ལས་འགུལ་དོ་དམ་པ་ཇོན་ རྗོན་སིས་(John Jones)། “བརྙན་འཕྲིན་ལེ་ཚན་རྡི་སེམ་སོན་(The Simpsons)ལྟ་བུའི་ནང་དུ་བོད་དང་འབྲེལ་བའི་རིག་གཞུང་ལུང་འདྲེན་བྱས་པ་དང་། བོད་རང་དབང་ཞེས་པའི་འབོད་ཚིག་དེ་ས་ཁྱབ་རྡོ་ཁྱབ་རེད།”

ཡིད་སྐྱོ་བ་ཞིག་ལ། ༢༠༢༠་ལོར། བོད་རང་བཙན་གྱི་རྩ་དོན་ནི་འདས་པའི་གཏམ་རྒྱུད་ཅིག་རེད་ལ། བོད་མི་ཚོ་ནི་ད་དུང་ཡང་རྒྱའི་དབང་འོག་ཏུ་ཡོད་པས། འགྱུར་བ་ཆེན་པོ་ཕྱིན་མེད། མ་ཟད། རྒྱལ་སྤྱིའི་རང་བཞིན་ཅན་གྱི་འཐབ་རྩོད་ཀྱང་ཉམས་ནས་ཤབ་ཤུབ་ཏུ་གྱུར། ༢༠༡༦་ལོར་རྒྱ་ནག་གིས་བྷི་ར་ ཕེ་ཐི་ཡི་མིང་མགྲོན་པོའི་ཐོ་ནང་དུ་བཅུག་སྟེ། ཁོང་གིས་འཁྲབ་སྟོན་བྱས་པའི་འཛམ་གླིང་དམག་ཆེན་གཉིས་པའི་སྐོར་གྱི་སེམས་ངར་སློང་བའི་གློག་བརྙན་མནའ་འབྲེལ་(Allied)ཁྱབ་བསྒྲགས་བྱེད་ཆེད་པེ་ཅིང་དུ་ཡོང་བཅུག ཁོང་ལ་གློག་བརྙན་དེའི་སྐོར་བཤད་རྒྱུ་མང་པོ་ཡོད། བོད་རང་བཙན་གྱི་གནད་དོན་འབྲེལ་བའི་ཐོག་ནས། ཁོང་གིས་མངོན་གསལ་དོད་པོའི་ཐོག་ནས་ངག་སྒོ་བསྡམས་ཏེ་བསྡད།

ད་ལྟའི་ཆར། བོད་ནི་གལ་ཆེ་ཆུང་གི་ཐོ་གཞུང་གི་མཇུག་ཏུ་ཡོད། འཛམ་གླིང་གིས་མི་རིགས་དབྱེ་འབྱེད་དང་དེའི་དུག་ཁ་ཅན་གྱི་བྱས་རྗེས་ཀྱི་ཁ་གཏད་དུ་ལངས་བཞིན་པའི་སྐབས་སུ། བོད་རང་དབང་གི་ལས་འགུལ་ཉམས་ཆགས་སུ་ཕྱིན་པ་དེས་མི་རབས་གཅིག་གི་ནང་གི་འགྱུར་བ་ལ་ཤུགས་རྐྱེན་ཐེབས་པའི་གོ་སྐབས་ནི་དཀོན་པོ་དང་རིན་ཐང་ཅན་ཞིག་ཡིན་པ་དྲན་སྐུལ་བྱེད་ཀྱི་ཡོད། གོ་སྐབས་དམ་འཛིན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་རེད། གང་ལེགས་ཞེ་ན། གོ་སྐབས་དེ་སླར་ཡང་ཡོང་མི་སྲིད་པ་རེད།

༡༩༩༠་གོ་གྲངས་ནང་དུ། བོད་རང་དབང་ཀུན་ཁྱབ་ཀྱི་རྣམ་པ་དེ་འུད་སྒྲོབ་ཤོད་པ་ཞིག་མ་རེད། དམར་སྔོན་གྱི་རི་མོ་བཀྲག་མདངས་ཅན་ལྡན་པའི་བོད་ཀྱི་གངས་སེང་གི་རྒྱལ་དར་ནི། སྤྱི་ཚོགས་ཀྱི་གནས་བབ་ལ་དོ་འཁུར་ཅན་གྱི་མི་རྣམས་འཛོམས་འཛོམས་གང་དུ་བྱས་ཀྱང་མཐོང་རྒྱུ་ཡོད།

རྒྱ་ནག་གིས་བོད་ནང་དུ་བྱུང་བའི་ངོ་རྒོལ་ལས་འགུལ་རྣམས་དྲག་པོའི་བཙན་གནོན་བྱས་པས། བོད་དོན་ལས་འགུལ་ནི་༡༩༨༠་གྱ་གྲངས་ཀྱི་མཇུག་ཏུ་འགོ་བཙུགས། འོན་ཀྱང་། བྷས་སི་གྲེ་  བྷོ་ཨེ་སི་ཡི་ཨ་དམ་ ཡོ་ཆིས་(Adam Yauch)མཉམ་ཞུགས་བྱས་པ་ལས་སྤྱི་ཡོངས་སུ་ཁྱབ་འགོ་བརྕམས།

༡༩༩༢་ལོར་ཨ་དམ་ ཡོ་ཆི་ནི་བལ་ཡུལ་ཀ་ཏི་མན་གྲི་ལ་ཡོད་ལ། ཁོང་ནི་ན་གཞོན་ལས་འགུལ་བ་ཨེ་རེན་ པོ་ཐི་(Erin Potts)དང་མཉམ་དུ་ཡོད། “ང་ནི་བྷས་སི་གྲེ་  བྷོ་ཨེ་སི་རྣམས་ཀྱི་རོལ་དབྱངས་ལ་དབྱིངས་ཞུགས་མེད་པས། ངས་ཚོད་དཔག་ལྟར་ན། དེ་ནི་ཆེས་ཕྱི་འབྲེལ་རང་བཞིན་གྱི་ཐབས་ལམ་ཐོག་ནས་སྐད་ཆ་བཤད་སྟངས་ཤིག་རེད།” ཨེ་རེན་ པོ་ཐི་ཡིས་ཨ་རིའི་བརྙན་འཕྲིན་ལས་རིམ་པི་ཨར་ཨེ་(PRI)ལ་ “ངས་རོལ་ཚོགས་དེ་དང་མཉམ་དུ་ཅི་ཡང་བྱེད་འདོད་མ་སྐྱེས།”ཞེས་བཤད།

ཁོང་གཉིས་ཀྱིས་ཁ་བརྡ་བྱས་ནས། ཁ་བརྡའི་ཁ་ཕྱོགས་གྲོང་ཁྱེར་གང་ས་ནས་ཐུག་པའི་བོད་མི་སྐྱབས་བཅོལ་བ་ཚོས་སྒང་ལ་བབས། བོད་མི་སྐྱབས་བཅོལ་བ་ཚོས་རེ་ཟད་ཀྱི་རྣམ་པས་ཁོང་གི་ཡིད་སེམས་བསྒུལ་བས། དེའི་སྐོར་ལ་རྒྱུས་ལོན་བྱེད་འདོད་བྱས། ཁོང་དང་པོ་ཏི་གཉིས་ཀྱིས་མུ་མཐུད་འབྲེལ་ལམ་བཙུགས། ༢༠༡༢་ལོར། རང་ལོ་༤༧་ཐོག་ཁོང་སྐྲན་ནད་ཀྱིས་རྐྱེན་འདས་སུ་མ་སོང་བའི་སྔོན་དུ་ནང་ཆོས་ལ་ཞུགས།

“ང་ནི་ལས་འགུལ་བ་ཞིག་ཡིན་ལ། ཁོང་ནི་རོལ་དབྱངས་བ་ཞིག་རེད། ངེད་གཉིས་མཉམ་དུ་ཡོད་ཚེ། ཅི་ཞིག་བྱེད་ཐུབ་ཀྱི་རེད་དམ། ངེད་གཉིས་ཀྱིས་བྱེད་ཐུབ་པ་གཅིག་ནི། རོགས་སྐྱོར་རོལ་དབྱངས་འདུ་འཛོམས་ཤིག་ཡིན་པ་གསལ་བོ་རེད།”

དུས་སྐབས་དེར་རྒྱ་ནག་ནི་ས་གནས་སྟོབས་ཤུགས་(regional power)ཙམ་རེད། ནུབ་ཕྱོགས་ཀྱི་ཐོན་རྫས་དང་ཞབས་ཞུ་ཡི་ཁྲོམ་ར་ཞིག་ཡིན་པས་ཆ་ནས། གནད་འགག་ཆེན་པོ་རེད།  དེར་བརྟེན། ཡོ་ཆི་དང་པོ་ཐི་གཉིས་ཀྱིས་༡༩༩༦་ལོར་སེན་ཕི་རེན་སེ་སི་ཁོའི་(San Francisco)གསེར་གྱི་རྒྱ་སྒོའི་གླིང་ག་རུ་བོད་རང་དབང་རོལ་དབྱངས་འདུ་འཛོམས་དང་པོ་བཀོད་སྒྲིག་བྱས་སྐབས། རྒྱ་ནག་གིས་ངོ་རྒོལ་ཆེན་པོ་བྱས་མེད།

རྒྱ་ནག་ལ་རྒོལ་གཏམ་གླེང་མཁན་བྷས་སི་གྲེ་  བྷོ་ཨེ་སི། རེད་ཧད་ཆེ་ལེ་ཕེ་ཕིར་(Red Hot Chili Peppers) བྷི་ཇོར(Bjork)། སི་མེ་ཤེང་ པམ་གེན་(Smashing Pumpkins)དང་འཛུལ་ཞུགས་པ་གཞན་པ་ཚོར་བལྟ་རུ་མི་ཚོགས་ཁྲི་བཅུ་ཙམ་སླེབས། རོལ་དབྱངས་འདུ་འཛོམས་འདིས་བོད་རང་དབང་དོན་དུ་ཨ་སྒོར་ཁྲི་༨༠་མཁོ་སྒྲུབ་བྱས། རོལ་དབྱངས་འདུ་འཛོམས་གཞན་པའང་མུ་མཐུད་བཀོད་སྒྲིག་བྱས་ཏེ། ༡༩༩༨་ལོར་བོད་རྒྱལ་དར་གྱི་རྒྱབ་ཡོལ་མདུན་དུ་རེ་གྲི་ཡོ་ ཧེ་ཏི་ཡི་ཐོམ་ཡོར་ཁེ་(Thom Yorke of Radiohead)དང་མཉམ་དུ་གླུ་དབྱངས་བླངས།

“ཡོ་ཆི་ནི་བོད་རང་དབང་རོལ་དབྱངས་འདུ་འཛོམས་བཀོད་སྒྲིག་བྱེད་མཁན་གཙོ་བོ་ཆགས་ཡོད།   ཚ་ཚ་འུར་འུར་ཡིན་པའི་སྐབས་སུ། རོལ་དབྱངས་འདུ་འཛོམས་འདི་དག་གི་ནང་དུ་འཛམ་གླིང་གི་རོལ་དབྱངས་བ་གྲགས་ཅན་ཁག་གཅིག་གིས་ཆ་ཤས་བླངས། བྷི་ར་ ཕེ་ཐི་དང་ཇེ་ནེ་ཕིར་ ཨེ་ནེ་སི་ཐོན་(Jennifer Aniston)གཉིས་ཀྱིས་དུས་གཅིག་ཏུ་མཉམ་འཛོམས་བྱས་པའང་རོལ་དབྱངས་འདུ་འཛོམས་གཅིག་གི་སྐབས་སུ་བྱུང་།”བོད་རང་དབང་ཚོགས་པའི་རྗོན་ ཇོན་སིས་བཤད།

གོང་ས་ཏཱ་ལའི་བླ་མས་འཛམ་གླིང་གི་ཆོས་ཀྱི་དབུ་ཁྲིད་སྐད་གྲགས་ཆེ་ཤོས་ཡེ་ཤུའི་བླ་ཆེན་ཇོན་པོལ་ཐོས་(John Paul II)ཀྱི་གོ་གནས་ལ་འཛེགས། ཁོང་གི་མི་ཚེའི་སྟོད་ཀྱི་ལོ་རྒྱུས་ཧོ་ལེ་ ཝོས་གྲིའི་གློག་བརྙན་ཆེན་པོ་གཉིས་ཀྱི་ནང་དུ་ཐོན་པས། ཁོང་ནི་མི་སྣ་སྐད་གྲགས་ཆེན་པོ་ལྟར་མཚན་སྙན་རྒྱས་པའི་ཆོས་ཀྱི་དབུ་ཁྲིད་ཅིག་ཡིན། ཁོང་གི་༡༩༩༨་ལོའི་མི་གཞི་ཡར་རྒྱས་(self help)གཏོང་བའི་དཔེ་དེབ་བདེ་སྐྱིད་ཀྱི་སྒྱུ་རྩལ་འཛམ་གླིང་སྤྱི་ཡོངས་སུ་སྐད་གྲགས་རྒྱས་ཏེ། ས་ཡ་༢་ལྷག་བྲིན་ཡོད།

“གློག་བརྙན་གཉིས་ཀྱི་ནང་དུ། ནུབ་ཕྱོགས་པའི་ལྟད་མོ་བ་ཚོའི་མིག་མདུན་དུ་བོད་ཀྱི་རིག་གཞུང་དང་ས་བབ་ཆགས་ཚུལ་བསྟན་པས། ཁོང་ཚོའི་བློ་སེམས་བཀུག་ལ་ཡིད་དབང་འཕྲོག ང་ཚོའི་རྒྱབ་སྐྱོར་བ་རྩེ་གྲས་ཁག་ཅིག་གིས་བརྗོད་དོན་ལྟར་ན། ཁོང་ཚོའི་ཀུན་སློང་གཙོ་བོ་ནི་བསྲི་ལྷད་མ་ཞུགས་པའི་ཁོར་ཡུག་དང་། གནའ་བོའི་རིག་གཞུང་འདི་རྩ་མེད་བཟོ་བའི་ཉེན་ཁའི་འོག་ཏུ་ལྷུང་སྲིད་པ་དེ་རེད། སྐུ་མདུན་དང་བོད་ནང་ལོ་བདུན་ནང་དུ་ཏཱ་ལའི་བླ་མའི་ལོ་རྒྱུས་གཙོར་བཟུང་བྱས་ཡོད་ལ། ཁོང་ནི་བོད་མི་ཆེས་སྐད་གྲགས་ཆེ་ཤོས་དེ་རེད་ལ། ཁོང་མཚན་སྙན་རྒྱས་པར་ཕན་ཐོགས་ཆེན་པོ་བྱུང་།”བོད་རང་དབང་ཚོགས་པའི་རྗོན་ ཇོན་སིས་བཤད།

འཛམ་གླིང་གང་ས་གང་ནས་སྲིད་བློན་དང་སྲིད་འཛིན་ཚོས་རྒྱལ་བ་རིན་པོ་ཆེར་དགའ་མོས་བྱས།   ཁོང་གིས་ཡང་ནས་ཡང་དུ་བྷས་སི་གྲེ་  བྷོ་ཨེ་སི་ལས་ཀྱང་བོད་རང་བཙན་གྱི་གནད་དོན་རྒྱ་ཁྱབ་ཏུ་བསྒྲགས་པའི་རི་ཆ་སྒྲི་ སྒིར་དང་མཉམ་དུ་མི་ཚོགས་ཀྱི་མདུན་དུ་བཞེངས།རི་ཆ་སྒྲི་ སྒིར་གྱིས་རང་ཉིད་བློས་བཏང་བྱས་ནས་བོད་དོན་གླེང་ཡོད། ཁོང་གིས་༡༩༩༣་ལོའི་ཨོ་སུ་ཁར་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་སྟེང་བོད་དོན་གླེང་བས། བཀོད་སྒྲིག་པ་ཚོར་ཁོང་ཁྲོ་བསླངས། སྒྱུ་རྩལ་འཁྲབ་ཁྲིད་པ་ལེགས་ཤོས་ལ་གཟེངས་རྟགས་སྤྲོད་པར་གདན་འདྲེན་བྱས་ཀྱང་། ཁོང་གིས་རམ་འདེགས་འཕྲུལ་ཆས་ནང་དུ་གསལ་བའི་ནང་དོན་བསྒྲགས་རྒྱུའི་ཚབ་ཏུ། རྒྱ་ནག་གིས་བོད་དབང་དུ་བསྡུས་བར་སྐྱོན་བརྗོད་བྱས། “སྐྱི་གཡའ་བའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས།”རེད་ཅེས་བཤད།

དོན་རྐྱེན་འདིས་ཨོ་སི་ཁར་བཀོད་སྒྲིག་པར་ཁོང་ཁྲོ་བསླངས། སུ་སན ས་རན་ལྡོན་(Susan Sarandon)དང་ཐེམ་རོ་བྷེན་(Tim Robins)གཉིས་ཀྱིས་མཛད་སྒོའི་དེའི་སྟེང་དུ་ཧེ་ཐིའི་སྐྱབས་བཅོལ་བ་(Haitian refugees)ཚོའི་ཚབ་བྱས་ནས་བདེ་སྡུག་བཤད་པས་དེ་ལས་ཁོང་ཁྲོ་ཤུགས་ཆེར་བསླངས། ཁོང་ཚོ་གསུམ་ཀ་འབྱུང་འགྱུར་གྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོར་ཞུགས་མི་ཆོག་པ་བཟོས། (རྗེས་སུ་རིམ་བཞིན་ཆ་ཤས་ལེན་ཆོག་པ་བཟོས།) ཡིན་ན་ཡང་། རི་ཆ་སྒྲི་ སྒིར་གྱིས་བསྐྱར་ཞུགས་བྱེད་རྒྱུར་ངོས་ལེན་མ་བྱས་ལ། པེ་ཅིང་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་བྱས། ༢༠༡༧་ལོར་ཁོང་གིས་དོན་རྐྱེན་འདིས་རྐྱེན་པས་ཁོང་གི་བྱ་བ་གནོད་བསྐྱལ་ཡོད་པ་བཤད་འདུག

“ངས་འཁྲབ་སྟོན་པའི་ཆ་ཤས་ལེན་མི་ཐུབ་པའི་གློག་བརྙན་ཁག་གཅིག་ཡོད་པ་ནི་ཨ་ཅང་ཅང་རེད། རྒྱུ་མཚན་ནི། རྒྱ་ནག་གིས་ཁོང་དང་མཉམ་ལས་མི་བྱེད་ཟེར་རྒྱུ་རེད།” རི་ཆ་སྒྲི་ སྒིར་གྱིས་༢༠༡༧་ལོར་ཧོ་ལེ་ཝོས་གྲིའི་གསར་འགོད་པར་བརྗོད་འདུག “ཉེ་ཆར་ངས་ཆ་ཤས་ལེན་རྒྱུ་བྱས་པའི་འཁྲབ་ཚན་ཞིག་ཡོད། མ་རྩ་འཛུགས་མཁན་ཞིག་གིས་ཁོང་ཚོས་གློག་བརྙན་འདིར་མ་འཛུགས་བྱེད་མི་ཐུབ། རྒྱུ་མཚན་ནི་ངས་འཁྲབ་སྟོན་བྱས་པ་དེས་རྒྱ་ནག་གི་སེམས་ཁ་དཀྲུག་གི་རེད། ”

༢༠༢༠་ལོར་རྒྱ་ནག་གི་སེམས་ཁ་དཀྲུག་པ་དེས་༡༩༩༧་ལོའི་མཇུག་འབྲས་ལས་ཤུགས་ཆེ་བ་ཧ་ཅང་ཅང་། རྒྱ་ནག་རྒྱབ་ཁབ་ཀྱི་རྒྱལ་སྤྱིའི་ནང་གི་ཤུགས་རྐྱེན་ཆེ་རུ་སོང་བ་དང་མཉམ་དུ། བོད་དོན་གྱི་གལ་འགངས་ཉམས་ཆགས་སུ་ཕྱིན་པ་རེད། ༢༠༡༦་ལོ་ནས་བཟུང་རྒྱལ་སྤྱིའི་འགོ་ཁྲིད་གཅིག་གིས་ཀྱང་གོང་ས་ཏཱ་ལའི་བླ་མར་མཇལ་ཁ་ཞུས་མེད། རྒྱ་ནག་ནི་ཧོ་ལེ་ ཝོས་གྲིའི་ཁྲོམ་ར་ཆེ་ཤོས་ཆགས་བཞིན་པའི་སྐབས་སུ། ད་ཆ་རྒྱ་ནག་གི་སེམས་ཁམས་དཀྲུག་རྒྱུ་ནི་གྱོང་གུད་ཆེན་པོ་ཞིག་རེད།དེ་འདྲའི་སེམས་ཁྲལ་ནི་བསམ་ཤེས་བྱེད་ཆོག་པ་ཞིག་རེད། པེ་ཅིང་གིས་རྒྱ་ནག་གཞུང་དང་འགལ་རྐྱེན་གྱི་གནད་དོན་ཡོད་པའི་གློག་བརྙན་བཀག་འགོག་བྱེད་རྒྱུར་ཐེ་ཚོམ་མི་བྱེད། དཔེར་ན། ཇེམ་སི་ བྷོན་གྲི་(James Bond)ཡི་གློག་བརྙན་སི་ཁེ་ ཧྥོལ(Skyfall)ནི་གློག་བརྙན་ནང་དུ་མའ་ཁོའི་(Macau)ནང་གི་སྨད་ཚོང་མ་ཡོད་རབས་ཀྱི་ཚན་པ་དེ་བསུབ་པའི་ཆེད་དུ་རྒྱ་ནག་གི་ཁྲོམ་དུ་དགྲམ་རྒྱུ་ལོ་གཅིག་ཙམ་ཕྱི་སྣུར་བྱས།

༢༠༡༢་ལོར་བསྐྱར་ཕབ་བྱས་པའི་ལོ་རབས་བརྒྱད་ཅུའི་ནང་གི་དྲག་རྩལ་གློག་བརྙན་སྐྱ་རེངས་དམར་པོ་ཞེས་པའི་ནང་དུ། བྱང་ཀོ་རི་ཡ་ནི་རྒྱ་ནག་གི་དགྲ་མིན་པར་ཨ་རིའི་དགྲ་ཡིན་པ་བསྐྱར་བཅོས་བྱས། ༢༠༡༩་ལོའི་ལྡི་རེམ་ ཝོར་ཁིས་(Dream Works)ཕབ་བསྐྲུན་བྱས་པའི་འགུལ་རིས་གློག་བརྙན་ཨེ་བྷོ་མེས་ནེ་བྷིལ་(Abominable)ནང་གི་མི་སྣ་གཙོ་བོ་ཧང་ཧྲེ་ནས་ཧི་མ་ལ་ཡར་འགྲུལ་བཞུད་བྱས་པའི་ནང་དུ། ཧི་མ་ལ་ཡའི་རི་རྒྱུད་ཡོད་ས་ནི་བོད་ཀྱི་ས་ཆ་ཡིན་པ་ཟུར་འཕྲོས་ཙམ་ཡང་བྱས་མེད་པར། དེ་ནི་རྒྱ་ནག་གི་ཆ་ཤས་ཁོ་ན་རུ་བསྟན་ཡོད། ལོ་ངོ་ཉི་ཤུ་རྩ་ལྔའི་སྔོན་དུ་དེ་འདྲ་བྱུང་མི་སྲིད།

“ཉེ་བའི་ལོ་ཤས་ནང་དུ། རྒྱ་ནག་གི་ཤུགས་རྐྱེན་ནི་ཆབ་སྲིད་ཐད་ནས་ཇེ་ཆེར་ཕྱིན་པ་ཙམ་མིན་པར། རིག་གཞུང་གི་ཐད་ནས་ཀྱང་ཇེ་ཆེར་ཕྱིན་འདུག ”ཅེས་ཇོན་གྱིས་བཤད། ཧོ་ལེ་ ཝོས་གྲི་ཡི་གློག་བརྙན་ཅི་ཞིག་ཡིན་ཡང་། ཡོང་འབབ་བསག་པར་རྒྱ་ནག་ནང་དུ་སྟོན་དགོས། བྱ་བ་དེ་བསྒྲུབ་པར་གློག་བརྙན་གྱི་ནང་དོན་ཐད་ནས་སྙོམས་སྒྲིག་བྱེད་དགོས་ལ། འཁྲབ་སྟོན་པ་ཚོས་ཀྱང་གཟབ་གཟབ་བྱེད་དགོས། ཁོང་ཚོས་དངོས་སུ་བོད་དང་རྒྱ་ནག་གི་གནད་དོན་གླེང་ནས་རང་གི་བྱ་བ་ཉེན་ཁའི་གནས་སུ་བསྐྱལ་འདོད་དམ། རི་ཆ་སྒྲི་ སྒིར་གྱིས་མུ་མཐུད་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྲགས་ཅན་ཞིག་རེད། འོན་ཀྱང་། ཁོང་གིས་བརྗོད་དོན་ལྟར་ན། ཁོང་གིས་བོད་དོན་ལ་བཟུང་བའི་རྣམ་འགྱུར་གྱིས་རང་གི་བྱ་བ་བློས་བཏང་དགོས་ཐུག་བྱུང་ཞེས་བརྗོད་བྱུང་།“ཨ་དམ་ ཡོ་ཆི་ནི་ཡིད་སྐྱོ་བའི་ངང་ནས་འཇིག་རྟེན་དང་ཁ་བྲལ་ཡང་། བོད་རང་དབང་རོལ་དབྱངས་འདུ་འཛོམས་བསྐྱར་ཏུ་བཀོད་སྒྲིག་བྱེད་ཆོག ཡིན་ནའང་། དགུ་བཅུ་གོ་གྲངས་ནང་དུ་འཁྲབ་སྟོན་བྱེད་མྱོང་བའི་སྒྱུ་རྩལ་བ་ལྟ་བུའི་སྐད་གྲགས་ཅན་རྣམས་ཀྱིས་ཆ་ཤས་ལེན་རྒྱུ་ནི་ཁག་པོ་རེད། ང་ཚོས་ད་ལྟའི་ཆར་རིག་གཞུང་ཉམས་ལེན་བྱེད་སྟངས་ཀྱི་ཞིབ་ཕྲའི་རྣམ་པར་བལྟས་ན། དེ་སྔའི་དོ་སྣང་གཅིག་པ་འདྲེན་ཐུབ་བམ། ”

བོད་དོན་ཀྱི་གནས་བབ་ཉམས་བཞིན་པའི་རྒྱུ་རྐྱེན་གཞན་ཞིག་ཏུ་ངོས་འཛིན་བྱེད་འོས་པ་ནི། ཏོ་ནོལ་ ཐི་རམ་ཕུ་(Donald Trump)དང་རྒྱ་ནག་དབར་གྱི་ཛ་ཇེ་དྲག་ཏུ་འགྲོ་བཞིན་པའི་མི་མཐུན་ཕྱོགས་རེད། ཐི་རམ་ཕུས་རྒྱ་ནག་ལ་ཁ་གཏད་གཅག་རྒྱུ་དང་། རྒྱ་ནག་གིས་ཨ་རིར་ཐེབས་བཞིན་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་རྒྱུ་ཚུད་པའི་དམ་བཅའ་དག་ལ་བརྟེན་ནས་འོས་ཤོག་ཐོབ་ཏེ་ཕོ་བྲང་དཀར་པོར་འཛུལ། འོན་ཀྱང་། ཁོང་གི་ལངས་ཕྱོགས་དེ་ནི་ཧ་ཅང་དུག་ཁ་ཅན་ཞིག་ཡིན་པས། གཡོན་ཐལ་རིང་ལུགས་པའི་ལས་འགུལ་བ་དག་གིས་ཀྱང་ཁོང་གི་རྒྱབ་ཏུ་ལངས་རྒྱུར་ཐེ་ཚོམ་བྱེད།

ཇོན་གྱིས་མུ་མཐུད་བཤད་རྒྱུར། “ཆབ་སྲིད་ཀྱི་དངོས་ཡོད་གནས་བབ་ཀྱིས་ཀྱང་བཀག་རྒྱ་བཟོས་ཡོད། ད་ལྟའི་ཆར། ང་ཚོ་ནི། སི་རི་ཡའི་ནང་འཁྲུག་དང་། ཡོ་ཁེ་རེན། ཡེ་མན། ཡང་ན། གོ་ལའི་ཚ་དྲོད་འཕར་བ་དང་། ཀོ་ཝེ་༡༩་ལྟ་བུའི་འཛམ་གླིང་གང་སར་ཁྱབ་པའི་ཡོངས་ཁྱབ་ཀྱི་གསར་འགྱུར་གྱིས་ཁེངས་ཡོད།”

“དངོས་ཡོད་གནས་སྟངས་བཙན་པོ་དེ་གང་རེད་ཞེ་ན། བོད་ཀྱིས་གཞན་གྱི་དོ་སྣང་སླེབས་ཆེད་གནད་དོན་འདི་དག་དང་འགྲན་སྡུར་བྱེད་དགོས། བོད་ལ་མི་འདང་བ་ཞིག་ཡོད་པ་ནི་གནས་ཚུལ་ཁྱབ་བསྒྲགས་རེད། རྒྱ་ནག་གིས་བོད་འདི་འཛམ་གླིང་དུ་ཁྱབ་པའི་སྒོ་བརྒྱབ་ཡོད། ཡུལ་སྐོར་སྣེ་ཤན་པ་མེད་པར་བོད་ལ་ཡུལ་སྐོར་བྱེད་མི་ཆོག་པ་བཟོས་ཡོད་ལ། བོད་སྐོར་གྱི་གནས་ཚུལ་ཅི་ཉུང་གང་ཉུང་ཕྱི་ལ་མི་ཁྱབ་པའི་ཆེད་དུ། བོད་མི་ཚོའི་ཁ་པར་དང་དྲ་རྒྱ་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད། ད་ལྟའི་ཆར་བོད་ནས་གནས་ཚུལ་ཐོས་རྒྱུ་ནི་བྱང་ཀོ་རི་ཡ་ལས་གནས་ཚུལ་རག་རྒྱུ་ལྟར་ཁག་པོ་ཡིན། གལ་ཏེ། མི་ཚོས་བོད་སྐོར་གྱི་གནས་ཚུལ་མ་གོ་ན། ཁོང་ཚོས་བོད་དོན་ལ་མཉམ་ཞུགས་མི་བྱེད་ལ། རོགས་རམ་བྱེད་འདོད་ཀྱང་མི་བྱེད། ”

མ་རྩོམ་གྱི་དྲ་འབྲེལ། https://www.telegraph.co.uk/films/0/cause-hollywood-forgot-free-tibet-movement-fizzled/

[1] ཧོ་ལེ་ ཝོས་གྲི་ལ་དམའ་འབེབས་བྱེད་སྐབས་སུ་འབོད་པའི་མིང་ཞིག་ཡིན།

The post ཧོ་ལེ་ཝོས་གྲིས་བརྗེད་པའི་རྩ་དོན། appeared first on བོད་ཀྱི་དུས་བབ།.

དྷ་རམ་ས་ལར་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་སྲུང་གཙི་གནང་།

$
0
0

དེ་རིང་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་དང་བསྟུན་དྲང་བདེན་ལ་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གིས་འདས་པའི་མི་ལོ་ ༦༠ རིང་བོད་ནང་དྲང་བདེན་མིན་པའི་བྱ་སྤྱོད་གདུག་རྩུབ་ཅན་ལག་ལེན་བསྟར་མུས་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།དེ་རིང་ཕྱི་ཚེས་ ༡༧ ཉིན་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་དང་བསྟུན། བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་ལྔ་ཡིས་དྲང་བདེན་མིན་པའི་རྒྱ་ནག་དེ་དྲང་བདེན་གྱི་ཉེན་ཁ་རེད་ཅེས་པའི་འབོད་ཚིག་བསྒྲགས་ཏེ། རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་སོང་བ་དང་། རྒྱ་གར་ནང་ཡོད་པའི་རྒྱལ་སྤྱིའི་གཞུང་ཚབ་ཁང་ཁག་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྡེ་ཚན་བཅས་ལ་སྦྲག་ཐོག་དང་མྱུར་འཕྲིན་བརྒྱུད། དམིགས་བསལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ལ་རྟོག་ཞིབ་དང༌། རྒྱབ་སྐྱོར་ཡོང་བའི་ཞུ་གཏུགས་ཀྱི་སྙན་ཐོ་ཤོག་གྲངས་ ༢༠ ཙམ་ཡོད་པ་ཞིག་འབུལ་རྒྱུ་ཡིན་འདུག

ཚོགས་པ་ལྔའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་བསྒྲགས་གཏམ་ནང་། འདས་པའི་མི་ལོ་ ༦༠ ལྷག་གི་རིང་རྒྱ་ནག་དམར་པོའི་སྲིད་གཞུང་གི་བཙན་གནོན་འོག བོད་ནང་གི་བོད་མི་ཚོས་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པ་དང་། ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོ་གར་སོང་ཆ་མེད་དུ་གྱུར་བ། དམིགས་བསལ་འདི་ལོ་རྒྱ་དམར་གཞུང་གི་ཏོག་དབྱིབས་ནད་ཡམས་ལ་ཁག་དཀྲིས་ཏེ་བོད་ནང་དད་ལྡན་སེར་སྐྱ་མང་ཚོགས་རྣམས་དགོན་པར་ཆོས་མཇལ་དང་། ཆོས་ཕྱོགས་དང་འབྲེལ་བའི་འདུ་འཛོམས་སོགས་ལ་བཀག་འགོག་དང་དམ་དྲག་ཧ་ཅང་བྱེད་བཞིན་པ། རྒྱལ་ཁབ་བདེ་འཇགས་ལ་ཁག་དཀྲིས་ཏེ་ཕྱི་ཕྱོགས་ཀྱི་དྲ་རྒྱའི་བརྒྱུད་ལམ་ཡོངས་སུ་བཀག་འགོག་དང་། དམིགས་བསལ་ཕྱི་ཕྱོགས་ལ་གཉེན་འབྲེལ་ཡོད་པའི་ནང་མིའི་རིགས་ལ་ལག་ཐོགས་ཁ་པར་ཡན་ཆད་སྔོག་བཤེར་གྱིས་སུན་གཙེར་བཟོ་བཞིན་པ། བོད་ནང་དགོན་སྡེ་གྲྭ་ཚང་དང་མི་མང་འདུ་འཛོམས་སོགས་གང་སར་ཁ་བྲལ་ལ་ངོ་རྒོལ་དང་། རྒྱལ་གཅེས་ཆོས་གཅེས། དུས་རབས་གསར་པའི་སློབ་གསོ། ཆོས་ལུགས་ལས་དོན། དར་ཆ་གསལ་སྟོན་སོགས་ཀྱི་མིང་ཐོག་ནས་ཆེད་དུ་༧གོང་ས་མཆོག་ལ་མཚན་སྨད་ཞུ་དགོས་པའི་བཙན་བཀའ་བཏང་བ་སོགས་ཧ་ཅང་ཡིད་སྐྱོ་དགོས་པའི་ཛ་དྲག་གནད་དོན་དེ་དག་རྒྱ་དམར་གཞུང་གིས་འདས་པའི་མི་ལོ་ ༦༠ རིང་འཛམ་གླིང་རྒྱལ་སྤྱིའི་སྟེང་སྦས་སྐུང་བྱས་ཏེ་མགོ་སྐོར་གཏོང་བཞིན་ཡོད་ནི། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཀྱི་བྱས་ཉེས་འགེབ་སྲུང་བྱེད་བཞིན་པ་ལས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་ཡོད་སྐོར་བཀོད་འདུགགསར་འགོད་གསལ་བསྒྲགས་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། རྒྱ་དམར་སྲིད་གཞུང་གིས་ཐོག་མ་ཉིད་ནས་ནད་ཡམས་སྔོན་འགོག་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་ཁ་གསལ་མེད་པའི་ཁར། སྦས་གསང་བྱེད་ཐབས་བྱས་པ་དང༌། ནད་ཡམས་དང་འབྲེལ་བའི་གནད་དོན་ཁག་ལ་རྒྱལ་སྤྱིའི་སྒྲིག་འཛུགས་ལྡན་པའི་ཞིབ་འཇུག་ཚོགས་ཆུང་མ་བཏང་བར་བཀག་འགོག་བྱས་པ་སོགས་ཀྱི་རྐྱེན་པས། ད་ལྟའི་འཆར་འཛམ་གླིང་ཁྱོན་ཡོངས་ལ་ནད་ཡམས་དེས་དཀའ་ངལ་བསམ་ཡུལ་ལས་འདས་པ་ཞིག་འཕྲད་བཞིན་པ་དེ་དག་གི་ནག་ཉེས་དང༌། འགན་ཁུར་ཆ་ཚང་རྒྱ་ནག་དམར་པོའི་སྲིད་གཞུང་ནས་ཁུར་དགོས་པའི་ཐད། ཨ་རིའི་གཙོས་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་འཐུས་མི། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་དང་གསར་འགྱུར་བརྒྱུད་ལམ་ཁག མི་མང་བཅས་ནས་སྐྱོན་བརྗོད་དང་ངོ་རྒོལ་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པར་རྒྱབ་སྐྱོར་ཡོད་སྐོར་བརྗོད་སོང་།

དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། སྤྱིར་བཏང་གི་འཆར་གཞི་ནི་བཞུགས་སྒར་དྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔའི་རྒྱུན་ལས་དང་ལས་བྱེད་ཡོངས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་ཟས་བཅད་ངོ་རྒོལ་བྱེད་པའི་འཆར་གཞི་སྒྲིག་པ་ཡིན། འོན་ཀྱང་ས་གནས་ཀྱི་ཛ་དྲག་གི་གནས་སྟངས་དང་ལྷག་པར་དུ་ཉེན་རྟོག་པས་མི་མང་པོ་འཛོམས་མི་ཆོག་པའི་ལམ་སྟོན་གནང་བ་ལ་དང་ལེན་དང་གུས་བརྩི་བྱས་ཐོག་དེ་རིང་གསར་འགོད་གསལ་བསྒྲགས་དང་། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་ངག་བཅད་གུས་འདུད་བྱས་ཏེ་དེ་རིང་གི་ལས་འགུལ་མཇུག་སྒྲིལ་གྱི་ཡོད། ཅེས་དང་། རྒྱལ་སྤྱིའི་སྲིད་གཞུང་དང་སྒྲིག་འཛུགས་ཁག་ནས་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་ལ་གཟིགས་རྟོག་དང་དྲང་བདེན་ལ་རྒྱབ་སྐྱོར། བོད་མིའི་ལོ་རྒྱུས་ཀྱི་བདག་དབང་ཡོད་པའི་རང་དབང་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སྔར་ལྷག་ཤུགས་ཆེར་ཞུ་བཞིན་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། ཀླུ་མགོན་ཐར།

The post དྷ་རམ་ས་ལར་རྒྱལ་སྤྱིའི་དྲང་བདེན་ཉིན་མོ་སྲུང་གཙི་གནང་། appeared first on བོད་ཀྱི་དུས་བབ།.

ཞི་ཡི་འཕྲིན་ཡིག་དང་རྒྱ་ནག་གི་དཔལ་འབྱོར་འཇིགས་སྣང་།

$
0
0

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱལ་སྤྱིའི་ཚོང་ཚོགས་ལ་འཕྲིན་ཡིག་ཅིག་བཏང་སྟེ་ཕྱིའི་ཁེ་ལས་པ་ཚོ་རྒྱ་ནག་ནང་གཞི་ཚུགས་ཏེ་ཚོང་ལས་གཉེར་རྒྱུ་ནི་ཡང་དག་པའི་གདམ་ག་ཞིག་ཡིན་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན། རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གཙོའི་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞིན་ཅིན་ཕིན་གྱིས་གོ་ལའི་ཚོང་ཚོགས་(Global CEO Council)འགན་འཛིན་རྣམས་ལ་འཕྲིན་ཡིག་ཅིག་བཏང་སྟེ། རྒྱ་ནག་གིས་སྔར་བཞིན་དཔལ་འབྱོར་སྒོ་འབྱེད་ཀྱི་ལམ་ཁ་ཡངས་པོར་ཕྱེ་ཡོད་ལ། ཕྱི་རྒྱལ་གྱི་ཁེ་ལས་བཟོ་གྲྭ་ཁག་གིས་སྔར་བཞིན་རྒྱ་ནག་ནང་མ་འཛུགས་བྱས་པ་ཡིན་ན། རྒྱ་ནག་གིས་དཔལ་འབྱོར་ལམ་ལུགས་འགྱུར་བཅོས་མི་གཏོང་བར་ཚོང་ལས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་རྒྱུ་ཡིན་པས། ཕྱི་རྒྱལ་གྱི་ཁེ་ལས་པ་ཚོས་རྒྱ་ནག་ནང་མ་འཇོག་དང་ཚོང་ལས་གཉེར་བ་ནི་གདམ་ག་མ་ནོར་བ་ཞིག་སྐོར་བརྗོད་འདུག

ཞི་ཡི་འཕྲིན་ཡིག་དེའི་ནང་། རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་ལ་འཐབ་རྩོད་བྱེད་ཞོར་དཔལ་འབྱོར་གནས་བབ་ཡར་རྒྱས་ལ་ཤུགས་སྣོན་ཆེན་པོ་བྱེད་བཞིན་ཡོད་པས། རྒྱ་ནག་གི་དཔལ་འབྱོར་སྤྱི་ཡོངས་ནས་ལེགས་པའི་ཕྱོགས་སུ་འགྲོ་མགོ་ཚུགས་ཡོད་ལ། རྒྱ་ནག་གིས་སྔར་བཞིན་ཕྱི་རྒྱལ་གྱི་ཁེ་གཉེར་བ་ཚོ་དང་མཉམ་ལས་མཉམ་རྒྱལ་དང་། ཕན་ཚུན་ཞི་འགྲིག་ངང་འཕེལ་རྒྱས་སུ་གཏོང་བ་དང་རྒྱ་ནག་དང་ཕྱི་རྒྱལ་གྱི་ཁེ་གཉེར་བའི་བར་གོང་འཕེལ་དང་འཐུས་སྒོ་ཚང་བའི་ཁོར་ཡུག་བསྐྲུན་རྒྱུ་ཡིན་པས། ཕྱིའི་ཁེ་གཉེར་བ་ཚོས་རྒྱ་ནག་ནང་གཞི་ཚུགས་ཏེ་ཚོང་ལས་གཉེར་རྒྱུ་ནི་ཡང་དག་པའི་གདམ་ག་ཞིག་ཡིན་སྐོར་བརྗོད་འདུག

ཡང་ཁོས། དེང་གི་འཛམ་གླིང་འདིར་རྒྱལ་ཁབ་ཁག་གི་ཁེ་ཕན་མཉམ་འདྲེས་གཏིང་ཟབ་པ་དང་། མིའི་རིགས་ཀྱི་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཡིན་པས། མཉམ་ལས་མཉམ་རྒྱལ་ནི་འཕེལ་རྒྱས་ཀྱི་ལམ་ཁ་ཆེན་པོ་ཞིག་ཡིན་པས། རྒྱ་ནག་གིས་བློ་བརྟན་འགྱུར་མེད་ངང་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། ང་ཚོས་མཉམ་དུ་ཚོང་ལས་སྒོ་འབྱེད་ཀྱི་རྣམ་པ་ཡག་པོའི་ངང་ནས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་དང་། ཁྱེད་ཚོས་རྒྱ་ནག་ནང་ཁེ་ལས་སྤེལ་རེས་ཤུགས་ཆེར་བཏང་སྟེ། རྒྱ་ནག་ནང་སྔར་བཞིན་ཁེ་གཉེར་མ་འཇོག་བྱེད་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་འདུག

ཐེངས་འདིའི་ཞི་ཡི་འཕྲིན་ཡིག་དང་འབྲེལ། རྒྱལ་སྤྱིའི་ཚོས་ལས་དང་སྲིད་དོན་དབྱེ་ཞིབ་པ་ཚོས་ཉེ་བའི་ཉིན་ཤས་རིང་ནས་ཨ་རྒྱ་གཉིས་ཧོང་ཀོང་བདེ་འཇགས་ཁྲིམས་དང་། ཚོང་ལས་གྲོས་མོལ་ཡོང་བཞིན་མེད་པ་མ་ཟད། ཕྱོགས་གཉིས་ནས་བོད་དང་ཡུ་གུར་གྱི་གནད་དོན་དང་འབྲེལ་ནས་མཐོ་རིམ་མགོ་འཁྲིད་ཚོར་ཉེས་ཆད་གཅོད་རེས་བྱེད་བཞིན་པའི་དུས་སྐབས་འདིར། ཞི་ཡིས་རྒྱལ་སྤྱིའི་ཁེ་ལས་བ་ཚོར་ཆེད་དུ་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་འགྱུར་བཅོས་མི་གཏོང་བའི་ཁས་ལེན་དང་། རྒྱ་ནག་ནང་ཁེ་གཉེར་བྱས་ན་གདམ་ག་ནོར་མེད་པ་སོགས་རྒྱ་ནག་གི་དཔལ་འབྱོར་ཕྱོགས་ནས་ཉམས་ཉེས་འགྲོ་བཞིན་པའི་རྟགས་མཚན་དང་འཇིགས་སྣང་ཞིག་ཡིན་སྐོར་བརྗོད་བཞིན་ཡོད་འདུག

དེ་བཞིན་ཁ་སང་ནས་བཟུང་རྒྱ་ནག་ནང་ཟླ་གསུམ་རིང་གི་རྒྱ་ནག་གི་དཔལ་འབྱོར་གནས་ཚད་ ༣།༢ འཕར་ནས། སྔར་ལོའི་རྒྱ་ནག་གི་དཔལ་འབྱོར་དམིགས་ཚད་ ༦།༨ གྱི་གནས་བབ་ཁྲོད་བསླེབས་ཐུབ་མེད་ཀྱང་། སྤྱིའི་ཆ་ནས་ཏོག་ནད་ཀྱི་གནོད་སྐྱོན་ལས་དཔལ་འབྱོར་སླར་གསོ་ཐུབ་ཡོད་སྐོར་བརྗོད་བཞིན་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་ནང་ཕྱོགས་ཡོངས་ནས་ཆུ་ལོག་ཡོང་བཞིན་པ་དང་། ཨ་རི་དང་ཚོང་འབྲེལ་ཐད་ནས་ཨ་རིས་རྒྱ་ནག་ལ་དཔལ་འབྱོར་ཉེས་ཆད་བཅད་པ་དང་།  ཆུ་ལོག་རྐྱེན་གྱིས་ཞིང་ལས་དང་འབྲུ་རིགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པས། རྒྱ་ནག་གི་དཔལ་འབྱོར་བབ་གནས་ག་འདྲ་ཡིན་སུས་ཀྱང་ཚོད་དཔག་གི་གནས་སུ་ལྷུང་ཡོད་འདུག

ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཁ་རྡུང་ཤུགས་ཆེན་གཏོང་བཞིན་པ་དང་། རྒྱ་ནག་གིས་གནས་ཚུལ་དེས་ཁ་ཕྱོགས་གཞན་ལ་བསྒྱུར་ཐབས་སུ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ས་མཚམས་རྩོད་རྙོག་སློང་བ་སོགས་བྱས་ཀྱང་། དེ་ལས་ཀྱང་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་མཉམ་འབྲེལ་བྱེད་བཞིན་པ་སོགས། རྒྱ་ནག་ལ་ཕྱོགས་ཡོངས་ནས་དཀའ་ངལ་འཕྲད་བཞིན་ཡོད་པ་མངོན་གསལ་ཆགས་བཞིན་ཡོད་པ་མ་ཟད། རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེས་ཟེར་བས་གཏམ་བཤད་ཅིག་དང་འབྲེལ། ང་ཚོས་ཨ་རིའི་ཕྱོགས་ལ་ལྟ་ཚུལ་ཡག་པོ་འཛིན་བཞིན་ཡོད་ལ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་འགྱུར་མེད་གནས་ཐབས་དང་།  ང་ཚོར་མུ་མཐུད་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུའི་འདུན་པ་ཡོད་ཅེས་བརྗོད་ཀྱང་། ཁ་སང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྒྱ་ནག་ནི་རྒྱལ་སྤྱིའི་ཉེན་ཁ་ཞིག་ཆགས་ཡོད་པས། ད་ལྟ་འཛམ་གླིང་ཡོངས་ནས་རྒྱ་ནག་དམར་ཤོག་ཚོགས་པ་རྒྱབ་ཕྱི་རྒྱག་པའི་དུས་ལ་བབ་ཡོད་སྐོར་བརྗོད་པ་མ་ཟད། ཉིན་ཤས་སྔོན་ནས་ཨ་རིའི་སྲིད་འཛིན་ཀྱིས་ཀྱང་ད་ལྟ་ཁོང་གི་གཞུང་རྒྱ་ནག་བར་ལ་ཚོང་ལས་ཐད་ནས་སྐད་ཆ་བཤད་རྒྱུའི་འདོད་པ་རྩ་ནས་མེད་ལ། མ་འོངས་པར་འབྲེལ་ལམ་དེ་གཏན་གཅོད་བྱེད་སྲིད་པ་སོགས་ཀྱི་ཉེན་བརྡ་བཏང་ཡོད་པ་རེད།

ད་ལྟའི་ཆར་ཕྱོགས་ཡོངས་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་སུ་འགྲོ་བཞིན་ཡོད་པའི་རྟགས་མཚན་གཅིག་ནི་འདས་པའི་ཉིན་ཤས་ནས་བཟུང་རྒྱ་ནག་གཞུང་གིས། མི་མང་ལ་དངུལ་ཁང་ནས་དངུལ་ལེན་སྐབས་སྒོར་འབུམ་གཅིག་ལས་ལེན་མི་ཆོག་པ་བཟོས་ཡོད་པ་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་ ༥ ཙམ་ནས་རྒྱ་ནག་གི་ཚན་རིག་བརྟག་དཔྱད་ཁང་དང་བཟོ་ལས་ཁང་ཁག་ལ་དངུལ་གང་འདོད་གཏོང་བའི་ལས་གཞི་མཚམས་ཀྱིས་གྲོན་ཆུང་དགོས་པའི་སྐུལ་མ་དང་། མི་མང་ཁྲོད་རྒྱ་ནག་གི་དཔལ་འབྱོར་སླར་གསོ་ཡོང་བཞིན་པའི་དྲིལ་བསྒྲགས་དང་། ཆུ་ལོག་དང་རང་བྱུང་གནོད་འཚེས་ཞིང་ལས་དང་འབྲུ་རིགས་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཟ་འབྲུའི་ཐད་ནས་རྒྱ་ནག་རང་གིས་རང་ཁ་གསོ་ཐུབ་པས་མི་མང་ལ་འཇིགས་སྣང་མི་དགོས་ཚུལ་སོགས་ཤུགས་ཆེན་པོས་བསྒྲགས་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post ཞི་ཡི་འཕྲིན་ཡིག་དང་རྒྱ་ནག་གི་དཔལ་འབྱོར་འཇིགས་སྣང་། appeared first on བོད་ཀྱི་དུས་བབ།.

 རྒྱ་ནག་དམར་ཤོག་ཚོགས་མི་ཡོངས་རྫོགས་བཀག་སྡོམ་བྱ་རྒྱུའི་ཐད་གྲོས་བསྡུར།

$
0
0

ཨ་རིའི་གཞུང་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་ ༩༢ ལྷག་དང་ཁོ་ཚོའི་ནང་མི་སྤུན་མཆེད་བཅས་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་བྱ་རྒྱུའི་ཐད་ནང་ཁུལ་གྲོས་བསྡུར་གནང་གི་ཡོད་པའི་གནས་ཚུལ་ཐོན།ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས། ཨ་རིའི་གཞུང་གིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་མི་དང་། ཁོ་ཚོའི་ནང་མི་སྤུན་མཆེད་རྣམས་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་བྱ་རྒྱུ་ཡིན་མིན་ཐད་ནང་མོལ་བྱེད་བཞིན་ཡོད་སྐོར་གྱི་གནས་ཚུལ་སྤེལ་བ་དང་བསྟུན། ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གལ་ཏེ་བདེན་པ་ཡིན་ཚེ་སྟོབས་ཆེན་རྒྱལ་ཁབ་ཅིག་གི་བྱེད་སྟངས་དེ་ཧ་ཅང་ཡ་ང་བོ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་འདུག

ཨ་རིའི་ཧྥོག་སི་གསར་ཁང་ (Fox News) གིས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་ལགས་ལ་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་གིས་ཐད་ཀར་ལན་མ་སྤྲད་པར། ཨ་རིའི་འཛིན་སྐྱོང་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་པར་གདོང་ལེན་བྱེད་ཐབས་འཚོལ་བཞིན་ཡོད་ཀྱང་། དེ་ཉིད་ཨ་རིའི་ལུགས་སྲོལ་དང་མཐུན་པ་ཞིག་ཡོང་ཐབས་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་དང་འབྲེལ་ཡོད་མི་སྣས་ཐབས་བྱུས་མང་པོ་ཞིག་ལ་ལྟ་ཞིབ་བྱེད་བཞིན་པའི་སྒང་ལ་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཀེ་ལེ་མེག་ནེ་ནི་ (Kayleigh McEnany) ལགས་ཀྱིས། ད་ལྟའི་ཆར་སྲིད་འཛིན་ཊོམ་ཕུ་མཆོག་ནས་རྒྱ་ནག་ཐད་ཐག་གཅོད་གང་ཡང་བྱས་མེད་སྐོར་བརྗོད་ཡོད་འདུག

ཁ་སང་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་ (Hua Chunying) ཟེར་བས་གསར་འགོད་པའི་དེ་འབྲེལ་གྱི་དྲི་བར་ལན་འདེབས་སྐབས། ང་ཚོའི་རེ་བ་ལ་ཨ་རིའི་ངོས་ནས་རྒྱལ་སྤྱིའི་འབྲེལ་ལམ་གྱི་ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་མེད་པའི་བྱ་སྤྱོད་རིགས་སྤང་རྒྱུ་དང་། རང་གི་ཆེ་མཐོང་དང་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཆ་འཇོག་དང་གནས་བབ་བརླག་ཏུ་མི་འཇུག་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་རྒོལ་གཏམ་སྤེལ་ཏེ་ཨ་རིའི་བྱེད་ཐབས་དེ་ནི་ཡ་ང་བ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་འདུགཊོམ་ཕུ་འཛིན་སྐྱོང་གི་ནང་མོལ་དེར་རྒྱུས་མངའ་ཡོད་པའི་མི་སྣ་བཞིས་ནེའུ་ཡོག་དུས་བབ་ལ་འགྲེལ་བརྗོད་བྱས་པ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གི་དམར་ཤོག་ཚོགས་པའི་ཚོགས་མི་ཨ་རིར་ཡོང་རྒྱུ་བཀག་སྡོམ་བྱ་རྒྱུའི་ཐད་གོ་བསྡུར་ཙམ་ལས་ཐག་གཅོད་ཟིན་མེད་ཅིང་། ནང་མོལ་སྐབས་རྒྱ་ནག་བཅིངས་གྲོལ་དམག་ཟེར་བ་དང་། དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་རྩ་འཛུགས་ཁག་གི་མགོ་འཁྲིད་རྣམས་ཀྱང་བཀག་སྡོམ་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག ཡང་རེ་འགས་རྒྱ་ནག་གི་ཏང་མི་ཡོངས་རྫོགས་བཀག་སྡོམ་བྱ་རྒྱུའི་ཚབ་ཏུ། རྒྱ་ནག་གི་དབུས་ཆབ་སྲིད་ལྷན་ཁང་ (Politburo) གི་ཚོགས་མི་ ༢༥ རྣམས་བཀག་སྡོམ་བྱ་དགོས་སྐོར་ཡང་བཤད་ཡོད་འདུག ད་ཐེངས་ཀྱི་ནང་མོལ་ནང་ཨ་རིའི་ཕོ་བྲང་དཀར་པོའི་འཛིན་སྐྱོང་མི་སྣ་དང་། རྒྱལ་སྲིད་ལྷན་ཁང་། ནང་སྲིད་ལྷན་ཁང་བཅས་ཞུགས་འདུག་ཀྱང་། ད་ལྟའི་ཆར་ཕོ་བྲང་དཀར་པོ་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་ནང་མོལ་སྐོར་གྱི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མི་འདུག

གལ་ཏེ་ཊོམ་ཕུ་མཆོག་ནས་སྲིད་འཛིན་བཀའ་རྒྱ་བསྒྲགས་ཏེ་བཀག་སྡོམ་སྲིད་བྱུས་དེ་ལག་བསྟར་བྱས་ཚེ། དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་དང་། ཁོ་ཚོའི་ནང་མི་སྤུན་མཆེད། དེ་བཞིན་ད་ལྟ་ཨ་རིའི་གནས་སྡོད་རྒྱ་རིགས་མི་ཉུང་བ་ཨ་རི་ནས་ཕྱིར་ཕུད་གཏོང་སྲིད་སྐོར་རྗོད་བཞིན་འདུག དབྱེ་ཞིབ་པས་སྲིད་འཛིན་ཊོམ་ཕུ་ཡིས་བཀག་སྡོམ་བཀའ་རྒྱ་དེར་མཚན་རྟགས་བསྐྱོན་པའི་དབང་དུ་བཏང་ནའང་། རྒྱ་ནག་ལ་མཚོན་ན་ཁྱོན་དམར་ཤོག་ཚོགས་མི་ས་ཡ་ ༩༢ ལྷག་ཡོད་པ་དང་། ཉུང་མཐར་ཡང་ལོ་རེར་ཨ་རིའི་ནང་རྒྱ་ནག་གི་མི་སེར་ས་ཡ་ ༣ ལྷག་འབྱོར་གྱི་ཡོད་ཅིང་། ཕྱོགས་གཞན་ནས་ཨ་རིའི་གཞུང་ལ་རྒྱ་ནག་མི་སེར་ཁྲོད་སུ་དམར་ཤོག་ཚོགས་མི་ཡིན་མིན་གྱི་གནས་ཚུལ་ཁ་གསལ་མེད་པའི་རྐྱེན་གྱིས། དེ་ཉིད་དངོས་སུ་ལག་བསྟར་བྱ་རྒྱུ་ཁག་པོ་ཡིན་འདུག

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་དམག་བྱུས་དང་རྒྱལ་སྤྱིའི་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་རྒྱ་ནག་ཆེད་མཁས་པ་ཇུ་ཌི་བྷ་ལེན་ཤེ་ཊི་ (Jude Blanchette) ཡིས། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཕལ་མོ་ཆེ་པེ་ཅིན་གཞུང་གི་སྲིད་བྱུས་གཏན་འབེབ་སོགས་པའི་ཆབ་སྲིད་བྱ་འགུལ་ནང་ཞུགས་ཀྱི་མེད་ལ་འབྲེལ་བ་ཡང་མེད་སྟབས། དམར་ཤོག་ཚོགས་པའི་ཚོགས་མི་ཡོངས་ལ་ཉེས་ཆད་གཅོད་རྒྱུ་དེ། རྒྱ་ནག་གིས་ཊོམ་ཕུ་ལ་མི་དགའ་བའི་རྒྱུ་མཚན་གྱིས་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡོངས་ལ་ཉེས་ཆད་གཅོད་པ་གཅིག་མཚུངས་རེད། ཅེས་དང་། འདི་ལྟ་བུའི་སྲིད་བྱུས་ཀྱིས་རྒྱ་ནག་གི་མི་འབོར་གྱི་བརྒྱ་ཆ་ ༡༠ ཙམ་ལ་དོ་ཕོག་ཐེབས་ཀྱི་ཡོད་སྟབས། རྒྱ་ནག་གི་མང་ཚོགས་ཁྲོད་དུ་ཨ་རིར་ལྟ་སྟངས་ངན་པ་ཞིག་ཡོང་སྲིད་པ་རེད། ཅེས་དཔྱད་བརྗོད་སྤེལ་ཡོད་འདུག

ཕྱི་ལོ་ ༢༠༡༧ ལོར་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཨ་རིའི་གཞིས་སྤོར་དང་མི་སེར་ཁྲིམས་ཡིག་ (Immigration and Nationality Act) གིས་སྦྱིན་པའི་དབང་ཚད་འོག རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་པའི་རྒྱུ་མཚན་ཐོག བྱང་ཀོ་རི་ཡ་ཚུད་པའི་ཨི་རཱན་དང་། ལི་བྷི་ཡས་མཚོན་པའི་ཁ་ཆེ་རྒྱལ་ཁབ་ཀྱི་མི་སེར་རྣམས་གནས་སྐབས་རིང་ཨ་རིར་ཡོང་རྒྱུར་བཀག་སྡོམ་བྱས་ཡོད་ཅིང་། འདི་ལོར་བཀའ་རྒྱ་དེ་ཕར་འགྱངས་གནང་སྟེ། སྔར་མེད་པའི་རྒྱལ་ཁབ་གསར་པ་དྲུག་ཁ་སྣོན་བྱས་ཡོད་འདུག ཐེངས་འདིར་ཡང་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཁྲིམས་ཡིག་འདིའི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་མི་རྣམས་བཀག་སྡོམ་བྱ་སྲིད་པ་ཞིག་ཡིན་འདུག

ཚོང་དམག་དང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས། ཨ་རྒྱའི་འབྲེལ་ལམ་དེ་ཆེས་ཛ་དྲག་གི་གནས་སྟངས་ནང་ལྷུང་བཞིན་པའི་སྐབས་འདིར། ཕྱོགས་གཉིས་ཀས་ཕན་ཚུན་ལ་ཚིག་མཚོན་འཕེན་རེས་དང་། སྐབས་རེར་དཔལ་འབྱོར་ཉེས་ཆད་གཅོད་རེས་བྱེད་མུས་ཡིན་པ་རེད། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་ལིའོ་ལགས་ནས་ཧྭ་ཝེ་ཡིས་མཚོན་པའི་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་གི་ལས་མི་རེ་འགའ་ཨ་རིར་ཡོང་རྒྱུ་བཀག་སྡོམ་བྱས་ཡོད་སྐོར་གསལ་བསྒྲགས་གནང་ཡོད་ཅིང་། ཡང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་ཚོར་ཉེས་ཆད་ཀྱི་ཚུལ་དུ། ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ཁྲིན་ཆན་གོ་ (Chen Quanguo) དང་། ཤིན་ཅང་གི་ཆབ་སྲིད་དང་ཁྲིམས་དོན་ལྷན་ཚོགས་ཀྱི་དམར་ཤོག་དྲུང་ཆེ་ཀྲུ་ཧེ་ལིན་ (Zhu Hailun)། ཁུལ་དེའི་མི་དམངས་བདེ་འཇགས་དོ་དམ་ཁང་གི་འགན་འཛིན་ཝང་མེན་ཧྲན་(Wang Mingshan) བཅས་གསུམ་ཨ་རིར་ཡོང་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད། གཞན་ཡང་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཨ་རིའི་གཞུང་གིས་རྒྱ་ནག་གི་དམག་དོན་སྒྲིག་འཛུགས་དང་འབྲེལ་བ་ཡོད་པའི་ཨ་རིར་སློབ་གྲྭ་འགྲིམ་བཞིན་པའི་རྒྱ་ནག་གི་སློབ་མ་རྣམས་ཀྱི་ཐོངས་མཆན་བཀག་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

The post  རྒྱ་ནག་དམར་ཤོག་ཚོགས་མི་ཡོངས་རྫོགས་བཀག་སྡོམ་བྱ་རྒྱུའི་ཐད་གྲོས་བསྡུར། appeared first on བོད་ཀྱི་དུས་བབ།.

ཉིན་གྲངས་གསུམ་རིང་གི་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད།

$
0
0

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་རིན་པོ་ཆེ་མཆོག་གིས་ཉིན་གྲངས་ ༣ རིང་གི་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་གནང་སོང་བ་དང་། ༧གོང་ས་མཆོག་ནས་སྟོང་ཉིད་ཀྱི་ལྟ་བ་ལྡན་ཞིང་འབད་བརྩོན་བྱས་པ་ཡིན་ན། སྡུག་བསྔལ་རྒྱུ་དང་བཅས་པ་ལས་འབྲལ་ཐུབ་པ་ཞིག་ཡོང་གི་ཡོད་པས་ཐབས་ཤེས་ཟུང་འབྲེལ་བྱེད་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས།ཐོག་མར་དབུ་མ་འཇུག་པའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དབུ་མ་འཇུག་པ་དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་པ་དང་ཁོང་གིས་བདེན་པ་བཞིའི་ཆོས་སྐོར་བསྐོར་ཡོད། བདེན་པ་བཞི་ནི་ལེགས་སྦྱར་དང་པ་ལིའི་གཞུང་དུ་ཉམས་ལེན་བྱེད་བཞིན་ཡོད་པ་ཞིག་ཡིན། དེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་རྨང་གཞིའང་ཆགས་བསྡད་ཡོད། སྡུག་བསྔལ་མི་འདོད་པའི་འགྲོ་བ་སེམས་ཅན་ཡོངས་འཁོར་བའི་སྡུག་བསྔལ་ལས་གྲོལ་ཐབས་སུ་སངས་རྒྱས་ཀྱིས་སྡུག་བསྔལ་བདེན་པ་དང་ཀུན་འབྱུང་བདེན་པ། འགོག་བདེན་དང་ལམ་བདེན་བཅས་བདེན་པ་བཞི་གསུངས་ཡོད། ད་གལ་ཆེ་ཤོས་ཤིག་ནི་ང་ཚོས་ཞིབ་འཇུག་བྱ་རྒྱུ་དེ་ཆགས་བསྡད་ཡོད། ང་ཚོའི་སེམས་རྒྱུད་མ་རུང་བ་ལ་བརྟེན་ནས་སྡུག་བསྔལ་འབྱུང་གི་ཡོད་པ་དང་། ད་ལྟ་དྲི་བ་གལ་ཆེ་ཤོས་དེ་ང་ཚོས་སོ་སོའི་སེམས་རྒྱུད་ཀྱི་ཉོན་རྨོངས་འདོར་ཐུབ་བམ་ཞེས་པ་དེ་ཡིན། སངས་རྒྱས་ཀྱིས་སྡུག་བསྔལ་འགོག་པའི་ཐབས་ལམ་འགོག་བདེན་སྐོར་གསུངས་ཡོད། པ་ལིའི་གཞུང་དུ། སེམས་རྒྱུད་དྲན་པ་ཉེར་གཞག་ཡོང་སླད་སྒོམ་སྒྲུབ་མི་འདྲ་བ་སོ་བདུན་གནང་གི་ཡོད། ལུས་པོ་དྲན་པ་ཉེར་གཞག་དང་སེམས་དྲན་པ་ཉེར་གཞག ཚོར་བ་དྲན་པ་ཉེར་གཞག ད་ལྟ་ང་ཚོ་དབང་པོ་ལྔའི་བྲན་གཡོག་ལྟ་བུ་ཡིན། དབང་པོ་ལྔ་ནི་སེམས་ལ་བརྟེན་དགོས་ཀྱི་ཡོད། རྒྱུ་མཚན་ནི་དགེ་བ་དང་མི་དགེ་བའི་བློ་གཉིས་སེམས་ལ་རག་ལས་ཡོད། ནམ་རྒྱུན་ང་ཚོས་སེམས་ལ་དོ་སྣང་བྱེད་ཀྱི་མེད། དེར་བརྟེན། ད་ལྟ་ང་ཚོས་དྲན་པ་ཉེར་གཞག་གཞིར་བཞག་ཐོག་སེམས་རྒྱུད་སྒོམ་སྒྲུབ་བྱ་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས།

ཡང་སྟོང་པ་ཉིད་གལ་ཆེན་ཡིན་སྐོར་ལ་༧མགོན་པོ་གང་ཉིད་ཀྱིས། འཕགས་པ་ལྷའི་བཞི་བརྒྱ་བའི་རྩ་བའི་ནང་། རྟེན་ཅིང་འབྲེལ་བར་འབྱུང་བ་ནི། །མཐོང་ན་གཏི་མུག་འབྱུང་མི་འགྱུར། །དེ་ཕྱིར་འབད་པ་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། ། ཞེས་གསུངས་ཡོད་སྟབས། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི། ང་ཚོ་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། སྡུག་བསྔལ་གྱི་རྩ་བ་དེ་ཉོན་རྨོངས་དང་། ཉོན་རྨོངས་ཀྱི་རྩ་བ་ཏིག་མུག་བདེན་འཛིན་ཆགས་ཀྱི་ཡོད་དུས། བདེན་འཛིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་བསྐྱེད་དགོས་ཀྱི་ཡོད་པ་རེད། དེར་བརྟེན། སྟོང་ཉིད་ཀྱི་ལྟ་བ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ནི། ལྟ་གྲུབ་ཀྱི་སྐོར་གསུངས་པ་ཙམ་མ་ཡིན་པར་ནང་སེམས་ཀྱི་ཉོན་རྨོངས་སོགས་སྤོངས་ཐབས་སྐོར་ཡིན་པ་རེད། དེར་བརྟེན། བཞི་བརྒྱ་བས་དེ་ཕྱིར་འབད་པས་ཀུན་གྱིས་འདིར། །གཏམ་དེ་ཁོ་ན་བསྙད་པར་བྱ། ། ཞེས་སྟོང་པ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད་འདུག ཞེས་གསུངས།ཡང་༧གོང་ས་མཆོག་གིས། སངས་རྒྱས་ཀྱི་གོང་འཕང་འཐོབ་པའི་རྒྱུ་གཙོ་བོ་དེ་སྙིང་རྗེའི་སེམས་ཀྱི་ཆགས་ཡོད། དག་པའི་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དེ་ཆགས་ཀྱི་ཡོད། དེ་དངོས་གནས་དྲང་གནས་ས་གསུམ་ན། རང་བཞིན་དོན་ནི་རབ་སྒྲུབ་ཕྱིར། ། བྱང་ཆུབ་སེམས་ནི་སྐྱེད་པར་འགྱིས། ། ཞེས་གསུངས་པ་ལྟར། རང་དོན་དང་གཞན་དོན་ག་རེ་བསྒྲུབ་པར་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་གལ་ཆེན་ཡིན་པ་དང་། ཚེ་འདི་དང་ཕྱི་མའི་དོན་དག་བསྒྲུབ་པར་བྱང་ཆབ་སེམས་སྒོམ་རྒྱུ་ལས་ལྷག་པ་ཞིག་མི་འདུག སེམས་སྐྱིད་པ་དང་ལུས་བདེ་བ། ཀུན་ཏུ་མཛའ་བཤེས་འཇོག་ཐུབ་པར་སོགས་ལ་སྙིང་རྗེའི་སེམས་རྩ་བ་བྱས་ནས་ཡོང་གི་ཡོད་པ་དང་། སྙིང་རྗེའི་སེམས་གཏིང་ཟབ་པོ་ཞིག་ཡོང་བར་གཉིས་སུ་མེད་པའི་བློ་དང་སྟོང་ཉིད་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས།

དེ་རྗེས་དྲི་བ་དྲིས་ལན་སྐབས། ལ་དྭགས་ནས་ཡིན་པའི་བུ་མོ་བསྟན་འཛིན་ཞེས་པ་ཞིག་གིས། ཤེས་རབ་ཀྱི་རྒྱུ་ལས་བྱུང་བའི་སྙིང་རྗེ་དང་ངེས་འབྱུང་གི་རྒྱུ་ལས་བྱུང་བའི་སྙིང་རྗེ་གཉིས་ལ་ཁྱད་པར་གང་ཡོད་དྲིས་པར་༧གོང་ས་མཆོག་ནས། སྙིང་རྗེའི་སེམས་དེ་གཞན་ལ་ཕན་བདེ་བསྒྲུབ་པའི་བསམ་བློ་ཞིག་བསླེབ་ཀྱི་ཡོད་པ་རེད། སྙིང་རྗེ་ལབ་དུས་སྙིང་རྗེ་སེམས་ཅན་དམིགས། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་ཞེས་གཞུང་དེ་ཚོའི་ནང་ཡོད་རེད། སེམས་ཅན་ཐབས་ཅན་སྡུག་བསྔལ་གྱི་རྒྱུ་ལས་དབྲལ་བ་ཞིག་བྱུང་ན་བསམ་པའི་བློ་ཞིག་མ་འཁོར་བ་ཡིན་ན། ཡོང་མི་སྲིད་པ་ཞིག་དེ་ག་ཙམ་ཡོང་བར་ཤོག་བསམ་པ་ནང་བཞིན་ཆགས་བསྡད་ཡོད། ཚད་མེད་དྲངས་པའི་བློ་ཁོ་ཐག་ཆོད་པ་ཞིག་ཡོང་ཐུབ་ཀྱི་མ་རེད། དེར་བརྟེན། ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས་ཟེར་བའི་བྱང་ཆུབ་ཀྱི་སེམས་དེ། ཐབས་ཤེས་གཉི་ག་འཛོམས་བསྡད་པ་ཞིག་ཡིན། ཐབས་ཀྱིས་ཟིན་པའི་ཤེས་རབ་དང་ཤེས་རབ་ཀྱིས་ཟིན་པའི་ཐབས་ཤེས་ཞུ་བ་དེ་རེད། གཞན་སྙིང་རྗེའི་བློ་རྐྱང་རྐྱང་བྱས་བསྡད་པ་ཡིན་པ་གང་དྲག་གང་དྲག་ཟེར་བའི་བཟོ་ཙམ་རེད། སྟོང་ཉིད་ཀྱི་ལྟ་བ་ཡོད་པ་ཡིན་ན། འབད་བརྩོན་བྱས་པ་ཡིན་ན། སྡུག་བསྔལ་རྒྱུ་དང་བཅས་པ་ལས་འབྲལ་ཐུབ་པ་ཞིག་ཡོང་གི་འདུག། དེར་བརྟེན། ཐབས་ཤེས་ཟུང་འབྲེལ་བྱེད་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས།

ད་རེས་༧གོང་ས་མཆོག་ནས་དྲ་རྒྱ་བརྒྱུད་དབུ་མ་འཇུག་པའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་ནི། དཔལ་ནཱ་ལེནྜའི་སློབ་མའི་ཚོགས་པ་ཞེས་པའི་་གར་གྱི་ནང་པའི་ཚོགས་པ་ཞིག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་བཞེས་ཟབ་མོ་ཐོབ་པ་ཞིག་ཆགས་ཡོད་པ་དང་། གསུང་ཆོས་འདི་ཉིན་གྲངས་ ༣ རིང་བསྩལ་གནང་རྒྱུ་ཡིན་པ་དང་། དམིགས་བསལ་ཚོགས་པ་དེའི་ཚོགས་མི་རྣམས་དང་ལྷན་དུ་དྲི་བ་དྲིས་ལན་བཅས་གང་གི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ཉིན་གྲངས་གསུམ་རིང་གི་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད། appeared first on བོད་ཀྱི་དུས་བབ།.

རྒྱ་གར་ནི་ཉམས་ཞན་པའི་རྒྱལ་ཁབ་ཅིག་མིན།

$
0
0

རྒྱ་གར་བདེ་སྲུང་བློན་ཆེན་གྱིས་ཉིན་གྲངས་གཉིས་རིང་ལ་དྭགས་ཀྱི་དམག་ཁུལ་དུ་གཟིགས་སྐོར་དང་འབྲེལ་སྟོབས་ཤུགས་གང་གིས་ཀྱང་རྒྱ་གར་གྱི་ས་མཐོ་གང་ཙམ་ཡང་འཕྲོག་མི་ཐུབ་སྐོར་གསུངས་འདུག

དེ་རིང་སྔ་དྲོར་རྒྱ་གར་བདེ་སྲུང་བློན་ཆེན་སྐུ་ཞབས་རཱ་རྗི་ནཱ་ཏི་སིང་(Rajnath Singh)མཆོག་དང་། རྒྱ་གར་རྒྱལ་ཡོངས་བདེ་སྲུང་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་བྷ་པེན་རཱ་ཝ་ཊི་(Bipin Rawat)ལགས། དེ་བཞིན་རྒྱ་གར་གྱི་སྤྱི་ཁྱབ་དམག་དཔོན་གྷན་ནཱ་རཱ་ཝ་ནེ་(Gen M N Naravane)ལགས་བཅས་ལ་དྭགས་སུ་ཕེབས་ཏེ། ཡུལ་དེའི་དམག་དཔུང་ལ་ཐུག་འཕྲད་དང་ས་མཚམས་གནད་དོན་ཐད་བསྐྱར་ཞིབ་ཆེད་དམག་དཔོན་ཁག་དང་ཚོགས་འདུ་ཚོགས་བ་སོགས་གནང་གི་ཡོད་འདུག  གཟིགས་སྐོར་འདི་ནི་ཟླ་འདིའི་ཕྱི་ཚེས་ ༣ ཉིན་སྲིད་བློན་མུ་དྷི་མཆོག་གིས་ལ་དྭགས་སུ་གཟིགས་སྐོར་གནང་རྗེས། རྒྱ་གར་གྱི་མཐོ་རིམ་མགོ་འཁྲིད་ཅིག་གིས་གཟིགས་སྐོར་གནང་བ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

བདེ་སྲུང་བློན་ཆེན་མཆོག་གིས་དམག་ཁུལ་དུ་གཟིགས་སྐོར་དང་དྲག་ཆས་སྦྱོང་བརྡར་ལ་གཟིགས་ཞིབ་སོགས་གནང་རྗེས་གཏམ་བཤད་ཅིག་སྤེལ་ཡོད་པའི་ནང་། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་རྩོད་རྙོག་ཞི་འགྲིག་ཆེད་གྲོས་མོལ་འགྲོ་བཞིན་ཡོད་ཀྱང་། གནས་སྟངས་དེ་ནི་ཐག་གཅོད་དཀའ་མོ་དང་ཁག་ཐེག་ཐུབ་པ་ཞིག་མིན་ན་ཡང་། ངས་ཁྱེད་ཚོར་ཐག་བཅད་ནས་བཤད་ཐུབ་པ་ཞིག་ལ་བཙན་འཛུལ་དང་སྟོབས་ཤུགས་གང་གིས་ཀྱང་ང་ཚོའི་ས་ཆ་མཐོ་གང་ཙམ་ཡང་ལེན་མི་ཐུབ། གལ་ཏེ་ཕན་ཚུན་སྐད་ཆ་བཤད་ནས་ཞི་འགྲིག་དང་རྩོད་རྙོག་སེལ་ཐུབ་པ་ཡིན་ན་དེ་ལས་ཡག་ཅིག་གང་ཡང་མེད་པ་དང་། རྒྱ་གར་ནི་ཉམས་ཞན་པའི་རྒྱལ་ཁབ་ཅིག་མིན། ཞེས་གསུངས་འདུག

ཡང་ཁོང་གིས་མུ་མཐུད། ཉེ་སྔོན་རང་གྷལ་ཝན་ས་མཚམས་ནས་ང་ཚོས་དམག་མི་དང་རྒྱ་ནག་དམག་དཔུང་བར་གདོང་ཐུག་དམར་འཛེང་བྱེད་སྐབས། རྒྱ་གར་དམག་མི་ཚོས་རང་གི་ས་ཆ་སྲུང་སྐྱོབ་ཆེད་ཚེ་སྲོག་བློས་གཏོང་བྱས་ཡོད་པ་དང་། དེ་རིང་འདིར་དམག་དཔུང་ལ་ཐུག་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ན་ཡང་། ཁོ་ཚོས་གློ་བུར་བའི་བློས་གཏོང་དེས་སྐྱོ་སྣང་སྐྱེས་བྱུང་བས་ངས་ཁོ་ཚོར་མྱ་ངན་གུས་འདུད་ཞུ་བཞིན་ཡོད་ལ། ང་ཚོས་རང་གི་ས་ཆ་མཐོ་གང་ཙམ་ཡིན་ཡང་སྲུང་སྐྱོབ་བྱེད་པར་བློ་ཐག་རྦད་ཆོད་ཡིན། ཞེས་གསུངས་འདུག

བདེ་སྲུང་བློན་ཆེན་གྱི་གཟིགས་སྐོར་ཐད་རྒྱ་གར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ནང་། བདེ་སྲུང་བློན་ཆེན་མཆོག་གི་ལ་དྭགས་སུ་གཟིགས་སྐོར་གནང་རྒྱུའི་འཆར་གཞི་སྔར་ནས་ཡོད་ན་ཡང་། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་བོད་ཧིན་ས་མཚམས་གནད་དོན་ཐད། ས་མཚམས་ཁག་གི་དམག་དཔོན་ཚོའི་བརྒྱུད་ལམ་ནས་གྲོས་མོལ་བྱེད་བཞིན་པའི་བར་ལ་ཁེལ་ཡོད་པ་དང་། ཕྱི་ཚེས་ ༡༤ ཉིན་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་ཞི་འགྲིག་གྲོས་མོལ་ཐེངས་བཞི་པ་ཚོགས་ཡོད་པ་དང་། སྐབས་དེར་རྒྱ་གར་ས་མཚམས་དམག་ཁུལ་ནས་ཞི་གྲོས་ཁྲོད་རྒྱ་ནག་ཕྱོགས་གཉིས་ནས་ས་མཚམས་དམག་མི་ཕྱིར་འཐེན་ཐད་མོས་མཐུན་བྱུང་ཡོད་སྐོར་བརྗོད་ཡོད་ཀྱང་། བདེ་སྲུང་བློན་ཆེན་གྱི་གཟིགས་སྐོར་དེས་ཕྱོགས་གཉིས་ཀྱི་གནས་བབ་ལ་འགྱུར་ལྡོག་བྱུང་མིན་ཐད་ཚད་གཞི་འཇོག་ས་ཞིག་ཆགས་ཡོད་སྐོར་བརྗོད་འདུག

ཐེངས་འདིར་བདེ་སྲུང་བློན་ཆེན་མཆོག་གིས་ཉིན་གྲངས་གཉིས་རིང་ལ་དྭགས་དང་རྗ་མི་ཀཤི་མིར་སོགས་སུ་གཟིགས་སྐོར་གནང་གི་ཡོད་པ་དང་། ཐེངས་འདིའི་གཟིགས་སྐོར་དང་འབྲེལ་གཙོ་བོ་ས་མཚམས་ཁག་གི་བདེ་འཇགས་ཐད་དམག་དཔོན་ཚོ་དང་གྲོས་བསྡུར་དང་བསྐྱར་ཞིབ་སོགས་གནང་གི་ཡོད་པ་དང། ད་ལྟའི་ཆར་ཁོང་གི་གཟིགས་སྐོར་ཐད་རྒྱ་ནག་ཕྱོགས་ནས་བརྡ་ལན་གང་ཡང་བཏང་མེད་པ་དང་། ད་བར་རྒྱ་ནག་ཕྱོགས་ནས་མཐོ་རིམ་མགོ་ཁྲིད་ཚོས་ས་མཚམས་དམག་ཁུལ་ཁག་ལ་ལྟ་སྐོར་སོགས་བྱས་མེད་པ་དང་།  ཉེ་སྔོན་རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་ཀྱང་གློ་བུར་ལ་དྭགས་ནང་གཟིགས་སྐོར་དང་འབྲེལ་བཙན་ཤེད་ཆེ་བའི་གཏམ་བཤད་སྤེལ་བར་རྒྱལ་སྤྱིའི་སྟེང་གླེང་སློང་ཆེན་པོ་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post རྒྱ་གར་ནི་ཉམས་ཞན་པའི་རྒྱལ་ཁབ་ཅིག་མིན། appeared first on བོད་ཀྱི་དུས་བབ།.

ཨ་སམ་གཞུང་མང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ།

$
0
0

ཨ་སམ་མངའ་སྡེའི་ནང་ཆུ་ལོག་གིས་མི་མང་པོར་གནོད་འཚེ་ཕོག་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་སྐྱོ་བོའི་ངང་གསུང་འཕྲིན་བསྩལ་གནང་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་སམ་མངའ་སྡེའི་ནང་ཆུ་ལོག་གིས་གནོད་སྐྱོན་འོག  མི་གྲངས་ ༦༨ ཙམ་རྐྱེན་འདས་དང་མི་གྲངས་འབུམ་ ༤༨ ལྷག་ལ་གནོད་སྐྱོན་ཐེབས་པར་བརྟེན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་བ་དང་སྦྲགས་ཞལ་འདེབས་རོགས་དངུལ་གནང་འདུག  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོས་ཀྱིས་འདིར་ཡིད་སེམས་སྐྱོ་བའི་ངང་ཁྱེད་རྣམས་ནས་ཚེ་སྲོག་ཤོར་བ་དང་རྒྱུ་ནོར་ལ་གྱོང་གུད་ཕོག་པར་སེམས་གསོ་དང་བསྔོ་སྨོན་བྱེད་བཞིན་ཡོད་ཅེས་གསུངས་འདུག

གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཆར་དུས་སྐབས་སུ་ཨ་སམ་མངའ་སྡེ་གཙོའི་ས་ཁུལ་གཞན་ཁག་ཏུ་ལོ་ལྟར་གཏོར་སྐྱོན་དང་མི་མང་ལ་དཀའ་སྡུག་ཆེན་པོ་སྤྲོད་བཞིན་ཡོད་པ་དང་། སྟབས་མ་ལེགས་པ་ཞིག་ལ་འདི་ལོ་ཏོག་དབྱིབས་རིམས་ནད་མུ་མཐུད་ཁྱབ་བཞིན་པའི་རྐྱེན་གྱིས་གནས་སྟངས་དེ་སྔོན་ལས་ཇེ་སྡུག་ཏུ་བཏང་ཡོད་པ་དང་། ངོས་ཀྱིས་འདིར་ཡིད་སེམས་སྐྱོང་བའི་ངང་ཁྱེད་རྣམས་ནས་ཚེ་སྲོག་ཤོར་བ་དང་རྒྱུ་ནོར་ལ་གྱོང་གུད་ཕོག་པ་སོགས་མངའ་སྡེའི་ནང་ཆུ་ལོག་གིས་གནོད་སྐྱོན་ཆེན་པོ་ཐེབས་པར་ཐུགས་གསོ་བྱེད་བཞིན་ཡོད། ཅེས་གསུངས་འདུག

ཡང་ཁོང་ཉིད་ཀྱིས་ངོས་ཀྱིས་མངའ་སྡེ་གཞུང་གིས་གནོད་སྐྱོན་ཐེབས་ཁུལ་དུ་ཐབས་ཤེས་ཡོད་དགུ་བཏོན་ནས་ལས་དོན་བྱེད་བཞིན་པར་བསྔགས་བརྗོད་བྱེད་བཞིན་ཡོད།  ངོས་ཀྱིས་འདིར་ཨ་སམ་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་ཏཱ་ལའི་བླ་མའི་དགེ་རྩ་ནས་ཞལ་འདེབས་ཤིག་འབུལ་རྒྱུ་ཡིན། ཞེས་གསུངས་འདུག

མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མངའ་སྡེའི་སྤྱི་ཁྱབ་བློན་མཆོག་གི་དབུས་པའི་ཤུལ་ལུས་ནང་མི་གཉེན་འབྲེལ་རྣམས་དང་། ཆུ་ལོག་གིས་གནོད་སྐྱོན་ཐེབས་མཁན་ཡོངས་ལ་གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་ཞུ་བཞིན་ཡོད། ཅེས་གསུངས་འདུག

ཨ་སམ་མངའ་སྡེའི་མྱུར་སྐྱོབ་ཚན་པའི་བསྒྲགས་པའི་གནས་ཚུལ་ནང་། ད་བར་ཉུང་མཐར་མི་གྲངས་ ༦༨ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས་འབུམ་ ༤༨ ལྷག་ལ་གནོད་སྐྱོན་ཐེབས་ཡོད་པ། རྫོང་ཁག་  ༣༠ ནང་གི་གྲོང་རྡལ་ ༤༥༠༠ ལ་ཆུ་ལོག་རྒྱུག་སྟེ་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད་སྐོར་བསྒྲགས་འདུག་ལ། མངའ་སྡེ་གཞུང་ནས་ཆུ་ལོག་གི་གནོད་འཚེ་ཐེབས་ཡུལ་ཁག་ཏུ་མྱུར་སྐྱོབ་རུ་ཁག་ ༤༨༧ ཙམ་བཙུགས་ཏེ་མུ་མཐུད་མྱུར་སྐྱོབ་བྱེད་བཞིན་ཡོད་སྐོར་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར། སངས་རྒྱས་དཀོན་མཆོག

The post ཨ་སམ་གཞུང་མང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ། appeared first on བོད་ཀྱི་དུས་བབ།.


ཞི་ཅིན་ཕིན་མཚོ་གླིང་གསང་བའི་ཚོགས་འདུར་ཞུགས་ཕོད་ས་རེད་དམ།

$
0
0

འདི་ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་མཚོ་གླིང་གསང་བའི་ཚོགས་འདུའི་ཐོག་ཞི་ཅིན་ཕིན་གྱིས་ལས་དོན་མང་པོར་འཐུས་ཤོར་ཕྱིན་པའི་ཐད་ཤུགས་རྐྱེན་ཆེ་བའི་དམར་ཤོག་རྒན་རབས་པ་ཚོས་སྐྱོན་བརྗོད་དྲག་པོ་བྱེད་པར་དོགས་སྣང་དང་ཐེ་ཚོམ་ཡོང་གི་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༡༧ ཉིན། ཉི་ཧོང་དཔལ་འབྱོར་ཚགས་པར་(Nikkei Asian review)ཡི་རྩོམ་སྒྲིག་པའི་གླེང་སྟེགས་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་ཚོའི་ལོ་ལྟར་གསང་བའི་ངང་ཚོགས་བཞིན་པའི་པའེ་ཌེ་མཚོ་གླིང་གི་གསང་བའི་ཚོགས་འདུ་(Beidaihe meeting)འཚོགཀཀཀཀཀ་གྲབས་ཡོད་པ་དང་། ཚོགས་འདུ་དེ་ནི་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཚོས་ལས་ཐོག་སྲིད་འཛིན་གྱི་ལས་དོན་བྱེད་ཕྱོགས་ལ་བསྐྱར་ཞིབ་དང་སྐྱོན་གནས་འདོན་སའི་སྟེགས་བུ་ཁོ་ན་དེ་ཆགས་ཡོད་སྟབས། འདི་ལོར་ཞི་ཅིན་ཕིན་ཚོགས་འདུ་དེར་མཉམ་ཞུགས་བྱེད་པར་ཁ་སྐྱེངས་པོ་དང་ཞེད་སྣང་གི་གནས་སུ་ལྷུང་ཡོད་སྐོར་བརྗོད་འདུག

དེ་འབྲེལ་གནས་ཚུལ་ནང་།  ཞི་ཅིན་ཕིན་གྱི་ལས་དོན་བྱེད་ཕྱོགས་མང་པོས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ཉེན་ཁའི་གནས་སུ་ལྷུང་བཅུག་ཡོད་པ་དང་། ལྷག་པར་དུ་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་སྔར་བྱུང་མ་མྱོང་བའི་ཁ་རྡུང་སྐྱོན་བརྗོད་དང་། ཨ་རི་དང་ཚོང་དམག་གིས་རྒྱ་ནག་གི་རྒྱལ་ནང་ཐོན་སྐྱེད་དཔལ་འབྱོར་ཉམས་ཆགས་ཕྱིན་པ། ཧོང་ཀོང་གི་ཡར་ལངས་དང་རྒྱ་ནག་ནང་ཆུ་ལོག་གིས་ས་ཁུལ་མང་པོའི་ནང་གནོད་སྐྱོན་ཚབས་ཆེན་ཐེབས་པ་སོགས། ཞི་ཡི་ལས་དོན་མང་པོ་འཐུས་ཤོར་ཕྱིན་ཡོད་སྟབས་ཚོགས་འདུ་དེ་ཚོགས་ཐུབ་མིན་དང་། ཞི་ཅིན་ཕིན་ཚོགས་འདུར་མཉམ་ཞུགས་བྱེད་མིན་སོགས་ལ་དོགས་གཞི་ཆེན་པོ་ཡོང་གི་ཡོད་སྐོར་བརྗོད་འདུག

གནས་ཚུལ་ནང་མུ་མཐུད་ད་ལྟའི་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཤུགས་རྐྱེན་ཆེ་བའི་མི་སྣ་ ༡༠ ཙམ་ཡོད་པ་དང་། དེ་དག་ལས་མི་སྣ་ ༤ ནི་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མན་དང་ཧུའུ་ཅིན་ཐའོ། སྲིད་བློན་ཀྲུའུ་རོང་ཅེ(Zhu Rongji)། ཝུན་ཅ་པོ་སོགས་ཡིན་པ་དང་། མཚོ་ཁུལ་གསང་བའི་ཚོགས་འདུ་དེ་ནི་རྒྱ་ནག་མཐོ་རིམ་མགོ་འཁྲིད་ཚོས་ལས་ཐོག་སྲིད་འཛིན་གྱི་ལས་དོན་བྱེད་ཕྱོགས་དང་འཐུས་ཤོར་སོགས་ལ་བསྐྱར་ཞིབ་དང་སྐྱོན་གནས་འདོན་ས་ཆགས་ཡོད་པས། འདི་ལོའི་ཚོགས་འདུ་དེ་ཞི་ཡིས་ཕྱིར་འཐེན་བྱེད་མིན་དང་ཡང་ན་གནས་བབ་སྤྱིར་བཏང་མ་ཡིན་པ་ཞིག་གི་འོག་ནས་ཚོགས་མིན་ནི་ལྟད་མོ་ཆེན་པོ་ཞིག་ཆགས་ཡོད་སྐོར་བརྗོད་འདུག

པའེ་ཌེ་མཚོ་གླིང་གི་གསང་བའི་ཚོགས་འདུ་དང་རྒྱ་ནག་དམར་ཤོག་མཐོ་རིམ་མགོ་འཁྲིད་ཚོའི་གསང་བའི་ཇུས་ཆེན་ཚོགས་འདུ་ནི། རྒྱ་ནག་གི་སྲིད་འཛིན་མའོ་ཡིས་ཆེད་གཉེར་གྱིས་ད་བར་ལོ་ལྟར་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་ཁྲིད་ཚོའི་ཚོགས་འདུ་གལ་ཆེན་དང་ཐག་གཅོད་ཆེན་པོ་བྱེད་སའི་གླེང་སྟེགས་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ཚོགས་འདུ་དེའི་སྟེང་ཐ་ན་རྒྱ་ནག་གི་མ་འོངས་མགོ་ཁྲིད་སུ་ཞིག་ཡོང་མིན་སོགས་ལ་གསང་གྲོས་དང་ཐག་གཅོད་བྱེད་སྲོལ་ཡོད་པ་དང་། ཚོགས་འདུ་དེ་ནི་མགོ་ཁྲིད་ཟུར་པ་ཚོའི་དམར་ཤོག་ཚོགས་པའི་སྲིད་དབང་ལ་ལམ་སྟོན་དང་རང་གི་དབང་ཤུགས་སྟོན་ས་གལ་ཆེན་ཞིག་ཀྱང་ཆགས་ཡོད་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་འདི་ལོའི་ཚོགས་འདུ་དེ་དམར་ཤོག་ཚོགས་པའི་ནང་ཁུལ་སྲིད་དབང་གི་གནས་བབ་ལ་ཚད་གཞི་འཇལ་བྱེད་གལ་ཆེན་ཞིག་ཆགས་ཡོད་པ་དང་། ད་ལྟའི་བར་ཚོགས་འདུ་རིམ་པའི་སྟེང་མགོ་ཁྲིད་ཚོས་དམར་ཤོག་ཚོགས་པ་ནང་ཁུལ་མཐུན་སྒྲིལ་ཆེད། ལས་ཐོག་སྲིད་འཛིན་གྱི་ལས་དོན་བྱེད་ཕྱོགས་ནོར་འཁྲུལ་རིགས་ལ་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་སྲོལ་མེད་པར་གསང་བའི་ངང་འཇོག་གི་ཡོད་ན་ཡང་། ཐེངས་འདིར་ཞི་ཡིས་ཕྱི་ཕྱོགས་སུ་སྲིད་ཇུས་ཐད་ནོར་འཁྲུལ་དང་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་དམག་གི་གདོང་ཐུག་ཤོར་བ། གཙང་ཕྱག་ལས་འགུལ་འོག་དམར་ཤོག་ཚོགས་པ་ནང་ཁུལ་དཀྲུག་པ་སོགས་ཀྱིས་དམར་ཤོག་མགོ་ཁྲིད་རྒན་པ་ཚོས་ཁོག་ནད་ཕྱི་ལ་སྟོན་ཆེད་ཡོངས་གྲགས་ངང་སྐྱོན་བརྗོད་བྱ་སྲིད་པ་དང་། གལ་ཏེ་དེ་ལྟར་བྱུང་བ་ཡིན་ན་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ཁོང་ཁྲོའི་ནད་རོ་ཕྱིར་མངོན་ནས། ཞི་ཡི་སྲིད་དབང་ལ་ཉེན་ཁ་ཡོད་པའི་དོགས་གཞི་བྱེད་བཞིན་ཡོད་འདུག

དམར་ཤོག་ཚོགས་པའི་གསང་བའི་ཚོགས་འདུ་དེ་ནི་ཧ་ཅང་གསང་སྟབས་ཀྱིས་ཚོགས་སྲོལ་ཡོད་པ་མ་ཟད། མཐའ་ན་གནས་ཚུལ་དེའི་སྐོར་གྱི་གསར་འགྱུར་དང་པར་རིས་ཙམ་ཡང་ཕྱི་ལ་གཏོང་སྲོལ་མེད་པ་དང་། ཚོགས་འདུ་དེ་ལས་ཐོག་མགོ་ཁྲིད་ཚོ་དང་དམར་ཤོག་མགོ་ཁྲིད་རྒན་པ་ཚོས་མཉམ་རོལ་སྤྲོ་འཆམ་ཞིག་ཀྱང་ཆགས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post ཞི་ཅིན་ཕིན་མཚོ་གླིང་གསང་བའི་ཚོགས་འདུར་ཞུགས་ཕོད་ས་རེད་དམ། appeared first on བོད་ཀྱི་དུས་བབ།.

ཧོང་ཀོང་གི་ཐའེ་ཝན་དོན་གཅོད་པ་ཕྱིར་ལོག་དགོས་བྱུང་།

$
0
0

ཧོང་ཀོང་ནང་གི་ཐའེ་ཝན་དོན་གཅོད་པས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ཁས་ལེན་མ་བྱས་པར་བརྟེན་ཕྱིར་ཐའེ་ཝན་དུ་ལོག་དགོས་བྱུང་།ཁ་སང་ཐའེ་ཝན་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཧོང་ཀོང་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ལག་བསྟར་འོག ཧོང་ཀོང་ནང་ཡོད་པའི་ཐའེ་ཝན་དོན་གཅོད་ཁོ་མིན་ཚུན་(Kao Ming-tsun) སོགས་མཐོ་རིམ་ལས་བྱེད་རྣམས་ཀྱི་ཐོངས་མཆན་ཕར་འགྱངས་ཞུ་བར་རྒྱ་ནག་གཅིག་གི་སྲིད་བྱུས་ཁས་ལེན་བྱེད་དགོས་པའི་གནོན་ཤུགས་སྤྲད་ཡོད་སྟབས། ཐའེ་ཝན་དོན་གཅོད་ཁོ་མིན་ཚུན་ཐའེ་ཝན་ལ་ཕྱིར་ལོག་དགོས་བྱུང་ཡོད་འདུག

རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གི་འགན་འཛིན་ཁྲིན་མིན་ཐོང་(Chen Ming-tong)ལགས་ཀྱིས།  ཧོང་ཀོང་སྲིད་གཞུང་གིས་ཐའེ་ཝན་དང་ཧོང་ཀོང་གཉིས་ཀྱི་འབྲེལ་ལམ་ལ་དགོས་མེད་ཀྱི་གཏོར་སྐྱོན་བཏང་བར་བརྟེན། ཐའེ་ཝན་གཞུང་གིས་ཆབ་སྲིད་ཀྱི་འཐེན་འཁྱེར་བྱས་པའི་ཧོང་ཀོང་གི་ཆ་རྐྱེན་དེ་དག་རྩ་བ་ནས་ཁས་ལེན་བྱ་རྒྱུ་མིན། ཞེས་ཧོང་ཀོང་སྲིད་གཞུང་ལ་བརྡ་ལན་སྤྲད་ཡོད་པ་དང་། ད་ལྟ་ད་དུང་ཧོང་ཀོང་ནང་གི་ཐའེ་ཝན་དོན་གཅོད་མཚོན་པའི་ལས་ཁུངས་ཀྱི་ལས་བྱེད་གཞན་ལའང་དཀའ་ངལ་གཅིག་མཚུངས་འཕྲད་བཞིན་ཡོད་འདུག

ཧོང་ཀོང་ནང་གི་ཐའེ་ཝན་གྱི་གཞུང་འབྲེལ་ལས་བྱེད་ཁོ་མིན་ཚུན་ལགས་ཀྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་བདེ་འཇགས་ཀྱི་ཁྲིམས་གསར་ལག་བསྟར་བྱེད་བཞིན་ཡོད་ཀྱང་། ཐའེ་ཝན་གཞུང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལངས་ཕྱོགས་དང་ཆེ་མཐོང་སོགས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་ཡིན་ལ། རབ་བྱུང་ན་ཧོང་ཀོང་སྲིད་གཞུང་གིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་སྔར་རྒྱུན་ལྟར་རྒྱུན་སྐྱོང་བྱས་ཏེ། ཧོང་ཀོང་ནང་ཐའེ་ཝན་གྱི་ལས་དོན་ཁག་སྔར་བཞིན་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།

ཐའེ་ཝན་གཞུང་ལྟར་ན། ཐའེ་ཝན་གྱི་གཞུང་འབྲེལ་སྐུ་ཚབ་ལས་བྱེད་ཚོས་ཧོང་ཀོང་སྲིད་གཞུང་གི་གནོན་ཤུགས་འོག་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ཁས་ལེན་མི་བྱེད་དོན་ནི། རྒྱ་ནག་གཅིག་གི་སྲིད་བྱུས་ནང་ཐའེ་ཝན་རྒྱ་ནག་སྐམ་ས་ཆེན་པོའི་ཆ་ཤས་ཡིན་པར་སྒྲུབ་བཞིན་ཡོད་པས་ཡིན་པ་དང་། ཐའེ་ཝན་གཞུང་ལ་བྱེད་ཐབས་མེད་པའི་གནས་སུ་མ་ལྷུང་བར་དུ་ཧོང་ཀོང་ནང་ཡོད་པའི་ཐའེ་ཝན་དོན་གཅོད་ལས་ཁུངས་མུ་མཐུད་གནས་རྒྱུ་ཡིན་པའི་ལངས་ཕྱོགས་བཟུང་འདུགད་རེས་ནི་ཧོང་ཀོང་སྲིད་གཞུང་གིས་ཐའེ་ཝན་གྱི་གཞུང་འབྲེལ་ལས་བྱེད་ཚོར་གནོན་ཤུགས་སྤྲད་པ་ཐོག་མ་དེ་ཆགས་ཀྱི་མེད་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཧོང་ཀོང་ནང་ཡོད་པའི་ཐའེ་ཝན་དོན་གཅོད་ལས་ཚབ་ལུ་ཁྲང་སྲེ་(Lu Chang-shui)ལགས་ཀྱི་ཐོངས་མཆན་ཕར་འགྱངས་མ་ཞུས་སྟབས། ཁོ་ཐའེ་ཝན་ལ་ཕྱིར་ལོག་བྱེད་དགོས་བྱུང་ཡོད་པ་དང་། ད་རེས་ཕྱིར་ལོག་བྱས་པའི་ཁོ་མིན་ཚུན་ནི་ཁོའི་ཚབ་ཏུ་བསྐོ་བཞག་བྱས་པ་ཞིག་ཡིན་འདུག

ཧོང་ཀོང་སྲིད་གཞུང་གིས་ད་ལྟའི་བར་གནད་དོན་དེར་གསལ་བཤད་སོགས་གང་ཡང་བྱས་མེད་པ་དང་། ཉེ་སྔོན་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་བདེ་འཇགས་ཁྲིམས་གསར་ཞེས་པ་ལག་བསྟར་བྱེད་མགོ་བརྩམས་སྐབས། ཐའེ་ཝན་གྱིས་ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཡོད་པའི་རང་དབང་དང་ཐོབ་ཐང་སོགས་བརླག་རྒྱུ་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ཧོང་ཀོང་ནང་གི་ཐའེ་ཝན་དོན་གཅོད་ཁང་དང་། དཔལ་འབྱོར་དང་རིག་གཞུང་ལས་དོན་ཁང་ནི། ཕྱི་ལོ་ ༡༩༧༧ ལོར་ཧོང་ཀོང་དབྱིན་ཇིའི་མངའ་འོག་ཏུ་ཡོད་སྐབས་ནས་བཙུགས་ཤིང་། སྐབས་དེར་ལས་ཁུངས་དེའི་ལས་བྱེད་ཀྱི་ཐོངས་མཆན་སོགས་དབྱིན་ཡུལ་གཞུང་གིས་སྤྲོད་ཀྱི་ཡོད་འདུག ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༢༠༠༠ ལོ་ནས་རྒྱ་ནག་གཞུང་གིས་ཐའེ་ཝན་དོན་གཅོད་ཁང་དང་ལས་དོན་གཞན་ལའང་གནོན་ཤུགས་སྤྲོད་མགོ་བརྩམས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ཧོང་ཀོང་གི་ཐའེ་ཝན་དོན་གཅོད་པ་ཕྱིར་ལོག་དགོས་བྱུང་། appeared first on བོད་ཀྱི་དུས་བབ།.

ཐ་ལི་བྷན་གྱི་མགོ་འཁྲིད་གོ་ལའི་དྲག་སྤྱོད་པའི་ཐོ་གཞུང་ནང་བཅུག

$
0
0

པཱ་ཀི་སི་ཐན་ནང་ཡོད་པའི་ཏེ་རིག་ཨི་ཐ་ལི་བྷན་འཇིགས་སྐུལ་དྲག་སྤྱོད་ཚོགས་པའི་མགོ་འཁྲིད་གསར་པ་ནུར་ཝ་ལེ་མེ་སུད་ཟེར་བ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་དྲག་སྤྱོད་པའི་ཐོ་གཞུང་ནང་དུ་བཅུག་ཡོད་འདུག

རྒྱལ་སྤྱིའི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཁ་སང་ཕྱི་ཚེས་ ༡༧ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་འཇིགས་སྐུལ་དྲག་སྤྱོད་པར་ཉེས་ཆད་བཀོད་འདོམས་ཚོགས་ཆུང་གིས། པཱ་ཀི་སི་ཐན་ནང་ཡོད་པའི་ཏེ་རིག་ཨི་ཐ་ལི་བྷན་ (Tehrik-i-Taliban) འཇིགས་སྐུལ་ཚོགས་པའི་མགོ་འཁྲིད་ནུར་ཝ་ལི་མེ་སུད་ (Noor Wali Mehsud) ཟེར་བ་དེས། ཨལ་ཁ་ཌ་ (Al-Qaeda) འཇིགས་སྐུལ་དྲག་སྤྱོད་ཚོགས་པར་རམ་འདེགས་བྱས་པའི་རྒྱུ་མཚན་གྱིས། གོ་ལའི་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནང་བཅུག་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་དྲག་སྤྱོད་པར་ཉེས་ཆད་བཀོད་འདོམས་ཚོགས་ཆུང་ 1267 ISIL and Al-Qaida Sanctions Committee གི་གསལ་བསྒྲགས་ནང་། རང་ལོ་ ༤༢ ཡིན་པའི་ནུར་ཝ་ལི་མེ་སུད་ཀྱིས་ཨལ་ཁ་ཌ་དང་འབྲེལ་ཆགས་ཀྱི་རྩ་འཛུགས་ཁག་ལ་དཔལ་འབྱོར་མཁོ་སྒྲུབ་དང་། ཐབས་བྱུས་འཐེན་རོགས་བྱེད་པ། དེ་བཞིན་ཨལ་ཁ་ཌའི་མིང་ཐོག་ནས་མཉམ་འབྲེལ་དང་། ཡང་ན་དེར་རྒྱབ་སྐྱོར་ཡོད་པའི་ཐོག་ནས་དྲག་སྤྱོད་ཀྱི་བྱ་འགུལ་ནང་དངོས་སུ་ཞུགས་ཡོད་སྐོར་བརྗོད་འདུག

རྒྱལ་ཚོགས་ཀྱི་ཐག་གཅོད་དེར་པཱ་ཀི་སི་ཐན་གྱི་ཕྱི་སྲིད་ལྷན་ཁང་ནས་དགའ་བསུ་ཞུས་པ་དང་སྦྲགས། པཱ་ཀི་སི་ཐན་ངོས་ནས་ཉེས་ཆད་དེ་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཀྱི་དགོངས་དོན་གཞིར་བཟུང་ལག་བསྟར་ཚགས་ཚུད་བྱ་རྒྱུ་ཡིན་པ་མ་ཟད། རྒྱལ་ཁབ་གཞན་ཚོས་ཀྱང་དེ་ལྟར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་འདུག དེ་བཞིན་ཨ་རིའི་གཞུང་གི་ལྷོ་དང་དབུས་ཨེ་ཤ་ཡའི་ལས་དོན་ལྷན་ཁང་གིས་གཞུང་འབྲེལ་ཊུ་ཝི་ཊར་དྲ་ལམ་སྟེང་རྒྱལ་ཚོགས་ཀྱི་ཐག་གཅོད་དེར་རྒྱབ་སྐྱོར་དང་བཅས། ཨ་རིའི་ངོས་ནས་འདས་ལོའི་ཕྱི་ཟླ་ ༩ པ་ནས་ནུར་ཝ་ལི་མེ་སུད་ཁོ་པ་དྲག་སྤྱོད་པར་ངོས་འཛིན་བྱས་ཡོད་སྐོར་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་པཱ་ཀི་སི་ཐན་གྱི་ཏེ་རིག་ཨི་ཐ་ལི་བྷན་དྲག་སྤྱོད་ཚོགས་པ་དེ་ཉིད་གོ་ལའི་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནང་བཅུག་ཡོད་ཀྱང་། ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༦ པའི་ནང་ཨ་རིའི་དམག་གིས་དྲག་སྤྱོད་མགོ་འཁྲིད་མོ་ལཱ་ན་ཧྥ་ཛི་ལུ་ལཱ་ (Maulana Fazlullah) རྐྱེན་འདས་སུ་བཏང་བའི་རྐྱེན་གྱིས། ནུར་ཝ་ལི་མེ་སུད་ཚོགས་པ་དེའི་མགོ་འཁྲིད་དུ་བསྐོས་ཡོད་པ་དང་། ཁོའི་སྣེ་འཁྲིད་འོག་དྲག་སྤྱོད་ཚོགས་པ་དེས་ཕྱི་ལོ་ ༢༠༡༩ ལོར་པཱ་ཀི་སི་ཐན་གྱི་བྱང་ཝ་ཛི་རི་སི་ཐན་ (North Waziristan) ཁུལ་གྱི་ཉེན་རྟོག་པར་དྲག་རྒོལ་དང་། དེ་བཞིན་ལོ་དེའི་ཕྱི་ཟླ་ ༨ པའི་ནང་པཱ་ཀི་སི་ཐན་གྱི་ནུབ་བྱང་ཁི་བྷེར་པག་ཏུན་ཁ་ཝ་ (Khyber Pakhtunkhwa) ཁུལ་དུ། པཱ་ཀི་སི་ཐན་གྱི་དམག་མིའི་ཐོག་དྲག་རྒོལ་བྱས་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཡིག་ཆ་ལྟར་ན། ཡོངས་གྲགས་སུ་པཱ་ཀི་སི་ཐན་གྱི་ཐ་ལི་བྷན་དུ་གྲགས་པའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་འདིས། ཕྱི་ལོ་ ༢༠༡༠ ཟླ་ ༥ པའི་ཚེས་ ༡ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ཏའེམ་སི་ཁེ་ཝེར་ (Times Square) དུ་འབར་རྫས་གཡུག་རྒྱུའི་ཐབས་ཤེས་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༤ པའི་ནང་པཱ་ཀི་སི་ཐན་གྱི་པེ་ཤ་ཝར་ (Peshawar) དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ལ་དྲག་རྒོལ་བྱས་ཏེ། མི་གྲངས་ ༦ རྐྱེན་འདས་དང་ ༢༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་སྒེར་རམ་སྒྲིག་འཛུགས་ཤིག་གོ་ལའི་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་བྱས་ཚེ། རྒྱལ་ཁབ་ཚང་མས་འཕྲལ་དུ་དྲག་སྤྱོད་པར་ངོས་འཛིན་བྱས་པའི་མིའམ་ཚོགས་པ་དེའི་ས་ཁང་རྒྱུ་དངོས་སོགས་ཆ་ཚང་གཞུང་བཞེས་བྱེད་སྲོལ་ཡོད་པ་མ་ཟད། གཞུང་ངམ་གཞན་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་ཚོགས་པ་དེར་དཔལ་འབྱོར་གྱི་མཐུན་འགྱུར་བསྐྲུན་མཚམས་འཇོག་དགོས་ཤིང་། ཚོགས་པའམ་མི་སྒེར་དེར་འགྲིམ་འགྲུལ་དང་གོ་མཚོན་ཉོ་ཚོང་བཀག་སྡོམ་བྱེད་དགོས། དེ་བཞིན་རྒྱལ་ཁབ་སུས་ཀྱང་ཚོགས་པའམ་མི་སྒེར་དེར་དམག་སྦྱོང་ངམ། ཡང་ན་དམག་དོན་ལམ་སྟོན་སོགས་བྱེད་ཆོག་གི་མེད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

The post ཐ་ལི་བྷན་གྱི་མགོ་འཁྲིད་གོ་ལའི་དྲག་སྤྱོད་པའི་ཐོ་གཞུང་ནང་བཅུག appeared first on བོད་ཀྱི་དུས་བབ།.

གློག་བརྙན་བཟོ་སྐྲུན་ཁང་དག་གིས་རྒྱ་ནག་ལ་ངོ་དགའ་སྤྲེལ་ལད་འཁྲབ་ཀྱི་འདུག

$
0
0

ཨ་རིའི་གློག་བརྙན་བཟོ་སྐྲུན་ཁང་དག་དང་ཧོ་ལི་ཝོ་ཌི་ (Hollywood)སོགས་ཀྱིས་རྒྱ་ནག་གཞུང་ལ་བསྟུན་མཁས་ངོ་དགའ་བྱས་ཏེ་བོད་དང་འབྲེལ་བའི་འཁྲབ་ཚན་རིགས་མེད་པ་བཟོ་ཡི་ཡོད་སྐོར་གསུངས།ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རིའི་ཁྲིམས་དོན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཝེ་ལེམ་པི་བྷར་ (William P. Barr) ལགས་ཀྱི་གཏམ་བཤད་ཅིག་གི་ནང་། ཨ་རིའི་གློག་བརྙན་བཟོ་སྐྲུན་ཁང་ཁག་གིས་ཡང་དང་བསྐྱར་དུ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ཚབས་ཆེ་ཤོས་རྒྱ་ནག་དམར་གཞུང་ཕྱོགས་ལ་ངོ་དགའ་སྤྲེལ་ལད་འཁྲབ་སྟེ། སོ་སོའི་གློག་བརྙན་ལ་གཅོད་གཏུབ་མང་པོ་ཞིག་བྱེད་ཀྱི་ཡོད་སྐོར་སྐྱོན་བརྗོད་གནང་འདུག

གཏམ་བཤད་སྐབས་ཁྲིམས་དོན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཝེ་ལེམ་པི་བྷར་ (William P. Barr) གྱིས། མཱར་ཝལ་གློག་བརྙན་བཟོ་སྐྲུན་ཁང་ (Marvel Studios) གིས་ཕབ་བསྐྲུན་བྱས་པའི་ (Doctor Strange) གློག་བརྙན་ནང་། འཁྲབ་ཁྲིད་པས་གློག་བརྙན་ནང་གི་མི་སྣ་གནའ་མི་ (the ancient one) ཞེས་པ་དེ་བོད་ཀྱི་དགེ་འདུན་པ་ཞིག་ཡིན་ནའང་། བོད་རིགས་ཤིག་ནས་ (Celtic) མི་རིགས་ལ་བསྒྱུར་བ་རེད། འདིའི་ཐད་གློག་བརྙན་གྱི་འཁྲབ་གཞུང་འབྲི་མཁན་གྱིས་གལ་སྲིད་ཁྱེད་ཀྱིས་གློག་བརྙན་ནང་བོད་དེ་ས་ཆ་ཞིག་ལ་ངོས་འཛིན་དང་། གནའ་མི་ཟེར་བའི་མི་སྣ་དེ་བོད་མི་ཞིག་གི་ངོ་བོའི་ཐོག་ནས་འཁྲབ་ཁྲིད་བྱས་ཚེ། ཁྱེད་རང་གིས་རྒྱ་ནག་གི་མི་གྲངས་ཐེར་འབུམ་གཅིག་ལ་ཁོང་ཁྲོ་སློང་གི་ཡོད་པ་དང་། རྒྱ་ནག་དམར་ཤོག་གཞུང་གིས་ང་ཚོས་ཁྱེད་ཀྱི་གློག་བརྙན་སྟོན་གྱི་མིན། རྒྱུ་མཚན། ཁྱེད་ནི་ཆབ་སྲིད་ནང་ཞུགས་ཡོད་པའི་རྐྱེན་གྱིས་ཡིན་ཞེས་བརྗོད་སྲིད་སྐོར་འགྲེལ་བརྗོད་བྱས་པ་རེད། ཅེས་གསུངས་ཏེ། བྱེད་སྟངས་དེ་ནི་ཕྱོགས་གང་ནས་བལྟས་ཀྱང་རྒྱ་ནག་དམར་གཞུང་ལ་ངོ་དགའ་བྱེད་ཀྱི་ཡོད་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་གློག་བརྙན་གཅོད་གཏུབ་སྐོར་ལ་སྐད་ཆ་གཅིག་ཀྱང་བཤད་མི་དགོས་པར། གློག་བརྙན་འཁྲབ་གཞུང་འབྲི་མཁན་དང་ཕབ་སྐྲུན་པ་ཚོས་རང་འགུལ་གྱིས་རྒྱ་ནག་དམར་གཞུང་ལ་ལས་དོན་བྱེད་ཀྱི་ཡོད་པ་དང་། ད་ལྟ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ཨ་རིའི་གློག་བརྙན་བཟོ་སྐྲུན་ཁང་ཁག་གི་ནང་ཆེན་པོ་བསླེབས་ཡོད་སྐོར་གསུངས་འདུག

ཡང་ཨ་རིའི་གློག་བརྙན་བཟོ་སྐྲུན་ཁང་ཁག་གི་ནང་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཆེན་པོ་སླེབས་ཡོད་སྐོར་ལ་ཁོང་གིས། རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་རང་བཞིན་གྱི་དྲིལ་བསྒྲགས་རྣམས་རྒྱ་ནག་གི་ས་མཚམས་ལས་བརྒལ་ཏེ། ཨ་རི་ཚུད་པའི་འཛམ་གླིང་ཁྱོན་ཡོངས་སུ་སྤེལ་གྱི་ཡོད་པ་རེད། ཨ་རིའི་བཟོ་ལས་ཁང་ཁག་གིས་རྒྱུན་དུ་ཨ་རིའི་ནང་བཟོ་ལས་ཁང་ཁག་ལ་རང་དབང་དང་ཕྱི་གསལ་ནང་གསལ་གྱི་གནས་སྟངས་ཡོད་ནའང་། གནས་སྐབས་ཀྱི་ཁེ་བཟང་གི་ཆེད་དུ་རྒྱ་ནག་གཞུང་གི་ཤུགས་རྐྱེན་དང་ལེན་བྱེད་ཀྱི་ཡོད་པ་རེད། དཔེར་ན་ཧོ་ལི་ཝོ་ཌིའི་ (Hollywood) གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། བརྙན་ཕབ་པ་སོགས་ཀྱིས་རང་དབང་དང་འགྲོ་བ་མིའི་སྙིང་སྟོབས་ལ་བསྔགས་བརྗོད་དང་ཡི་རང་བྱེད་ཀྱི་ཡོད་པ་དང་། ལོ་ལྟར་ཧོ་ལེ་ཝོ་ཊིའི་གཟེངས་རྟགས་སྤྲོད་སྐབས་ཨ་རིའི་མི་མང་ལ་སྤྱི་ཚོགས་དྲང་བདེན་མིན་སྐོར་ལ་གཏམ་བཤད་སྤེལ་གྱི་ཡོད་པ་རེད། འོན་ཀྱང་། ད་ལྟ་ཡང་དང་བསྐྱར་དུ་ཧོ་ལེ་ཝོ་ཊི་གློག་བརྙན་བཟོ་སྐྲུན་ཁང་གིས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཆེ་ཤོས་གཏོང་མཁན་རྒྱ་ནག་དམར་གཞུང་ལ་ངོ་དགའ་བྱས་ཏེ། སོ་སོའི་གློག་བརྙན་ལ་གཅོད་གཏུབ་མང་པོ་ཞིག་བྱེད་ཀྱི་ཡོད་པ་རེད། གློག་བརྙན་དེ་དག་རྒྱ་ནག་ནང་སྟོན་གྱིན་པ་ཙམ་དུ་མ་ཟད། ཨ་རིའི་གློག་བརྙན་ཁང་ཁག་ཏུ་ཨ་རིའི་མི་སེར་རྣམས་ལའང་སྟོན་གྱི་ཡོད་པ་རེད། ཅེས་གསུངས་ཡོད་པ་རེད།

ཡང་ཁོང་གི་གཏམ་བཤད་ནང་། ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་རྒྱ་ནག་གི་མགོ་ཁྲིད་ཚོས་ཨ་རིའི་མགོ་ཁྲིད་ཚོར་རྒྱ་ནག་གི་སྲིད་བྱུས་ལ་རྒྱབ་སྐྱོར་དགོས་པའི་ཞུ་སྐུལ་བྱེད་པ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང་། ཨ་རིའི་བཟོ་ལས་ཁང་ཁག་གིས་རྒྱ་ནག་གི་དགོས་འདུན་དང་ལེན་མི་བྱ་རྒྱུར་རེ་སྐུལ་ཞུས་འདུག་པ་དང་། གྷོ་གྷུལ་ (Google) དང་ཡ་ཧོ་ (Yahoo) །  (Microsoft) དང་ཀུ་ཤུ་ (Apple) བཟོ་ལས་ཁང་སོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་མཉམ་འབྲེལ་བྱེད་པའི་འདུན་པ་སྟོན་བཞིན་པར་སྐྱོན་བརྗོད་གནང་འདུག་ནའང་།  ཉེ་ལམ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་ཟེར་བའི་དགོས་འདུན་ལྟར། ཨ་རིའི་ངོ་དེབ་ (Facebook) དང་གྷོ་གྷུལ་ (Google)། ཊུ་ཝེ་ཊར་ (Twitter) དང་ (LinkedIn) བཅས་ཀྱིས་མི་སྒེར་གྱི་གནས་ཚུལ་རྒྱ་ནག་གཞུང་ལ་མི་སྤྲོད་པའི་ཐག་གཅོད་བྱས་པར་བསྔགས་བརྗོད་གནང་འདུགགནས་ཚུལ་འདིའི་ཐད་ཁ་སང་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཧྭ་ཁྲིན་ཡེན་ (Hua Chunying) གྱིས། རྒྱ་ནག་གཞུང་ལ་ཨ་རིའི་འཛམ་གླིང་ཐོག་གི་གོ་གནས་དེ་ལེན་ཐབས་བྱེད་པ་དང་། ཨ་རིར་ཁ་གཏད་གཅོག་པའི་བསམ་བློ་མེད་པ་དང་། ཨ་རི་བ་རེ་འགས་རང་ཉིད་ཀྱི་ཁེ་འདོད་དང་ཆབ་སྲིད་ཀྱི་དབང་ཆ་ཐོབ་ཐབས་སུ། མི་མང་དཀྱུས་མའི་བསམ་བློ་བསྒྱུར་རྒྱུར་ཐེ་ཚོམ་མེད་པ་རེད། ཅེས་ཨ་རིའི་ཁྲིམས་དོན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཝེ་ལེམ་པི་བྷར་ (William P. Barr) ལགས་ཀྱི་གཏམ་བཤད་དེ་ནི་མི་འགྱངས་བའི་ཨ་རིའི་འོས་བསྡུའི་ཁྲོད་རང་ཉིད་ལ་རྒྱལ་ཁབ་ཐོབ་པར་དམིགས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག

གསར་འགོད་པ། ཀླུ་མགོན་ཐར།

The post གློག་བརྙན་བཟོ་སྐྲུན་ཁང་དག་གིས་རྒྱ་ནག་ལ་ངོ་དགའ་སྤྲེལ་ལད་འཁྲབ་ཀྱི་འདུག appeared first on བོད་ཀྱི་དུས་བབ།.

ཕྱི་ལོ་ ༡༩༧༥ ལོར་འཛམ་གླིང་མི་མང་ལ་བོད་མི་ངོ་སྤྲོད་ཞུས་པ།

$
0
0

ཀ་ཛུ་ཀོ་ཏ་ཙུ་མུ་ར་ཧིལ་ལ་ཡེར(Dr. Kazuko Tatsumura Hillyer)་གྱིས་བརྩམས།

ནེའུ་ཡོག

ཕྱི་ལོ་ ༡༩༧༢ ལོར་ངས་༧གོང་ས་མཆོག་མཇལ་བ་ནས་བཟུང་ (ཚན་པ་གསུམ་པ་དང་བཞི་པར་གཟིགས) ངས་བོད་པར་ཤ་ཚ་འམ་བརྩེ་བ་ཆེན་པོ་ཞིག་སྐྱེས། དཀའ་ངལ་མང་པོ་ཞིག་གི་འོག་ངས་བོད་ཀྱི་ཨ་ཅེ་ལྷ་མོའི་ཚོགས་པ་ (ད་ལྟའི་རྡ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པ) དེ་༡༩༧༥ ནང་འཛམ་གླིང་ལ་ངོ་སྤྲོད་ཞུས། (དེའི་སྐོར་གྱི་ལོ་རྒྱུས་ ༥ པར་གཟིགས) དེ་སྔ་བྱུང་མ་མྱོང་བ་ཞིག་སྟེ་བོད་མི་རྣམས་ཀྱིས་རང་གི་ཕ་ཡུལ་བཞག་ནས་ཕྱི་རྒྱལ་དུ་ཐོག་མར་བསྐྱོད། འཁྲབ་སྟོན་པ་ཉི་ཤུ་རྩ་བཞི་ནས་ཡོ་རོབ་དང་ཨ་རི་བཅས་ལ་ཐེངས་དང་པོར་སྐོར་སྐྱོད་བྱས། དཀའ་ངལ་ཧ་ཅང་མང་པོའི་འོག་ངས་ཁོང་རྣམས་བདུན་གཉིས་རིང་རྒྱལ་ཁབ་བཞི་སྟེ། ཨོ་སི་ཀྲོ་རི་ཡའི་རྒྱལ་ས་ཝི་ཡ་ན་དང་། དེ་ནས་ནེའུ་ཌར་ལེན་ཌི། ཇར་མ་ནི། སུད་སི་བཅས་ལ་འཁྲབ་སྟོན་སྐོར་སྐྱོད་གོ་སྒྲིག་བྱས། ཁོང་རྣམས་རྒྱལ་ཁབ་དེ་ཚོའི་ནང་འབྱོར་མ་ཐག་རྒྱ་ནག་གཞུང་ནས་ལུང་པ་དེ་ཚོར་སྡིགས་ར་བསྐུལ་ཏེ་ས་གནས་དེ་ཚོའི་ནང་གི་འཁྲབ་སྟོན་ལས་རིམས་རྣམས་རིམ་བཞིན་ཕྱིར་འཐེན་བྱས། ལས་རིམ་འདི་རྣམས་གོ་སྒྲིག་ཞུ་རྒྱུར་དུས་ཡུན་ལོ་གསུམ་ཙམ་འགོར་བ་དང་ཡུལ་ལུང་དེ་གའི་ནང་གི་འཁྲབ་སྟོན་ཁང་གྲགས་ཅན་རྣམས་ཀྱི་ནང་དུ་གཟིགས་འབུལ་ཞུས་མ་ཐུབ་པར་ལས་རིམ་སྣ་མང་ཆུད་ཟོས་སུ་ཕྱིན།  སྐབས་དེར་ཕྱི་རྒྱལ་ནང་བོད་ཀྱི་སྐོར་གནས་ཚུལ་ཤེས་མཁན་ཧ་ལམ་མེད་པ་ལྟ་བུ་རེད། ངས་སྐབས་དེར་དངུལ་འབོར་ཆེན་པོ་གཡར་ནས་འདིའི་ཐོག་འགྲོ་སོང་བཏང་ཡང་སྐབས་དེར་འཁྲབ་སྟོན་ཕྱིར་འཐེན་བྱས་རྐྱེན་ངའི་མ་རྩ་རྣམས་བརྡིབས་ནས་བུ་ལོན་སྤྲད་མ་ཐུབ་པའི་དཀའ་ངལ་བྱུང་།

 

ངའི་བསམ་པར་ཁོང་རྣམས་ཨ་རིར་སྐོར་བསྐྱད་བྱ་རྒྱུ་དེའང་ཕྱིར་འཐེན་གྱིས་ཟློས་གར་བ་རྣམས་རྡ་རམ་ས་ལར་ལོག་འགྲོ་དགོས་རེད་བསམ་ཡང་། ངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྐོར་སྐྱོད་འདི་གོ་སྒྲིག་ཞུ་རྒྱུ་སྙན་སེང་ཞུས་སྐབས་ཁོང་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་བྱུང་བ་དེ་སེམས་ནང་དྲན་ནས་དཀའ་ངལ་གང་བྱུང་ཡང་སྐོར་སྐྱོད་འདི་མུ་མཐུད་རྒྱུར་གདོང་ལེན་བྱེད་པའི་སེམས་ཤུགས་བསྐྱེད།

(ཡོ་རོབ་ནང་འཁྲབ་སྟོན་ཕྱིར་འཐེན་བྱས་རྐྱེན་ཟློས་གར་ཚོགས་མི་རྣམས་སུད་སིར་དུས་ཡུན་ཅུང་རིང་པོར་འགུག་སྡོད་བྱས) ཨ་རི་དང་ཁེ་ན་ཌའི་འཁྲབ་སྟོན་སྐོར་སྐྱོད་བྱ་རྒྱུར་ཡང་ཉེན་ཁ་འདྲ་མི་ཡོང་ངམ་སྙམ་ནས་རང་ཉིད་ལ་སེམས་ཁྲལ་ཕྲན་བུ་བྱུང་། དེར་བརྟེན་ངས་ཨ་རི་གཞུང་གི་བདེ་འཇགས་ལས་ཁུངས་ (U.S Department of State) ལ་མཚན་གྱི་ཆུ་ཚོད་༡༢ ཐོག་ཁ་པར་བཏང་ནས་འཁྲབ་སྟོན་པ་ཚོར་ཛ་དྲག་ཐོངས་མཆན་སྤྲོད་གནང་ཡོང་བའི་རེ་སྐུལ་ཞུས་པ་དང་། འཕྲལ་དུ་ཟློས་གར་དབུ་འཛིན་ལའང་། སང་ཞོགས་ཚོུད་༩ པ་ཏག་ཏག་ལ་སུད་སིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་ཕྱིན་ནས་ཐོངས་མཆན་ཞུ་དགོས་པ་དང་། སྐད་ཆ་གང་ཡང་མི་བཤད་པར་ཐོངས་མཆན་ཞུས་པ་དང་ཐོན་ཕྱིན་ཏེ། སུད་སིའི་རི་རྒྱུད་ནས་གང་ཙམ་རིང་ཡིབ་སྡོད་དགོས་སྐོར་མངགས།

དེའི་སང་ཉིན་དེར་ཡོ་རོབ་ཀྱི་ཞོགས་པའི་ཆུ་ཚོད་༩ པ་ཟིན་རྗེས་ཕྲན་གྱི་ནེའུ་ཡོག་སྡོད་ཁང་དུ་ཁ་པར་ཞིག་འབྱོར་ནས་བརྗོད་གསལ་ལ། འཁྲབ་སྟོན་པ་རྣམས་ད་ལྟ་གང་དུ་ཡོད། ཁོང་ཚོའི་ཐོངས་མཆན་ལག་འཁྱེར་ཐོག་དཀའ་ངལ་འདུག་པས་ད་ལྟ་མྱུར་དུ་ཨ་རིའི་དོན་གཅོད་ཁང་དུ་ཡོང་དགོས། ཞེས་བརྗོད་བྱུང་།  ངས་དེའི་སྐོར་མི་ཤེས་མདོག་མདོག་གིས། ཁོང་ཚོ་གང་དུ་ཕྱིན་པ་ཡིན་ངས་ཤེས་མ་སོང་། ངས་ཁོང་ཚོར་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག ཅེས་ལབ་པ་ཡིན།

ཉིན་དེར་ལམ་འགྲོ་ཞེ་དྲག་རྒྱུགས་བྱུང་། ཞོགས་པ་དེར་དུས་ཐོག་ཐོངས་མཆན་ཞུས་མ་ཐུབ་པར་ཉིན་གཅིག་ཙམ་འགྱངས་ཡོད་ཚེ། གཞུང་ཚབ་ནས་ཐོངས་མཆན་ལག་འཁྱེར་ཕྱིར་འཐེན་བྱས་ཡོད་ངེས་ལ། ཨ་རིའི་ནང་རིག་གཞུང་འཁྲབ་སྟོན་གཏན་ནས་ཐུབ་ཡོད་པ་མ་རེད། གལ་སྲིད་ནེའུ་ཡོག་གི་རྗོན་ཨེབ་ཧྥུ་ཁེ་ནི་ཌི་རྒྱལ་སྤྱིའི་གནམ་ཐང་ (John F. Kennedy International Airport) དུ་ཐད་ཀར་བབས་ཚེ་ཁོང་ཚོར་དཀའ་ངལ་འཕྲད་སྲིད་པས་། ངས་ཁོང་རྣམས་ཀྱི་འགྲུལ་བཞུད་ལས་རིམ་ལ་གློ་བུར་དུ་འགྱུར་བ་བཏང་སྟེ་ཁོང་ཚོ་ཁེ་ཎ་ཌ་དང་ཨ་རིའི་ས་མཚམས་ན་ཡ་སྒ་ར་ཧྥོལ་ (Niagra Fall) དུ་འབབ་བཅུག་ནས་རྐང་པ་བརྒྱབ་སྟེ་ཨ་རིའི་ནང་འབྱོར་ཐུབ་པ་བྱུང་། ཟློས་གར་གྱི་རིག་གཞུང་འཁྲབ་སྟོན་གྱི་ལས་རིམ་རྣམས་ས་གནས་གང་སར་ཧ་ཅང་ལེགས་འགྲུབ་ཆེན་པོ་བྱུང་ཡང་། རྒྱ་ནག་དམར་ཤོག་ལ་དགའ་ཞེན་ཅན་གང་མང་ཞིག་གིས་ང་ཚོས་འཁྲབ་སྟོན་མགོ་འཛུགས་མ་བྱས་གོང་དུ་སྐད་འབོད་དང་ཟང་ཟིང་མང་པོ་བཟོས་སོང་།

འཁྲབ་སྟོན་པ་རྣམས་སྤྱི་སྤྱོད་རླངས་འཁོར་ཆུང་ཆུང་ཞིག་གི་ནང་ནས་ནེའུ་ཡོག་ཏུ་འབྱོར་རྒྱུར་དཀའ་ངལ་ཕྲད་ཀྱང་གདོང་ལེན་བྱས་མཐར་ཁོང་རྣམས་བདེ་འབྱོར་བྱུང་བ་མ་ཟད། དེ་གར་འཁྲབ་སྟོན་ཧ་ལས་པ་ཡག་པོ་བྱུང་། ཡིན་ཡང་། ང་ཚོ་ནེའུ་ཡོག་ཏུ་འབྱོར་དུས་ངའི་དངུལ་ཚང་མ་རྫོགས་ནས་སྟོང་པར་གྱུར་འདུག་པས། གཞན་པའི་ས་ནས་དངུལ་གཡར་ཏེ་ཁོང་ཚོའི་འགྲོ་གྲོན་ཆ་ཚང་ངས་བཏང་བ་ཡིན། གང་ལྟར་ང་ཚོར་དཀའ་ངལ་རིམ་པ་མང་པོ་ཕྲད་ཀྱང་ཟློས་གར་བ་རྣམས་ནས་འཁྲབ་སྟོན་ཧ་ཅང་ཡག་པོ་གནང་བ་དང་མཐར་ང་ཚོར་རྒྱལ་ཁ་ཐོབ།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་མཇལ་བ་ནས་བཟུང་ངས་ད་བར་བོད་པའི་དྭ་ཕྲུག་རྣམས་ལ་རོགས་རམ་བྱེད་བཞིན་ཡོད། ངས་དུས་རྟག་ཏུ་བོད་ཕྲུག་རྣམས་སྐྱེས་མ་ཐག་ནས་བྱམས་སྙིང་རྗེ་ལྡན་པ་འདི་ལྟར་བྱུང་བའི་རྒྱུ་མཚན་ཅི་ཡིན་ནམ་སྙམ་པ་ལྟར་ངས་༧གོང་ས་མཆོག་ལ་དེའི་སྐོར་བཀའ་འདྲི་ཞུས་སྐབས་ཁོང་ནས། བོད་པའི་ཨ་མ་རྣམས་ལ་མངལ་ཆགས་པ་ནས་བཟུང་ཁོང་མོ་ཚོས་སློབ་སྦྱོང་དང་སྨོན་ལམ་གང་ཐུབ་ཐུབ་བརྒྱབ་སྟེ། སོ་སོའི་མངལ་དུ་ཡོད་པའི་ཕྲུ་གུ་དེ་བྱམས་བརྩེ་ལྡན་པའི་མི་ཞིག་ཡོང་ཐབས་བྱེད་ཀྱི་ཡོད་པ་དང་། དེ་ནི་བོད་པའི་ཨ་མ་ཞིག་གི་ལས་འགན་ཡང་རེད། ཅེས་གསུངས་བྱུང་།

༧གོང་ས་མཆོག་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དགོས་པའི་བཀའ་སློབ་ཡང་ནས་ཡང་དུ་གནང་བ་དང་བོད་ཀྱི་རིག་གཞུང་ནང་ཁྱད་དུ་འཕགས་པ་དེ་ནི་བྱམས་བརྩེ་ཡིན་པར་དགོངས་པ་དང་། རང་ལས་གཞན་གཅེས་ཀྱི་བསམ་བློ་རླབས་ཆེན་འདི་ནི་བོད་ཀྱི་རིག་གཞུང་གི་སྙིང་བཅུད་ཡིན་པས་མི་ཉམས་རྒྱུན་འཛིན་དགོས་པ་དེ་༧གོང་ས་མཆོག་གི་ཐུགས་རེ་ཉག་ཅིག་ཡིན་པ་རེད།

བློ་ཕམ་ཞིག་ལ་དེང་སྐབས་ཉི་ཧོང་ནང་རང་ལས་གཞན་གཅེས་ཀྱི་རིག་གཞུང་དེ་ཉམས་རྒུད་དུ་འགྲོ་བཞིན་པ་རེད། ཉི་ཧོང་ནང་དམག་ཆེན་མ་བྱུང་གོང་དང་། བྱུང་རྗེས་སུ་མི་ཀུན་ལ་འདི་ལྟ་བའི་བསམ་བློ་ཡོད་པ་དང་། ཉེ་བའི་ཆར་ཉི་ཧོང་བྱང་ཕྱོགས་སུ་ས་ཡོམ་གྱི་གནོད་སྐྱོན་འབྱུང་སྐབས་བསམ་བློ་དེ་སླར་ཡང་ཚོར་བྱུང་། ང་རང་དམག་ཆེན་སྐབས་འཚར་ལོངས་བྱུང་ཡོད་པས་དེའི་སྐོར་གསལ་པོ་དྲན་གྱི་འདུག ངས་བོད་མིའི་གནས་སྟངས་མཐོང་སྐབས་དམག་འཁྲུག་རྗེས་ཀྱི་ཉི་ཧོང་བའི་དཀའ་ངལ་རྣམས་དྲན་ཡོང་གི་འདུག

ཉེ་བའི་ཆར་ཚན་རིག་པས་ཞིབ་འཇུག་བྱེད་སྐབས་བོད་པའི་སྐྱེས་པ་དང་ཉི་ཧོང་བའི་སྐྱེས་པ་ཕོ་རྣམས་ལ་DNA ཁྲག་རིགས་འདྲ་བོ་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས། འདི་ནི་ང་ཚོ་འབྲེལ་བའི་ཐབས་ལམ་ཞིག་རེད་དམ། ངའི་སེམས་གཏིང་ལ་བོད་དང་ཉི་ཧོང་བར་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། བོད་མིར་ཡོད་པའི་ཁྱད་ཆོས་བཟང་པོ་དེ་དག་སྔོན་ཆད་ཉི་ཧོང་བ་ལའང་ཡོད་པ་རེད།  རྒྱལ་སྤྱིའི་ནང་བོད་མི་འབུམ་གཉིས་ཙམ་ཡོད་པ་རྣམས་ནས་བཙན་བྱོལ་ནང་རང་ནུས་གང་ལྕོགས་ཀྱིས་འཚོ་བའི་ལས་ལ་བརྩོན་པ་དང་། བོད་མི་ས་ཡ་དྲུག་བདུན་ཞིག་རྒྱ་ནག་ནང་ཡོད་པ་ཚང་མ་རྒྱལ་ཁབ་མེད་མཁན་རྐྱང་རྐྱང་ཡིན་པ་རེད། ལུང་པ་མེད་པའི་མི་དེ་དག་གིས་ནམ་ཞིག་ལ་འཛམ་གླིང་མི་མང་རྣམས་སྲོག་ཉེན་ལས་སྐྱོབ་ཐུབ་པར་སྙམ།

བོད་མི་རེ་རེ་སྤྱང་གྲུང་འཛོམས་པོ་དང་གཤིས་སྤྱོད་བཟང་པོ་ཡོད་པ་དང་། ཉི་ཧོང་བ་ཚོ་ལའང་དེ་སྔ་འདི་འདྲའི་གཤིས་སྤྱོད་ཡོད་རུང་དཔལ་འབྱོར་ལ་ཞེན་ཆགས་ཆེ་བས་རིམ་པས་གཤིས་ཀ་ཉམས་སོང་བ་རེད། བོད་མི་མང་པོས་གཞན་ལ་ཕན་ཐོགས་སྒྲུབ་རྒྱུར་སེམས་ཤུགས་ཆེན་པོ་ཡོད། དེ་ནི་ཁོང་ཚོས་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་ཡོད་པའི་དབང་གིས་རེད། མ་འོངས་པར་བོད་མི་ཚོས་འཛམ་གླིང་གི་དབུ་འཁྲིད་གནང་ཐུབ་རྒྱུ་དེ་ནི་ངའི་སྨོན་ལམ་དང་རེ་བ་ཆེ་ཤོས་ཡིན།

༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་ནི་བོད་མི་དང་ནང་པ་ཙམ་གྱི་དབུ་འཁྲིད་མ་ཡིན་པར། ས་མཚམས་ཀུན་ལས་བརྒལ་ཏེ་འཛམ་གླིང་འདིའི་འགྲོ་བ་མིའི་རིགས་ཀུན་གྱི་དབུ་འཁྲིད་ཡང་དག་ཅིག་ཏུ་གྱུར་ཡོད། བོད་མི་ཚོས་ཉི་ཧོང་བ་རྣམས་ཀྱིས་ད་བར་བསྒྲུབས་མ་ཐུབ་པ་དག་སྒྲུབ་སྲིད་པ་ཞིག་ཡིན། བོད་མི་ཚོར་རང་གི་རྒྱལ་ཁབ་མེད་ནའང་། ཁོ་ཚོར་མིའི་རིགས་ལ་མཁོ་བའི་སྙིང་རྗེ་དེ་ཡོད།

དུས་བབ་གསར་ཁང་གི་མཆན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ཟློས་གར་ཚོགས་པ་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་ནང་གསར་དུ་བཙུགས་ཡོད་པ་དང་།  བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་སླད་བོད་ཀྱི་ཟློས་གར་ཚོགས་པ་ནས་ད་བར་འཛམ་གླིང་རྒྱལ་ཁབ་ཁྱོན་  ༣༧ ནང་རིག་གཞུང་འཁྲབ་སྟོན་གྱི་སྐོར་སྐྱོད་གནང་ཡོད་པ་དང་། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཁག་ཕུད་པའི་ཡུ་རོབ་དང་ཨ་རི། ཨེ་ཤ་ཡའི་རྒྱལ་ཁབ་ཐའེ་ཝན་དང་སོག་པོ་སོགས་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་གི་ནང་སྐོར་སྐྱོད་གནང་ཡོད་འདུག་ལ། རྒྱལ་ཁབ་ཁག་ཅིག་ནང་ཐེངས་མང་རིང་རིག་གཞུང་སྐོར་སྐྱོད་བྱས་པའི་ཁྲོད་ཨ་རི་ལྟ་བུར་ཆ་མཚོན་ན་ཐེངས་ ༡༥ ལ་སྐོར་སྐྱོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གཞུང་གི་བཀོད་བྱུས་འོག་གནོན་ཤུགས་བཀག་འགོག་རིགས་ཐེངས་མང་བྱུང་ཡོད་པ་མ་ཟད། སྐབས་རེར་རིག་གཞུང་འཁྲབ་སྟོན་མ་ཐུབ་པའི་གནས་སྟངས་ཀྱང་བྱུང་ཡོད་པ་དང་། སྐབས་རེར་རྒྱལ་ཁབ་གཞན་གྱི་མི་མང་གི་རྒྱབ་སྐྱོར་འོག་རྒྱ་ནག་གི་གནོན་ཤུགས་ལས་རྒྱལ་ཁ་ཐོབ་པའང་བྱུང་ཡོད་འདུག

The post ཕྱི་ལོ་ ༡༩༧༥ ལོར་འཛམ་གླིང་མི་མང་ལ་བོད་མི་ངོ་སྤྲོད་ཞུས་པ། appeared first on བོད་ཀྱི་དུས་བབ།.

ཉམ་ཐག་མང་པོར་རོགས་རམ་གནང་མཁན་བོད་རིགས་གཞོན་ནུ་བསྟན་འཛིན་དཀོན་མཆོག

དབྱིན་རྒྱ་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་འགྱུར་བཞིན་འདུག

$
0
0

དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཌོ་མི་ནེག་རཱབ་ལགས་ཀྱིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པས་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་སྣང་མེད་དུ་གཏོང་ཐབས་མེད་སྐོར་བརྗོད་འདུགཁ་སང་ཕྱི་ཚེས་ ༡༩ ཉིན་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཌོ་མི་ནེག་རཱབ་ (Dominic Raab) ལགས་ཀྱིས་བྷི་བྷི་སི་གསར་ཁང་གི་བཅར་འདྲིའི་སྐབས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་པར་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གི་འབྲེལ་ཡོད་མགོ་འཁྲིད་ཚོར་དཔལ་འབྱོར་ཉེས་ཆད་གཅོད་རྒྱུ་དེ་སྣང་མེད་དུ་གཏོང་ཐབས་མེད་སྐོར་བརྗོད་པ་དང་། དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ལུའུ་ཞོ་མེན་ (Liu Xiaoming) ཟེར་བས། གལ་ཏེ་དབྱིན་ཡུལ་གྱིས་རྒྱ་ནག་གི་མི་སྒེར་སུ་རུང་ལ་དཔལ་འབྱོར་ཉེས་ཆད་བཅད་ཚེ། རྒྱ་ནག་ངོས་ནས་ཀྱང་དེར་མཐུན་གྱི་ཡ་ལན་སྤྲོད་རྒྱུ་ཡིན་སྐོར་བཤད་འདུག

བྷི་བྷི་སི་གསར་ཁང་གི་བཅར་འདྲིའི་ཐོག་ཌོ་མི་ནེག་རཱབ་ལགས་ཀྱིས། ཤིན་ཅང་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་མངོན་གསལ་ཆགས་ཡོད། དེར་བརྟེན་ང་ཚོས་འདིའི་ཐད་རྒྱལ་སྤྱིའི་མཐུན་གྲོགས་ཁག་དང་མཉམ་ལས་བྱེད་བཞིན་ཡོད། དེ་ནི་ཧ་ཅང་བློ་འཚབ་སྐྱེ་གཞིའི་གནད་དོན་ཞིག་ཡིན་པ་རེད། ཅེས་དང་། བཙན་གྱིས་སྐྱེ་སྒོ་འགོག་ཐབས་ (Force Strelization) ནས་ཆབ་སྲིད་བཅོས་བསྒྱུར་ཁང་ཞེས་པ་དག་ནི་ང་ཚོས་དུས་ཡུན་རིང་པོའི་ནང་མཐོང་མྱོང་མེད་པའི་གནད་དོན་ཞིག་ཡིན། དེ་ཡང་རྒྱལ་སྤྱིའི་སྣེ་ཁྲིད་རྒྱལ་ཁབ་ (རྒྱ་ནག) ཅིག་ནས་ཐོན་བཞིན་ཡོད་ལ། ཁ་གསང་པོར་བཤད་ན་ང་ཚོས་རྒྱལ་ཁབ་དེར་འབྲེལ་བ་བཟང་པོ་ཞིག་འཛུགས་འདོད་ཡོད་ཀྱང་། བྱེད་སྟངས་འདི་ལྟ་བུར་ང་ཚོས་སྣང་མེད་ཀྱིས་ཁུ་སིམ་མེར་སྡོད་ཐབས་མེད། ཅེས་རྒྱ་ནག་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ། འདས་པའི་བདུན་ཕྲག་འགའི་རིང་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཛ་དྲག་ཏུ་འགྱུར་བཞིན་པ་དེ་སྔར་བས་ཛ་དྲག་ཏུ་འགྲོ་ཡི་ཡོད་འདུག

བྷི་བྷི་སི་གསར་ཁང་ལ་རྒྱ་ནག་གི་གཞུང་ཚབ་པ་ལུའུ་ཞོ་མིན་གྱིས།  དབྱིན་ཡུལ་གྱིས་རྒྱ་ནག་གི་མགོ་འཁྲིད་ཚོར་དཔལ་འབྱོར་ཉེས་ཆད་འགེལ་རྒྱུ་དེ་ནོར་འཁྲུལ་ཞིག་ཡིན་པ་དང་། རྒྱ་ནག་དང་དབྱིན་ཡུལ་གྱི་འབྲེལ་ལམ་དེ་ཨ་རྒྱའི་འབྲེལ་བ་ལྟ་བུ་ཞིག་ཏུ་འགྱུར་ན་འདོད་ཀྱི་མེད་ཅིང་། དབྱིན་ཡུལ་ལ་རང་རྐྱ་འཕེལ་བའི་ཕྱི་འབྲེལ་སྲིད་བྱུས་ཤིག་ཡོད་དགོས་པ་ལས། ཨ་རི་ལ་ལད་མོ་བྱ་རྒྱུ་མེད་སྐོར་དང་། ཤིན་ཅང་ཁུལ་དུ་བསྒྱུར་བཅོས་ཁང་དང་བཀག་ཉར་ཁང་ཡོད་སྐོར་གྱི་གནས་ཚུལ་རྣམས་བདེན་པ་མིན་སྐོར་གྱི་རྒོལ་གཏམ་སྤེལ་ཡོད་འདུག

ཡང་བྷི་བྷི་སིའི་བཅར་འདྲིའི་ཐོག་གསར་འགོད་པ་རྒན་གྲས་ཨེན་ཌེ་རིའུ་མཱར་ (Andrew Marr) གྱིས་རྒྱ་ནག་གི་གཞུང་ཚབ་པ་ལུའུ་ཞོ་མེན་ལ། སྐྲ་བཞར་བའི་ཡུ་གུར་བ་རྣམས་ཀྱི་མིག་ལ་རས་བཀྲིས་ཏེ་མེ་འཁོར་ནང་རིམ་པས་འཇུག་བཞིན་པའི་བརྙན་ཐུང་ཞིག་ཐོན་ཡོད་པ་དེ་བསྟན་ནས། བརྙན་ཐུང་ནང་གི་གནས་ཚུལ་དེ་གང་ཡིན་དྲིས་པར། ཁོ་པར་དེའི་སྐོར་ཤེས་རྟོགས་མེད་པ་དང་། རྒྱལ་ཁབ་ཚང་མའི་ནང་བཙོན་པ་གནས་སྤོ་བྱེད་ཀྱི་ཡོད་སྐོར་དང་། ཤིན་ཅང་ནང་བསྒྱུར་བཅོས་ཁང་ཟེར་བ་ཞིག་མེད་པ་དང་། ནུབ་གླིང་གི་ཞིབ་འཇུག་ཁང་དག་གིས་རྒྱ་ནག་ལ་མ་ཉེས་ཁག་གཡོག་བྱེད་པ་ཐེངས་མང་པོ་ཡིན་སྐོར་བརྗོད་འདུག་ལ། བརྙན་ཐུང་དེ་འདས་ལོའི་ཕྱི་ཟླ་ ༩ པའི་ནང་ཡུ་ཊུབ་ཏུ་ཐོན་ཏེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་པོ་བྱུང་ཡོད་པ་མ་ཟད། ཨོ་གླིང་གི་བདེ་སྲུང་ཚན་པས་བརྙན་ཐུང་དེ་ཉིད་བཅོས་མ་ཞིག་མིན་པར་དངོས་སུ་བླངས་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།ཟླ་སྔོན་མར་ཨ་རིར་རྟེན་གཞི་བྱས་པའི་ Associated Press གསར་ཁང་དང་། གཞན་ཡང་ཇེམ་སི་ཊོན་ཞིབ་འཇུག་ཁང་ (The Jamestown Foundation) གིས། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོག་སྐྱེ་སྒོ་རྩ་འགོག་གི་ཐབས་བྱུས་ལག་བསྟར་བྱས་ཏེ། གྲངས་ཉུང་མི་རིགས་ཁག་གི་མི་འབོར་ཉུང་དུ་གཏོང་བཞིན་ཡོད་པ་དང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་རྩ་མེད་ཀྱི་ཆ་རྐྱེན་དུ་འགྱུར་སྲིད་སྐོར་གྱི་ཞིབ་འཇུག་གནས་ཚུལ་བཏོན་པར་བརྟེན། རྒྱལ་སྤྱིའི་ཚོགས་སྡེ་དང་རྒྱལ་ཁབ་མང་པོས་རྒྱ་ནག་ལ་སྐྱོན་བརྗོད་དང་སྦྲགས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནད་དོན་དེར་རང་དབང་ལྡན་པའི་ཞིབ་འཇུགབྱེད་དགོས་པའི་འབོད་སྐུལ་བྱས་ཡོད་འདུག

ད་ཐེངས་ཀྱི་བརྙན་ལམ་བཅར་འདྲིའི་སྟེང་རྒྱ་ནག་གི་གཞུང་ཚབ་པ་ལུའུ་ཞོ་མེན་ལ་དེའི་སྐོར་འདྲི་སྐབས་ཁོ་པས། རྒྱ་ནག་གཞུང་གིས་དེ་ལྟ་བུའི་སྲིད་བྱུས་ཤིག་ལག་བསྟར་བྱེད་ཀྱི་མེད་པ་དང་། འདས་ལོའི་ལོ་ངོ་བཅུ་ཕྲག་བཞིའི་རིང་ཡུ་གུར་མི་རིགས་ཀྱི་གྲངས་འབོར་དེ་ལྡབ་གཅིག་གིས་ཡར་འཕར་ཡོད་སྐོར་བརྗོད་འདུག ཡིན་ན་ཡང་། ཉེ་ཆར་ཨ་རིའི་དམར་ཤོག་རིང་ལུགས་ཀྱིས་གནོད་འཚེ་ཕོག་པ་རྣམས་ཀྱི་དྲན་གསོའི་ཐེབས་རྩ་ (Victims of Communism Memorial Foundation) ཟེར་བའི་ཁེ་མེད་ཚོགས་པས་བཏོན་པའི་ཞིབ་འཇུག་སྙན་ཐོའི་ནང་། ཕྱི་ལོ་ ༢༠༡༣ ནས་ ༢༠༡༨ བར་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ལྗོངས་ཟེར་བའི་ཡུ་གུར་བ་འདུས་སྡོད་ཆེ་བའི་ཁུལ་ཆེ་ཤོས་གཉིས་ནང་གི་མི་འབོར་དེ་བརྒྱ་ཆ་ ༨༠ ཡིས་མར་ཆག་ཡོད་པ་དང་། དེ་བཞིན་སྙན་ཐོའི་ནང་ཕྱི་ལོ་ ༢༠༠༥ ནས་ ༢༠༡༥ བར་ཤིན་ཅང་གི་མི་འབོར་གང་འཚམ་འཕར་འདུག་ཀྱང་། དེའི་རྗེས་བསྟུད་མར་ཆག་ཡོད་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གསར་ཟེར་བ་དངོས་སུ་ལག་བསྟར་བྱས་པ་དང་བསྟུན། དབྱིན་ཡུལ་གཞུང་གིས་ཧོང་ཀོང་གི་མི་སེར་ས་ཡ་ ༢།༦ ལྷག་ལ་དབྱིན་ཡུལ་དུ་གནས་སྡོད་བྱེད་ཆོག་པའི་ཡིག་ཆ་སྤྲོད་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་ཕྱི་ལོ་ ༡༩༨༤ ལོར་དབྱིན་ཡུལ་དང་ལྷན་དུ་བཞག་པའི་ཧོང་ཀོང་རྩིས་སྤྲོད་ཀྱི་ཡོངས་ཁྱབ་བསྒྲགས་གཏམ་དེ་རྡོག་རོལ་བཏང་ཡོད་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཛ་དྲག་དུ་གྱུར་ཡོད་མེད་ལ་མ་ལྟོས་པར། ད་ལྟའི་ཆར་དབྱིན་ཡུལ་གཞུང་གིས་ཧོང་ཀོང་དང་ལྷན་དུ་བཞག་པའི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་གན་རྒྱ་དེ་རྩིས་མེད་གཏོང་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

གཞན་ཡང་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་དབྱིན་ཡུལ་གྱིས་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཧྭ་ཝེ་ (Huawei) ལ་ཤུགས་ཚད་ ༥ པའི་དྲ་ལམ་  (5G networks) གྱི་ལས་གཞིའི་ནང་ཞུགས་རྒྱུའི་ཆོག་མཆན་སྤྲད་ཡོད་ཀྱང་། ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཐག་གཅོད་དེ་རྩིས་མེད་བཏང་སྟེ། ཧྭ་ཝེ་དབྱིན་ཡུལ་གྱི་ཤུགས་ཚད་ ༥ པའི་དྲ་ལམ་ལས་གཞིའི་ནང་ཞུགས་རྒྱུར་བཀག་སྡོམ་བྱས་ཡོད་པ་མ་ཟད། དབྱིན་ཡུལ་གྱི་དྲ་ལམ་གཏོང་མཁན་གྱི་སྤྱི་གཉེར་ཁང་ཚོས་ད་ལྟ་སྤྱོད་བཞིན་པའི་ཧྭ་ཝེའི་འཕྲུལ་རིག་ཁག་ཕྱི་ལོ་ ༢༠༢༧ སྔོན་ཚུད་དུ་སྤྱོད་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་འདུག དེ་བཞིན་དབྱིན་ཡུལ་གྲོས་ཚོགས་ནས་མང་ཚོགས་ཁྲོད། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པར་དཔལ་འབྱོར་ཉེས་ཆད་གཅོད་དགོས་པའི་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་བརྩམས་པ་དེར། དེ་རིང་གི་ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ བར་ཁྱོན་མིང་རྟགས་ ༡༡༦༦༩༡ བཀོད་འདུག་པར་བརྟེན། དབྱིན་ཡུལ་གྱི་གྲོས་ཚོགས་ར་བའི་ནང་དེའི་སྐོར་བགྲོ་གླེང་བྱ་རྒྱུ་ཡིན་པ་མ་ཟད། དབྱིན་ཡུལ་གཞུང་ནས་ཀྱང་དེར་བཀའ་ལན་སྤྲོད་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

The post དབྱིན་རྒྱ་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་འགྱུར་བཞིན་འདུག appeared first on བོད་ཀྱི་དུས་བབ།.


བོད་ཀྱི་གྲོགས་པོ་ཞིག་སྐུ་གྲོངས་བར་ཐུགས་གསོའི་གསུང་འཕྲིན་བསྩལ།

$
0
0

ཨ་རིའི་གྲོས་ཚོགས་འཐུས་མི་ཇོན་ལེ་ཝི་སི་ལགས་ནས་འཚེ་མེད་ཞི་བ་དང་དྲང་བདེན་འཐབ་རྩོད་ཀྱི་དབུ་འཁྲིད་གནང་བར་བསྔགས་བརྗོད་དང་སྦྲགས་ཁོང་སྐུ་གྲོངས་བར་ཐུགས་ཕམ་ཆེན་པོ་གནང་།ཁ་སང་ཕྱི་ཚེས་ ༡༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉེ་ལམ་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འཐུས་མི་ཇོན་ལེ་ཝི་སི་ (John Lewis) སྐུ་གྲོངས་པར་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། ཡིད་སྐྱོའི་གནས་ཚུལ་གསན་རྗེས་ཐུགས་ཕམ་བྱུང་བ་དང་། ཁོང་ནི་ཨ་རིའི་སྤྱི་མང་ཐོབ་ཐང་ལས་འགུལ་བའི་སྣེ་ཁྲིད་པ་ཙམ་དུ་མ་ཟད། ཁོང་གི་འཚེ་མེད་ཞི་བ་དང་དྲང་བདེན་ལ་བཅིངས་བའི་དམ་བཅའ་བརྟན་པོ་དེ་ཡིས། ཁོང་ནི་འཛམ་གླིང་ཐོག་མི་མང་གི་སེམས་ལ་སྐུལ་མ་བྱེད་མཁན་ཞིག་ཏུ་གྱུར་ཡོད་སྐོར་གསུངས་འདུག

དེ་ཡང་གསུང་འཕྲིན་ནང་། འཛམ་གླིང་གི་མི་མང་ས་ཡ་མང་པོ་ལྟར། ངོས་ཀྱང་མར་ཌིན་ལུ་ཐར་ཁིན་ (Dr. Martin Luther King Jr)  ལ་བསྔགས་བརྗོད་བྱེད་མཁན་ཞིག་ཡིན། ངོས་ཀྱིས་འཚེ་མེད་ཞི་བའི་སྐོར་ལ་བཤད་སྐབས། ཡང་ཡང་བདག་ཉིད་ཆེན་པོ་གྷན་དྷི་དང་། ནེལ་སེན་མན་ཌྷ་ལ་ (Nelson Mandela) ། མར་ཌིན་ལུ་ཐར་ཁིན་བཅས་ཀྱི་སྐོར་བཤད་ཀྱི་ཡོད། ཨ་རིའི་གྲོས་ཚོགས་འཐུས་མི་ཇོན་ལེ་ཝི་སི་ (John Lewis) ཡིས་མར་ཌིན་ལུ་ཐར་ཁིན་ངོ་ཤེས་ཀྱི་ཡོད་པ་ཙམ་དུ་མ་ཟད། ཁོང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་རེད། ངོས་རང་མར་ཌིན་ལུ་ཐར་ཁིན་ལ་དངོས་སུ་ཐུག་འཕྲད་བྱེད་པའི་བསྐལ་བ་མ་བྱུང་ནའང་། གྲོས་ཚོགས་འཐུས་མི་ཁོང་བརྒྱུད་མར་ཌིན་ལུ་ཐར་ཁིན་ལ་ཐད་ཀར་འབྲེལ་འདྲིས་བྱུང་བའི་ཚོར་སྣང་སྤྲད་བྱུང་། ཞེས་གསུངས་འདུག

དེ་བཞིན་གསུང་འཕྲིན་གྱི་མཇུག་ཏུ། དམངས་གཙོའི་གཞི་རྩའི་རིན་ཐང་སྟེ་རང་དབང་དང་འདྲ་མཉམ། དྲང་བདེན་བཅས་སུ་ཁོང་ལ་བཅོས་མིན་གྱི་དགའ་ཞེན་ཡོད་པར་བརྟེན། ཁོང་དང་ཆབ་སྲིད་ཀྱི་ལྟ་ཚུལ་མི་མཐུན་མཁན་ཚོའི་ཁྲོད་ཀྱང་ཁོང་ལ་བསྔགས་བརྗོད་ཐོབ་ཡོད་པ་རེད། ཁོང་གིས་སྤྱི་མང་ཞབས་འདེགས་ཡུན་རིང་ཞུ་རིང་། ཨ་རིའི་མི་མང་མང་པོར་དྲང་བདེན་དང་ཞི་བདེའི་འཐབ་རྩོད་འཚེ་བ་མེད་པར་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་དང་། ད་ལྟ་ཁོང་འཚོ་བཞུགས་མེད་ནའང་། ཁོང་གིས་གཞན་ལ་བསྟན་པའི་མིག་དཔེ་ཡིས་མུ་མཐུད་ཨ་རིའི་མི་མང་གིས་རང་ཉིད་ཀྱི་རྒྱལ་ཁབ་དང་གོ་ལ་ཧྲིལ་བོ་སྔར་ལྷག་བཟང་དུ་གཏོང་བར་སྐུལ་མ་གཏོང་ངེས་རེད། ཅེས་གསུངས་འདུག

དེ་བཞིན་དེ་རིང་ཕྱི་ཚེས་ ༢༠ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཐུགས་གསོ་ཞུས་པའི་ནང་། སེམས་ཧ་ཅང་སྐྱོ་བོའི་ངང་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། ཨ་རིའི་གྲོས་ཚོགས་འཐུས་མི་ཇོན་ལེ་ཝི་སི་ (John Lewis) ལགས་ཀྱི་ཁྱིམ་མི་དང་ཨ་རིའི་གྲོས་ཚོགས། ཨ་རིའི་མི་མང་བཅས་ལ་ཐུགས་གསོ་ཞུ་ཡི་ཡོད། དམ་པ་ཁོང་ནི་ཨ་རིའི་སྤྱི་མང་ཐོབ་ཐང་ལས་འགུལ་ཁྲོད་ཀྱི་མི་སྣ་རླབས་ཆེན་ཞིག་ཡིན་ཞིང་། ཁོང་ནི་འཚེ་མེད་ཞི་བའི་ལམ་ནས་རང་དབང་དང་དྲང་བདེན་ལ་འཐབ་རྩོད་བྱེད་མཁན་གྱི་འཛམ་གླིང་གི་རླབས་ཆེན་མགོ་ཁྲིད་ཁག་ལྟར་དྲན་གསོ་ཞུ་ངེས་ཞེས་དང་། ད་ལྟ་བོད་མི་ཚོས་ཀྱང་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་བདེན་མཐའ་སེལ་ཐབས་བྱེད་ཀྱི་ཡོད་པས། བོད་མི་ཚོས་བོད་དོན་རྒྱབ་སྐྱོར་བ་མི་ཇོན་ལེ་ཝི་སི་ལྟ་བུའི་མགོ་ཁྲིད་ནས་བློ་བསྐྱེད་ལེན་གྱི་ཡོད་སྐོར་བཀོད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇོན་ལེ་ཝི་སི་ (John Lewis) ནི་ཕྱི་ལོ་ ༡༩༤༠ ལོར་ཨ་རིའི་ཨ་ལ་བྷ་མ་མངའ་སྡེའི་ (Alabama) ནང་ཞིང་ལས་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ལོ་ ༧ ལ་སོན་བར་དུ་མི་རིགས་དཀར་པོ་གཉིས་ལས་མཐོང་མྱོང་མེད་པ་རེད། མཐོ་སློབ་སྐབས་ཁོང་གིས་ཆོས་ལུགས་དང་ལྟ་གྲུབ་ཐོག་སློབ་གཉེར་གནང་ཡོད་ནའང་། སྤྱི་དམངས་ཐོབ་ཐང་གི་ལས་འགུལ་ནང་ཡང་ཡང་ཞུགས་ཤིང་། མི་རིགས་དབྱེ་འབྱེད་ཀྱི་ལས་འགུལ་གོ་སྒྲིག་བྱས་སྟབས་འཛིན་བཟུང་བཙོན་འཇུག་ཀྱང་བྱས་མྱོང་ཡོད་འདུག ཕྱི་ལོ་ ༡༩༨༧ ལོར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིར་འདེམས་ཐོན་བྱུང་བ་ནས་བཟུང་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་འདས་གྲོངས་སུ་ཕྱིན་པའི་བར་དུ་སྐབས་ལྔ་ཙམ་ལ་འཐུས་མི་གནང་ཡོད་འདུག་ལ། ཁོང་གིས་༧གོང་ས་མཆོག་ལ་ཡང་ཡང་ཐུག་འཕྲད་གནང་མྱོང་ཡོད་པ་དང་། བོད་དོན་ལ་རྒྱབ་སྐྱོར་ཤུགས་རྐྱེན་གནང་མཁན་ཞིག་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

The post བོད་ཀྱི་གྲོགས་པོ་ཞིག་སྐུ་གྲོངས་བར་ཐུགས་གསོའི་གསུང་འཕྲིན་བསྩལ། appeared first on བོད་ཀྱི་དུས་བབ།.

དབྱར་ཁའི་མཚན་མོ་དེར་ནམ་མཁའ་ནས་མཐོང་བ་དེ།

$
0
0

ཀླུ་སྨྱོན་ཧེ་རུ་ཀ

དོན་དག་དེ་བྱུང་ནས་ལོ་ངོ་བཞི་བཅུ་འདས་ཟིན། ཡིན་ན་ཡང་ངས་དོན་དག་དེ་ནམ་ཡང་བརྗེད་མ་མྱོང་ལ་བརྗེད་ཐབས་ཀྱང་མི་འདུག ལྷག་པར་དུ་ཨ་མ་དྲིན་ཆེན་མ་ཞིང་དུ་གཤེགས་ནས་ལོ་གཅིག་འཁོར་ལ་ཉེ་བའི་དུས་འདིར་དོན་དག་དེ་ཡང་ཡང་སེམས་ནང་འཁོར་ཡོང་།

དེ་ནི་སྤྱི་ལོ་ ༡༩༨༠ ལོའི་དབྱར་ཁའི་མཚན་མོ་ཞིག་ཡིན། ཕྱོགས་བཞིའི་ཕྱི་བརྩེགས་ནང་བརྩེགས་ཀྱི་རི་བོ་ཆེན་པོ་དེ་ཚོས་སྐར་ཚོགས་རྣམ་པར་བཀྲ་བའི་མཚན་ལྗོངས་འདི་གོས་སུ་གྱོན་ནས་གཉིད་དུ་ཡུར་བའི་གྲ་སྒྲིག་ལ་བྲེལ་བཞིན་ཡོད་སྲིད། ངེད་ཚང་གི་ནོར་ནག་དང་ལུག་ཁྱུའི་ངུར་སྒྲ་དང་འབའ་སྒྲ་ཡང་ལྷིང་འཇགས་ཀྱི་ཀློང་དུ་ཐིམ་དང་འཐིམ་བཞིན་ཡོད། ཉིན་གང་བོར་བྲེལ་བས་གཟིར་བའི་འབྲོག་མི་ཚོ་ཡང་རང་རང་གི་སྦྲ་ནག་དེ་ཚོའི་ཐུ་འོག་ཏུ་འཛུལ་ནས་ཉིན་གཅིག་གི་ངལ་དུབ་ཡོངས་རྫོགས་གསོ་བའི་ཆེད་དུ་གཏི་མུག་གཉིད་ཀྱི་ཞིང་ཁམས་སུ་འགྲིམ་རྒྱུའི་སྟ་གོན་བྱེད་བཞིན་ཡོད་ངེས་རེད། མཐོ་སྒང་གི་རྫ་གསེབ་འདིར་ལོ་ངོ་སྟོང་ཕྲག་དུ་མའི་རིང་ཚེ་སྲོག་གི་རྒྱུན་བསྐྱངས་པའི་ངེད་ཚང་གི་སྦྲ་ནག་ཆེན་པོ་འདིའི་ནང་རོལ་ཏུ་ཡམ་ཡོམ་གཡོ་བའི་སྣུམ་སྒྲོན་དང་ལྕི་བ་སྐམ་པོས་སྦར་བའི་མེ་འོད་ལང་ལོང་དེའི་ཁྲོད་དུ། ངའི་བརྩེ་བ་མཚོ་ལས་ཟབ་པའི་ཨ་མ་དྲིན་ཆེན་མ་དང་ནུ་བོ་ཚོ་དགུང་ཟས་སམ་ངེད་ཚོའི་ས་ཆར་ནུབ་འཚལ་དུ་འབོད་པ་དེར་རོལ་བཞིན་ཡོད།

གློ་བུར་དུ་ངེད་ཚང་གི་ཁྱི་རྒན་ནག་ལྡང་ཟུག་མགོ་བརྩམས་བྱུང་། ཐོག་མར་ཁྱིམ་མི་སུས་ཀྱང་དེ་ལ་དོ་སྣང་དེ་ཙམ་མི་བྱེད་ཀྱང་། རིམ་བཞིན་དེའི་ཟུག་སྐད་ཇེ་མཐོ་ནས་ཇེ་མཐོར་གྱུར་ཅིང་དེ་ནི་ཅུང་ཟད་རྒྱུན་ལྡན་མིན་པ་ཞིག་ཏུ་སྣང་བས། ཨ་མས་སྦྲ་ནག་གི་ནང་ཧྲིལ་བོར་ཁྱབ་པའི་ཨོང་བའི་མེ་ལྕེ་ལང་ལོང་དེའི་ཀློང་ནས་ང་ལ་ལྟ་བཞིན། སྐལ་བཟང་། ཁྱོད་སོང་ལ་སྒོའི་ཕྱི་རོལ་ནས་ཅིག་ལྟོས་དང་། ཅང་ཡོང་གི་མེད་ལ། ཟེར། ངས་ལག་གི་ལུག་ཤའི་ཐུག་པ་བླུགས་ཡོད་པའི་དཀར་ཡོལ་དེ་གོ་འདབས་སུ་བཞག་ནས་སྦྲ་སྒོར་བུད་པ་ན། ཁྱི་རྒན་ནག་ལྡང་སྔར་བཞིན་ཟུག་བཞིན་ཡོད་མོད་མུན་ནག་གི་ཁྲོད་ནས་རྒྱུན་ལྡན་མིན་པའི་སྣང་ཚུལ་ཅི་ཡང་མ་མཐོང་བས། ཕྱིར་ཁྱིམ་དུ་འཛུལ་ནས། ཨ་མ། དོན་དག་དམིགས་བསལ་བ་ཅི་ཡང་རིག་རྒྱུ་མེད་ཀི་ཡ། ཞེས་བརྗོད་པ་ཡིན། དེ་ནས་ངེད་ཅག་གིས་མུ་མཐུད་དུ་ནུབ་འཚལ་འཐུང་བ་ཡིན།

ཁྱི་རྒན་ནག་ལྡང་གི་ཟུག་སྐད་ཇེ་ཆེ་ནས་ཇེ་ཆེར་གྱུར་སོང་། ཕལ་ཆེར་མི་ཞིག་ངེད་ཚང་གི་སྦྲ་འདབས་སུ་བསླེབས་ཡོད་པ་འདྲ། མུན་ནག་གི་འབྲོག་པའི་མཚན་མོ་མང་པོ་ཞིག་ལ། རྐུན་ཇག་རེ་ཟུང་གིས་ལྐོག་ལྐོག་སུད་སུད་དུ་ཡོང་ནས་མི་ཚང་ཉམ་ཆུང་དེ་ཚོའི་ནོར་ལུག་རྐུ་བ་ནི་རྒྱུན་ལྡན་ཞིག་ཡིན། ཐེངས་ཤིག་ངེད་ཚང་ལ་ཡང་ནམ་གུང་རྐུན་མ་ཞིག་ཡོང་སྟེ་ནོར་ནག་འགའ་དེད་སོང་བས། ཨ་མས་སྦྲའི་ཀ་ར་ཞིག་བཟུང་སྟེ་ལེ་དབར་གཉིས་མ་ཟིན་ཙམ་གྱི་བར་དུ་རྐུན་མའི་རྗེས་བསྙེགས་པས། མཐར་རྐུན་མ་འུ་ཐུག་ནས་ནོར་ནག་དེ་ཚོ་འདེད་མཚམས་བཞག་སྟེ་མུན་ཁྲོད་དུ་བྲོས་སོང་བའི་གཏམ་རྒྱུད་ཅིག་ཀྱང་ཨ་མའི་ངག་ལས་ཐོས་མྱོང་།

ང་སླར་ཡང་སྦྲ་སྒོར་བུད་ནས་མུན་ཁྲོད་དུ་བལྟས་པ་ཡིན། ལེ་བར་གཅིག་དང་ཕྱེད་ཀའི་ས་རུ་ཡོད་པའི་ཁྱིམ་མཚེས་ཚང་གི་སྦྲ་སྒོ་རུ་གསར་བུ་ཞིག་གིས་ལག་སྒྲོན་གྱི་གློག་འོད་ནམ་མཁར་གཏད་ནས་ཀི་རིང་འདེབ་བཞིན་འདུག་ལ། དེ་ཚང་གི་ཁྱི་རྒན་དེས་ཀྱང་ཟུག་སྐད་སྒྲོག་བཞིན་འདུག ངས་ངེད་ཚང་གི་ཁྱི་རྒན་ལ་ཞིབ་བལྟ་ཞིག་བྱས་པ་ན། དེས་ཀྱང་ཁ་གནམ་ལ་འཁོར་ནས་དྲག་ཏུ་ཟུག་བཞིན་འདུག ཨ་ཡ་མཚན། འདི་ཅི་ཞིག་ཡིན་ནམ། ངས་དེ་ལྟར་བསམ་བཞིན་མགོ་བོ་ཡར་བཀྱགས་ནས་མུན་ནག་གི་ནམ་མཁར་བལྟས་པ་ན། ཨ་་་ ་་་ཕྱོགས་བཞི་རི་ཚོགས་ཀྱིས་བཏེགས་པའི་བར་སྣང་དེར། སྐར་ཚོགས་ཁྲ་ཆིལ་ལེར་བཀྲ་བའི་ནམ་མཁའ་དེར། མདོག་སྔོ་ནག་དང་དབྱིབས་སྒོར་མོ་ཡིན་པ། མཐའ་སྐོར་དུ་སྤྱི་ལེ་མང་པོ་ཡོད་པ་དང་ངོས་ནས་འོད་དཀར་སེར་དམར་ལྗང་འཕྲོ་བའི་གྲུ་ཆེན་ནམ་གྲོང་ཁྱེར་ཆེན་པོ་ཞིག་ངའི་ཐད་ཀའི་བར་སྣང་གི་སྤྱི་ལེ་ལྔ་བཅུ་དྲུག་ཅུའམ་ཡང་ན་བརྒྱ་ཕྲག་དུ་མའི་ས་རུ་ཁུ་སིམ་མེར་ཧ་ཅང་ནུས་ཤུགས་ཁྱད་པར་བ་ཞིག་དང་བཅས་ཏེ་འདུག དེའི་ངོས་ཀྱི་འོད་ཟེར་དེ་ཚོ་ནོར་བུ་དགའ་འཁྱིལ་གྱི་དབྱིབས་སུ་གྲུབ་འདུག་ཅིང་། དེ་ཚོ་ནི་ནམ་མཁའི་གྲུ་ཆེན་ནམ་གྲོང་ཁྱེར་ཆེན་པོ་དེའི་སྒེའུ་ཁུང་སྟོང་ཕྲག་དུ་མ་ཡིན་སྲིད་པ་ཞིག་རེད།

ངས་ཁ་ཕྱིར་སྦྲ་སྒོའི་ཕྱོགས་སུ་འཁོར་ནས། ཨ་མ། མགྱོགས་པོར་སྒོར་ཤོག་དང་། ནམ་མཁའ་རུ་ཡ་མཚན་ཅན་ཞིག་འདུག མགྱོགས་པོར་ཤོག་དང་། ཞེས་བོས་པ་ན། ཨ་མ་དང་གཅེན་གཅུང་ཚོ་མགྱོགས་པོར་སྦྲ་སྒོར་བུད་དེ། གང་ན་འདུག གང་ན་འདུག ཅེས་དྲིས་པར། ངས། ལྟོས་དང་། བར་སྣང་ན་འདུག བར་སྣང་ན་འདུག ཅེས་བརྗོད་པ་ཡིན།

ངས་གསལ་བོ་ཞིག་མི་མཐོང་ཡང་ཨ་མ་དང་གཅེན་གཅུང་ཚོས་བར་སྣང་གི་ཅི་ཡིན་མི་ཤེས་ལ་ནམ་ཡང་མཐོང་མ་མྱོང་བའི་གྲུ་ཆེན་ནམ་གྲོང་ཁྱེར་དེར་ལྟ་བཞིན། ངག་ལས་ཡ་མཚན་པའི་སྐད་ཆ་འདྲ་མིན་རྗོད་བཞིན་འདུག ངས། ཨ་མ། དེ་ཅི་ཞིག་རེད། ཅེས་དྲིས་པར། ཨ་མས། ཞི་ལི། ངས་མི་ཤེས་ཀི ངས་འདི་འདྲ་ཞིག་ནམ་ཡང་མཐོང་མ་མྱོང་། ཞ་ཞིས་ཚོ། རྗེ་བཙུན་སྒྲོལ་མར་གསོལ་བ་ཐོབས། ཞེས་མུན་ཁྲོད་ནས་བསྟུད་མར་རྗོད་བཞིན་འདུག

ནམ་རྒྱུན་ཐོག་སེར་དང་རླུང་འཚུབ་སོགས་རང་བྱུང་གི་གོད་ཆག་དང་ན་ཚ་ངན་པ་སོགས་བྱུང་དུས་ཨ་མས་ངེད་གཅེན་གཅུང་ཚོར་རྗེ་བཙུན་སྒྲོལ་མར་གསོལ་བ་ཐོབས་ཞེས་ལན་གྲངས་དུ་མར་གསུངས་མྱོང་བས། དོ་ནུབ་ཀྱང་ངེད་ཚོས་གང་ནུས་ཅི་ཐུབ་ཀྱིས་རྗེ་བཙུན་སྒྲོལ་མར་གསོལ་བ་འདེབ་ཞོར་ནམ་མཁའི་དཀྱིལ་གྱི་ཅི་ཡིན་མི་ཤེས་པའི་དངོས་པོ་འཇིགས་ཡེར་རེ་བའམ་ངོ་མཚན་ཆེན་པོ་ཅན། གསང་བ་ལྐོག་གྱུར་དང་ནུས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཅན་དེར་བལྟས་ནས་བསྡད་པ་ཡིན།

ཧ་ལམ་ཆུ་ཚོད་གཉིས་ཙམ་འགོར་ཞིང་། ངེད་ཅག་གི་ཐད་ཀའི་མགོ་ཐོག་གི་བར་སྣང་དུ་བཟོད་དཀའ་བའི་གཟི་བརྗིད་དང་བཅས་ལྷང་ངེ་ལྷན་ནེར་ཡོད་པའི་ཡ་མཚན་ཅན་གྱི་གྲོང་ཁྱེར་རམ་འཕུར་གྲུ་ཆེན་པོ་དེ་ག་རེར་ནུབ་ཕྱོགས་ཀྱི་རི་ཚོགས་ཀྱི་རྒྱབ་ཏུ་ཡལ་མགོ་བརྩམས་བྱུང་། ཁྱིམ་མཚེས་རེ་ཟུང་གི་སྐྱེས་པ་འགས་གཅིག་རྗེས་གཉིས་མཐུད་དུ་ལག་སྒྲོན་གྱི་འོད་དཀར་ནམ་མཁར་གཏད་དེ་ཀི་ཤར་རེ་འདེབ་པ་དང་། ཁོ་ཚོའི་སྒོ་ཁྱིའི་ཟུག་སྐད་དྲག་པོ་དེ་ཡང་ཐོས་ཙམ་ཡལ་ཙམ་བྱེད།

དེ་ནས་མགོ་ཐོག་ན་གསང་བ་ཁྲི་ཕྲག་གིས་བཏུམས་ཏེ་བརྗིད་ཀྱིས་འགྱིངས་པའི་དངོས་པོ་མཐའ་སྐོར་དང་རྒྱ་ཁྱོན་འཇལ་ཐབས་བྲལ་བ་དེ་ནུབ་ཕྱོགས་ཀྱི་རི་རྒྱབ་ཏུ་ཡལ་སོང་། ངེད་མ་བུ་ཚོ་ཡང་གཉིད་ཀྱིས་དུབ་པ་དང་རེ་རེ་བཞིན་ཕྱིར་སྦྲ་ནང་དུ་འཛུལ་བ་ཡིན།

སང་ཉིན་ཞོགས་པར། ཉི་འོད་རི་ཀླུང་མེད་པར་འཕྲོས་ཤིང་རྩྭ་ལྗང་དང་མེ་ཏོག་གི་དྲི་ཞིམ་ཁ་སང་བཞིན་ཤེལ་ལུང་རྩྭ་ཐང་གི་རི་ཀླུང་ཀུན་ཏུ་ཁྱབ། མི་སུས་ཀྱང་མདང་དགོང་གི་ཡ་མཚན་ཞིང་གསང་བ་ལྐོག་གྱུར་གྱི་དངོས་པོ་དེའི་སྐོར་མ་གླེང་། དེ་དུས་དེང་སྐབས་ཅི་བཞིན་ཁ་པར་ངང་བརྙན་འཕྲིན་མེད། ཚགས་པར་དང་དུས་དེབ་ཀྱང་ཧ་ཅང་དཀོན། དེ་ནས་ལོ་ཟླ་ཧ་ཅང་མང་པོ་ཞིག་གི་རིང་ལ་མཚན་མོ་དེའི་དོན་དག་དེ་ནམ་ཡང་མ་གླེང་། ངས་ཀྱང་རང་ཉིད་བརྒྱུད་དགོས་པའི་ཟང་ཟིང་གི་མི་ཚེའི་ལམ་ཕྲན་ཀྱག་ཀྱོག་ཅན་དུ་མ་ཞིག་གི་སྟེང་དུ་སྐྱིད་སྡུག་གི་འགྲུལ་བཞུད་སྣ་ཚོགས་ཤིག་བྱེད་དགོས་བྱུང་བས། དབྱར་ཁའི་མཚན་མོ་དེར་བྱུང་བའི་དོན་དག་དེ་དྲན་ཁོམ་དང་གླེང་ཁོམ་མ་བྱུང་བར་ཡུན་རིང་ཞིག་འགོར།

དོན་དག་དེ་བྱུང་ནས་ལོ་བཅུ་བཞིའི་རྗེས་ཏེ། སྤྱི་ལོ་ ༡༩༩༤ ལོར་ང་དང་རོགས་པ་བཅུ་དང་ཕྱེད་ཀས་འཛམ་གླིང་གི་རི་བོ་ཧི་མ་ལ་ཡ་བརྒལ་བ་ཡིན། དེ་ནི་འཛམ་གླིང་སྟེང་གི་འགྲུལ་བཞུད་ཉེན་ཁ་ཆེ་ཤོས་དེ་ཡིན་པ་ཀུན་ལ་གྲགས་པ་ཞིག་ཀྱང་ཡིན། ཚེ་སྲོག་འབེན་དུ་བཙུགས་པའི་འགྲུལ་བཞུད་དེ་བརྒྱུད་ནས་ངེད་ཚོ་བལ་ཡུལ་དུ་བསླེབས་ཤིང་། དེ་རུ་ཉིན་འགར་ངལ་གསོས་རྗེས་རྒྱ་གར་དུ་བསྐྱོད། ལྡི་ལི་ནས་ང་དང་ཆོས་གྲོགས་གཉིས་རྒྱ་གར་ལྷོ་ཕྱོགས་སུ་བསྐྱོད་པའི་མེ་འཁོར་ཞིག་ལ་བསྡད། ཕ་ཡུལ་ནས་དབྱིན་ཡིག་ཕྲན་བུ་ཞིག་སྦྱངས་མྱོང་བ་མ་གཏོགས་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞི་དང་སྐད་ཕྲན་སུམ་བརྒྱ་དྲུག་ཅུའི་ཁྲོད་ཀྱི་གཅིག་ཀྱང་བརྗོད་མི་ཤེས། ཕ་ཡུལ་གྱི་དགོན་པའི་འདོན་ཆོག་དེ་དག་གི་བཀའ་དྲིན་ལས་གནའ་བོའི་ལེགས་སྦྱར་གྱི་ཐ་སྙད་མང་པོ་ཞིག་བློ་རུ་བཟུང་ཡོད་ཀྱང་དེང་སང་དེ་ཚོ་རྒྱ་གར་དུ་བཀོལ་སྤྱོད་ཡོད་མེད་ཀྱང་མི་ཤེས།

གང་ལྟར་ལས་ཤིག་ཡོད་ན་ལམ་ཞིག་ཡོད་པའི་ཡིད་ཆེས་ཀྱིས་དྲངས་ཏེ་རྒྱ་གར་ལྷོ་ཕྱོགས་སུ་བསླེབས། གཞུང་ཆེན་བསླབས་ཤིང་སྙན་ངག་བྲིས། ཚ་བ་དང་འདོད་ཆགས་མཉམ་དུ་འབར། གྲོགས་པོ་གསར་བ་འགའ་རྙེད་པའི་ཁྲོད་ཀྱི་གཅིག་ནི་རྔ་བ་ཆོས་གྲགས་ཡིན། ཉིན་ཞིག་ཁོང་གི་ལག་ནས་རྒྱ་གར་གྱི་དུས་དེབ་ཚོན་ཁྲ་ཅན་ཞིག་གི་ངོས་སུ་དགུ་ཚིགས་ཁྱིམ་རྒྱུད་ཀྱི་འདྲ་པར་ཞིག་ཡོད་པ་མཐོང་། དེས་ལོ་མང་རིང་སེམས་ཀྱི་གྲུ་ཟུར་དུ་ལུས་པའི་དབྱར་ཁའི་མཚན་མོའི་མཁའ་དབྱིངས་ཀྱི་འཕུར་གྲུའམ་གྲོང་ཁྱེར་དེ་དྲན་དུ་བཅུག དབྱིབས་ཟླུམ་འཁྱིལ་དང་མདོག་སྔོ་ནག མཐའ་དབུས་མེད་པར་སྐར་ཚོམ་གྱི་འོད་ཟེར་འཕྲོ་བ། གསང་བ་ལྐོག་གྱུར་དང་ནུས་ཤུགས་ཁྱད་པར་ཅན་འཕྲོ་བསྡུ་བྱེད་པ་བཅས་ཀྱི་ཁྱད་ཆོས་དུ་མ་འཛོམས་པའི་དགུ་ཚིགས་ཁྱིམ་རྒྱུད་ཀྱི་འདྲ་པར་དེས་ང་རང་ཡང་སྐྱར་ལོ་ངོ་མང་པོའི་སྔོན་གྱི་དབྱར་ཁའི་མཚན་ལྗོངས་དེར་ཁྲིད་སོང་། རྗེས་སུ་རྒྱ་གར་ནས་བལ་ཡུལ་དུ་བསླེབས་ནས་དེ་རུ་ལོ་དྲུག་གི་རིང་བསྡད་པ་དང་། ཐེངས་ཤིག་ལི་ཐང་གི་གྲྭ་པ་ཞིག་དང་མཉམ་དུ་བལ་བོ་དང་རྒྱ་གར་ས་མཚམས་སུ་མཚན་མོར་ལྐོག་འཛུལ་བྱས་ཤིང་། དེ་དུས་གྲྭ་པ་དེས་ཁོའི་ཕ་ཡུལ་དུ་མི་ཞིག་གཞི་བདག་གི་ཁྲོད་དུ་སོང་སྟེ་ཉིན་འགར་མི་མཐོང་བར་འགྱུར་འགྲོ་ལ། དེ་རྗེས་ཕྱོགས་ག་ཤེད་ཅིག་ནས་གློ་བུར་དུ་མངོན་ཡོང་སྟེ་ས་གནས་འདི་དང་དེའི་གཞི་བདག་ཚོའི་གནམ་གྲུར་བསྡད་ནས་ས་ཆ་འདྲ་མིན་ལ་སོང་ཚུལ་དང་། གཞི་བདག་ཚོའི་གནམ་གྲུ་དེའི་རྒྱུ་ཆ་ཤོག་བུ་འདྲ་བོ་ཞིག་ཡིན་པས་ཆར་བ་བྱུང་ན་དེ་ཚོས་སེམས་ཁྲལ་བྱེད་ལུགས། ཁོ་རང་གཞི་བདག་གི་གནམ་གྲུར་བསྡད་དེ་ལི་ཐང་ནས་འཕུར་ཏེ་རི་བོ་ཧི་མ་ལ་ཡ་བརྒལ་ནས་རྒྱ་གར་རྡ་རམ་ས་ལའི་བར་སྣང་དུ་ཡང་ཐེངས་མང་པོར་འཕུར་མྱོང་ཞིང་། ཁོ་རང་རྡ་རམ་ས་ལར་བབས་ཏེ་འདུག་འདོད་ཡོད་ཀྱང་གཞི་བདག་ཚོའི་དབང་ཤུགས་ཀྱིས་ཕྱིར་ལི་ཐང་གི་ཕྱོགས་སུ་མི་འཕུར་ཀ་མེད་བྱུང་བ་སོགས་ཀྱི་དངོས་བྱུང་གཏམ་རྒྱུད་ཅིག་བཤད་མྱོང་བ་དེ་ནམ་ཡང་བརྗེད་ཐབས་བྲལ་ཞིང་། ཉིན་འགའི་སྔོན་གྲོགས་པོ་དེར་Telegram ནང་ཐུག་སྟེ་སྐབས་དེར་ཁོས་ང་ལ་བརྗོད་པའི་དངོས་བྱུང་གཏམ་རྒྱུད་དེའི་སྐོར་གླེང་བ་ན། ཁོས། ཨ་ཡ་མཚན། ཁྱོད་ལ་ཅི་འདྲའི་ཡིད་འཛིན་ཆེན་པོ་ཞིག་འདུག་ཨང་ཟེར་ཞོར། གཞི་བདག་དང་མཉམ་དུ་འགྲོ་མཁན་ལི་ཐང་བ་དེའི་མིང་དང་། ཁོ་ཇི་ལྟར་གཞི་བདག་ལ་འབྲེལ་བ་བྱུང་ཚུལ་སླར་ཡང་ཐེངས་གཅིག་བརྗོད་བྱུང་།

རྗེས་སུ་རྨི་ལམ་ཞིག་ལས་སད་དུས་ང་ཨ་མེ་རི་ཀར་བསླེབས་འདུག སྤྱི་ལོ་༢༠༠༢ ལོའི་ལོ་མཇུག་ཙམ་ནས་བཟུང་སྟེ་དྲ་རྒྱ་སྤྱི་དང་ཁྱད་པར་དུ་Google དགོས་དགུ་དྲ་བ་བརྒྱུད་ནས་ཅི་འདོད་ལ་གང་འདོད་དུ་ལྟ་ཐུབ་པར་གྱུར། ཁྱད་པར་དུ་དགོས་དགུ་ཚོང་ཚོགས་ཀྱིས་བསྐྲུན་པའི་Youtobe བརྒྱུད་ནས་ཁྲིམས་མཐུན་གྱི་གློག་བརྙན་འདྲ་མིན་ཅི་ཞིག་ལ་བལྟ་འདོད་ན་དེར་བཀག་རྒྱ་མེད། དེ་བརྒྱུད་ནས་ངས་མི་འདྲ་མིན་སྣ་ཚོགས་ཀྱིས་མཁའ་དབྱིངས་ནས་དབྱིན་ཡིག་ནང་ཡོངས་གྲགས་སུ་UFO འཕུར་སྡེར་དུ་འབོད་པ་ཞིག་མཐོང་བའི་སྐོར་གྱི་གློག་བརྙན་འདྲ་མིན་བརྒྱ་ཕྲག་དུ་མ་ཞིག་མཐོང་། དེས་ཡང་ནས་སྐྱར་དུ་སྤྱི་ལོ་ ༡༩༨༠ ལོའི་དབྱར་ཁའི་མཚན་མོ་དེར་ངེད་མ་བུ་ཚོས་བར་སྣང་ནས་མཐོང་བའི་དངོས་པོ་དེ་དྲན་དུ་བཅུག དེ་བཞིན་དུ་ཨ་རིའི་ནེའུ་མེག་སི་ཁོའི་ས་གནས་ཤིག་ཏུ་སྤྱི་ལོ་ ༡༩༧༠གྲངས་ནས་བཟུང་སྟེ་འཕུར་སྡེར་ས་རུ་བརྡབས་པའི་དོན་རྐྱེན་འདྲ་མིན་བྱུང་བ་དང་། ཨ་རིའི་དམག་མིའི་གནམ་གྲུའི་ཁ་ལོ་བ་ཚོས་ཐེངས་གཅིག་མིན་དུ་མར་འཕུར་སྡེར་འདི་རིགས་མཐོང་སྟེ་བརྙན་དུ་བླངས་པའི་འདྲ་པར་ཡང་བརྙན་ཐུང་ཡང་ཅི་རིགས་ཤིག་མཐོང་བ་དང་། ཨ་རིའི་དམག་མིའི་གནམ་གྲུ་ཁག་ཅིག་འཕུར་སྡེར་གྱིས་བཙན་ཁྲིད་བྱས་ཏེ་ནམ་ཡང་རྙེད་སོན་མ་བྱུང་བ། ཨ་རིའི་སྲིད་འཛིན་ཨོ་སྦ་མ་སྲིད་ཁྲིར་འཁོད་ནས་ཅང་མ་འགོར་བར་ཨ་རིའི་མཁའ་དབྱིངས་ཞིབ་འཇུག་ཚན་པ་NASA ལ་འབྲེལ་བ་བྱས་ཏེ་འཕུར་སྡེར་གྱི་སྐོར་ཞིབ་འཇུག་མཉམ་ལས་བྱེད་འདོད་ཡོད་ལུགས་བརྗོད་པ་སོགས། མདོར་ན་མགོ་མཁྲེགས་པོའི་ཚད་དུ་འཇོག་པའི་སྐྲ་སེར་ནུབ་གླིང་བ་ཚོའི་ཁྲོད་དུ་ཡང་འཕུར་སྡེར་ཞེས་པ་འདི་དངོས་སུ་མཐོང་བ་མ་ཟད། འཕུར་སྡེར་གྱིས་ཁྲིད་དེ་གནས་འདི་ནས་གནས་གཞན་ཞིག་ཏུ་བསྐྱལ་བ་ཡང་གང་འཚམ་ཞིག་ཡོད་པ་མི་དེ་ཚོས་བརྙན་འཕྲིན་གྱི་ལམ་དུ་བརྗོད་པ་ཡང་མཐོང་རྒྱུ་འདུག

གང་ལྟར་ཉིན་འགའི་སྔོན་ལོ་བཞི་བཅུའི་སྔོན་གྱི་དབྱར་ཁའི་མཚན་མོ་དེར་བྱུང་བའི་དོན་དག་དེའི་སྐོར་མགྱོགས་བྲིས་རི་མོའི་ལམ་ནས་ཐེངས་ཤིག་སྤེལ་ཏེ་རང་ཉིད་ཀྱི་ངོ་དེབ་དང་སྐད་འཕྲིན་གྱི་རྒྱབ་ལོགས་སུ་བཞག་པར། ངོ་ཤེས་ཤིག་གིས་དེའི་སྐོར་ཡིག་ཐོག་ཏུ་བྲིས་ཏེ་ཁོ་ལ་སྤྲོད་རོགས་ཞེས་བརྗོད་བྱུང་བ་དང་། རང་ཉིད་ཀྱིས་ཀྱང་གལ་སྲིད་དུས་རབས་ཕྱེད་ཀ་མ་ཟིན་ཙམ་གྱི་སྔོན་དུ་བྱུང་བའི་དོན་དག་འདི་ཡི་གེར་མ་བྲིས་པ་ཡིན་ན། ཁོ་བོ་འཇིག་རྟེན་འདི་ནས་ཕྱི་མར་བསྐྱོད་པའི་ཕྱི་ཉིན་ནས་བཟུང་སྟེ་མི་སུས་ཀྱང་དོན་དག་དེའི་སྐོར་ཅི་ཡང་མི་ཤེས་པར་འགྱུར་རྒྱུ་ཡིན་པར་ཡང་དམིགས་ཏེ་ཡིག་ཐོག་ཏུ་ཕབ་པ་ཡིན།

The post དབྱར་ཁའི་མཚན་མོ་དེར་ནམ་མཁའ་ནས་མཐོང་བ་དེ། appeared first on བོད་ཀྱི་དུས་བབ།.

རྒྱ་ནག་གི་ཚོང་ཚོགས་ ༢༥༠ ལྷག་ཨ་རིའི་དཔལ་འབྱོར་ཐོ་ནག་ཏུ་བཅུག

$
0
0

ཡུ་གུར་གཙོ་བོར་གྱུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྡོག་རོལ་བཏང་བའི་རྐྱེན་གྱིས་ཨ་རིས་རྒྱ་ནག་གི་ཚོང་གཉེར་ཁང་ ༡༡ དཔལ་འབྱོར་ཐོ་གཞུང་ནག་པོའི་ནང་གཡུགས་ཡོད་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་ཚོང་དོན་ལྷན་ཁང་ནས། རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་སྟབས། རྒྱ་ནག་གཞུང་འབྲེལ་ཁྲག་རྒྱུན་བརྟག་ཞིབ་ཁང་གཉིས་གཙོ་བོར་གྱུར་བའི་འཐག་ལས་ཁང་མང་པོ་ཚུད་པའི་ཚོང་གཉེར་ཁང་ ༡༡ ཨ་རིའི་དཔལ་འབྱོར་ཐོ་གཞུང་ནག་པོའི་ནང་བཅུག་ཡོད་པ་དང་། ཐོ་གཞུང་ནག་པོའི་ནང་བཅུག་པའི་རྒྱ་ནག་གི་ཚོང་གཉེར་ཁང་དེ་དག་གིས་མ་འོངས་པར་ཨ་རིའི་ནང་གཞུང་གི་ཆོག་མཆན་མེད་པར་ཐོན་རྫས་ཀྱི་རྒྱུ་ཆ་ཉོ་བ་སོགས་ཚོང་ལས་རིགས་གང་ཡང་བྱེད་ཆོག་གི་མེད་པ་དང་། ད་ལྟ་རྒྱ་ནག་ཕྱོགས་ནས་གནད་དོན་དེའི་ཐད་ལན་འདེབས་གང་ཡང་བྱས་མི་འདུག

ཨ་རིའི་ཚོང་དོན་ལྷན་ཁང་གིས། དཔལ་འབྱོར་ཐོ་ནག་ཏུ་བཅུག་པའི་ཚོང་གཉེར་ཁང་མང་ཆེ་བ་འཐག་ལས་ཁང་དང་། དེ་བཞིན་རྒྱ་ནག་གཞུང་འབྲེལ་པེ་ཅིན་རིགས་རྫས་ཞིབ་འཇུག་ཁང་(Beijing Genomics Institute)གི་ཡན་ལག་གཉིས་ཡིན་པ་དང་། དེ་ཚོས་བཙན་དབང་འོག་ལས་ཀར་བཀོལ་གྱི་ཡོད་པ་མ་ཟད། རིགས་རྒྱུད་བརྟག་དཔྱད་བྱས་པ་བརྒྱུད་ཡུ་གུར་བ་གཙོས་པའི་ཁ་ཆེ་མི་མང་ལ་དྲག་གནོན་དྲག་གནོན་སྲིད་བྱུས་འཐེན་གྱི་འདུག ཅེས་བརྗོད་ཡོད་འདུག་ལ། ཐོ་གཞུང་ནག་པོའི་ནང་བཅུག་པའི་རྒྱ་ནག་གི་ཚོང་གཉེར་ཁང་དེ་དག་གི་ཁྲོད་དུ།  མགྱོགས་ཚད་མྱུར་བའི་མེ་འཁོར་དང་གློག་ཆས་ཀྱི་རིགས་ནས་རྐུབ་སྟེགས་སོགས་ཐོན་རྫས་ ༢༠༠༠ ལྷག་བཟོ་སྐྲུན་བྱེད་པའི་(KTK Group Co)བཟོ་གྲྭ་དང་། གྱོན་ཆས་དང་རས་ཆའི་རིགས་བཟོ་སྐྲུན་བྱེད་པའི་ (Changji Esquel Textile Co)བཟོ་གྲྭ་དང་ (Esquel Group)བཟོ་གྲྭ། དེ་བཞིན། སྐྲའི་རིགས་ཀྱི་ཐོན་རྫས་བཟོ་སྐྲུན་མཁན་ (Hetian Haolin Hair Accessories Co)བཟོ་གྲྭ་སོགས་ཡོད་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་མར་ཁོ་རོ་བྷའོ་( Marco Rubio)ལགས་ཀྱིས། ཐེངས་འདིའི་ཐོ་གཞུང་ནག་པོའི་ནང་བཅུག་པའི་རྒྱ་ནག་གི་བཟོ་གྲྭ་ཁག་གི་ཁྲོད་རྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་གཉིས་ཡོད་པ་ངོ་སྤྲོད་གནང་བ་དང་སྦྲགས། བཟོ་གྲྭ་དེ་གཉིས་དང་འཐག་ལས་ཁང་མང་པོས་བཙན་དབང་གིས་རིགས་རྒྱུན་བརྟག་དཔྱད་བྱས་ཏེ་ཡུ་གུར་བ་གཙོས་པའི་ཁ་ཆེ་མི་མང་གི་རིགས་རྒྱུན་མེད་པར་བཟོ་ཐབས་ཀྱིས་དྲག་གནོན་གཏོང་གི་འདུག ཅེས་བརྗོད་ཡོད་པ་དང་། ཐོ་གཞུང་ནག་པོའི་ནང་གི་རྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་གཉིས་ནི་

ཨ་རིས་རྒྱ་ནག་གི་ཚོང་གཉེར་ཁང་དག་ཐོ་གཞུང་ནག་པོའི་ནང་བཅུག་པ་ཡོངས་བསྒྲགས་བྱས་པ་དང་རྒྱལ་སྤྱིའི་སྟེང་མིང་གྲགས་ཆེ་བའི་གྱོན་ཆས་བཟོ་མཁན་རྒྱ་ནག་གི་(Esquel)བཟོ་གྲྭའི་སྤྱི་ཁྱབ་རྒྱུན་ལས་ཀྱི་འགན་འཛིན་ཇོན་ཆིན་ (John Chen)ལགས་ཀྱིས་ཨ་རིའི་ཚོང་དོན་ལྷན་ཁང་ལ་འཕྲིན་ཡིག་ཅིག་ཕུལ་ཏེ། བཟོ་གྲྭ་དེས་བཙན་དབང་ལས་བཀོལ་བྱེད་བཞིན་མེད་པ་མ་ཟད། བཙན་དབང་ལས་བཀོལ་ནི་བཟོ་གྲྭའི་སྒྲིག་གཞི་དང་འགལ་གྱི་ཡོད་པའི་འགྲེལ་བརྗོད་བྱས་པ་དང་སྦྲགས། ཨ་རིས་བཟོ་གྲྭ་དེ་ཐོ་གཞུང་ནག་པོའི་ཁོངས་ནས་ཕྱིར་འཐེན་གནང་བའི་འབོད་སྐུལ་ཞུས་ཡོད་འདུག

ཨ་རིའི་ཚོང་དོན་ལྷན་ཁང་གིས། རྒྱ་ནག་གིས་ཤིན་ཅང་ཁུལ་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་གཙོ་བྱས་པའི་ཨ་རིའི་རྒྱལ་སྲིད་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་སླད། འདི་ལོའི་ཕྱི་ཟླ་ ༥ ནང་རྒྱ་ནག་གི་བཟོ་གྲྭ་དང་ལྟེ་གནས་ཁང་ ༣༣ ནག་ཐོའི་འོག་བཅུག་ཡོད་པ་དང་། འདས་ལོའི་ཕྱི་ཟླ་  ༡༠ ནང་རྒྱའི་བཟོ་གྲྭ་དང་ཡན་ལག་བཟོ་གྲྭ་ཁག་ ༢༨ ཐོ་གཞུང་ནག་པོའི་ནང་བཅུག དམིགས་བསལ་ཨ་རྒྱ་གཉིས་ཀྱི་ཚོང་འཐབ་དང་འབྲེལ། ཕྱི་ལོ་ ༢༠༡༦ ནས་ཕྱི་ལོ་ ༢༠༡༩ བར་རྒྱའི་བཟོ་ལས་ཁང་དང་ཚོགས་སྡེ་ཁག་ ༢༥༠ ལྷག་དཔལ་འབྱོར་གྱི་ཐོ་གཞུང་ནག་པོའི་ནང་བཅུག་ཡོད་འདུགརྒྱ་ནག་གཞུང་འབྲེལ་གྱི་བཟོ་གྲྭ་ (Zhongxing Semiconductor Co., Ltd.))ཞེས་པ་དེས་ཁྲིམས་འགལ་ཐོག་ཨི་རན་དང་བྱང་ཀོ་རི་ཡའི་ནང་འཕྲུལ་རིགས་ཚོང་འབྲེལ་བྱས་རྐྱེན་ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་དཔལ་འབྱོར་ཐོ་གཞུང་ནག་པོའི་ནང་བཅུག་པ་མ་ཟད། ཁྲིམས་ཆད་ཨ་སྒོར་ས་ཡ་ ༨༩༢།༤ སྤྲོད་དགོས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་ཐོ་གཞུང་ནག་པོའི་ཁོངས་ནས་ཕྱིར་འཐེན་བྱས་ཡོད་འདུག་ལ། བཟོ་གྲྭ་དེ་ནི་ཐོ་གཞུང་ནག་པོའི་ནང་གཡུགས་པའི་ནག་ཉེས་ཅན་ཚབས་ཆེ་ཤོས་དང་པོ་དེ་ཆགས་ཡོད་འདུག

རྒྱ་ནག་གི་བཟོ་གྲྭ་ཁག་གཙོས་རྒྱ་ནག་དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཚོགས་སྡེ་ཁག་ཨ་རིའི་ནང་བཀག་འགོག་བྱེད་བཞིན་པ་དེས། བཟོ་གྲྭ་དང་ཚོགས་སྡེ་གང་རུང་དེའི་ཡན་ལག་དང་བཅས་པས་ཨ་རི་དང་འབྲེལ་བའི་བྱེད་སྒོ་ཡོངས་རྫོགས་མཚམས་འཇོག་བྱེད་དགོས་ཁེལ་གྱི་ཡོད་པ་དང་། དེ་ལ་བརྟེན་ནས་བཟོ་ཚོང་ཁང་དེ་དག་ལ་དཔལ་འབྱོར་ཐོག་ནས་གྱོང་གུད་ཆེན་པོ་ཐེབས་ཀྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post རྒྱ་ནག་གི་ཚོང་ཚོགས་ ༢༥༠ ལྷག་ཨ་རིའི་དཔལ་འབྱོར་ཐོ་ནག་ཏུ་བཅུག appeared first on བོད་ཀྱི་དུས་བབ།.

ལས་འགུལ་བ་ཇོ་ཧྲ་ཝང་གྲོས་ཚོགས་འཐུས་མིའི་འོས་མིར་ལང་རྒྱུ་ཡིན་འདུག

$
0
0

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྣེ་འཁྲིད་པ་ཇོ་ཧྲ་ཝང་འདི་ལོའི་གྲོས་ཚོགས་འཐུས་མིའི་འོས་མིར་ལང་རྒྱུ་ཡིན་སྐོར་ཡོངས་བསྒྲགས་གནང་འདུགཁ་སང་ཕྱི་ཚེས་ ༢༠ ཉིན། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྣེ་ཁྲིད་པ་ཇོ་ཧྲ་ཝང་ (Joshua Wong) གིས་སྒེར་གྱི་སྤྱི་ཚོགས་དྲ་བ་ཊུ་ཝི་ཊར་ཐོག ཁོང་གིས་བསླེབ་ལ་ཉེ་བའི་ཕྱི་ཟླ་ ༩ པའི་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཁྲོད་དུ་འོས་མིར་དེབ་སྐྱེལ་བྱས་ཏེ། ཀའོ་ལུན་ (Kowloon) གྲོང་ཁྱེར་གྱི་ཤར་མའི་ས་གནས་ཀྱི་འཐུས་མིའི་འོས་མིར་ལང་རྒྱུ་ཡིན་སྐོར་དང་། འོས་བསྡུའི་རྗེས་སུ་རང་ཉིད་གང་དུ་ཡོད་མེད་ཀྱང་མི་ཤེས་ནའང་། ཐག་གཅོད་དེ་ཡིས་ཧོང་ཀོང་མི་མང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལ་ནམ་ཡང་མགོ་བོ་བསྒུར་རྒྱུ་མིན་པའི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་སྐོར་བསྒྲགས་འདུག

ཡང་དམངས་གཙོའི་ལས་འགུལ་བ་ཁོང་གིས། ཧོང་ཀོང་གཞུང་གིས་རང་དབང་དང་དྲང་བདེན་གྱི་འོས་བསྡུ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་པའི་ཚབ་ཏུ། ད་ལྟ་ནས་འོས་བསྡུའི་ཁྲོད་ཆབ་སྲིད་ཞིབ་བཤེར་བྱེད་མགོ་བཙུགས་འདུག ང་གྲོས་ཚོགས་འཐུས་མིའི་འོས་མི་ནས་རྩིས་མེད་བཟོ་བར་ཁ་གཡར་ས་བརྒྱ་ཕྲག་ཡོད་ནའང་། ངའི་མིང་ཇོ་ཧྲ་ཝང་ (Joshua Wong) ཟེར་ཀྱི་ཡོད་སྟབས། དེ་ནི་ཁོང་ཚོའི་ཁ་གཡར་ས་གཅིག་པུ་དེ་ཡིན་པ་རེད། ཐེངས་འདིའི་འོས་བསྡུ་ནི་སྔོན་མ་དང་བསྡུར་ན་དཀའ་ཁག་ཅན་ཞིག་ཡིན་པ་དང་། རྒྱལ་ཁབ་བདེ་འཇགས་ཁྲིམས་གཏན་འབེབ་བྱས་རྗེས། འོས་མི་རྩིས་མེད་འགྲོ་བ་གཅིག་པུ་ཐེངས་འདིའི་འོས་བསྡུའི་ཁྲོད་ཀྱི་འོས་མི་ཞིག་གི་ཉེན་ཁ་མིན་པར། ཐད་ཀར་འཇིགས་སྐུལ་དང་ས་མཚམས་ཀྱི་ཕ་རོལ་ལ་ཕུད་དེ།  རྒྱ་ནག་གི་བཙོན་ཁང་ཞིག་གི་ནང་ཁྲིམས་ཆད་ཕོག་སྲིད་པའི་ཉེན་ཁ་ཡོད་པ་རེད། ཅེས་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཟེར་བར་ཁ་གཡར་ཏེ་བཙོན་འཇུག་ཁྲིམས་ཆད་གཅོད་སྲིད་སྐོར་བཀོད་འདུགསྤྱི་དམངས་ཐོབ་ཐང་ལྟ་ཞིབ་ཁང་ (Civil Rights Observer) གི་གནས་ཚུལ་ལྟར་ན། འདས་པའི་ལོ་ ༤ ཙམ་རིང་ཧོང་ཀོང་གི་འོས་བསྡུའི་ཁྲོད་ཧོང་ཀོང་གཞུང་གིས་དམངས་གཙོ་དོན་གཉེར་བ་ ༡༨ ཙམ་འོས་མིར་ཞུགས་རྒྱུར་བཀག་འགོག་བྱས་ཡོད་པའི་ཁྲོད། དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ (Joshua Wong) ཡང་ས་གནས་ཀྱི་འོས་བསྡུ་ཞིག་གི་ནང་འོས་མིར་ལངས་བ་བཀག་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་གྲོས་ཚོགས་འཐུས་མི་དམངས་གཙོ་དོན་གཉེར་བ་ན་ཐན་ལཱའོ་ (Nathan Law) སོགས་གྲོས་ཚོགས་འཐུས་མི་ ༤ ཡིས་གྲོས་ཚོགས་ཀྱི་དམ་འབུལ་བྱས་མེད་ཚུལ་བསྙད་དེ་གྲོས་ཚོགས་འཐུས་མིའི་གོ་གནས་ནས་གནས་དབྱུང་བཏང་ཡོད་པ་རེད།

ཧོང་ཀོང་ལ་རྒྱ་ནག་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་གནས་བབ་འོག་རྒྱ་ནག་སྐམ་ས་དང་བསྡུར་ན་རང་དབང་ཆེ་ཙམ་ཡོད་ནའང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ཞིག་ཧོང་ཀོང་ནང་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཁ་བྲལ་བྱེད་པ་དང་སྲིད་དབང་མགོ་རྟིང་སློག་པ། དྲག་སྤྱོད་ཀྱི་བྱ་འགུལ་སྤེལ་བ་དང་ཕྱི་རྒྱལ་གྱི་ཐེ་བྱུས་བྱེད་པ་སོགས་ལ་རྒོལ་རྡུང་གཏོང་ཆེད། ཧོང་ཀོང་ནང་རྒྱ་ནག་དབུས་གཞུང་གི་བདེ་སྲུང་ཡན་ལག་ཁང་ཞིག་གསར་འཛུགས་བྱས་ཡོད་སྟབས། གནས་ཚུལ་དབྱེ་ཞིབ་པས་ཁྲིམས་དེ་ནི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་རང་དབང་འཐབ་རྩོད་པ་ཚོ་དམིགས་འབེན་དུ་བཟུང་སྟེ་གཏན་འབེབ་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༡༩༩༧ ལོར་དབྱིན་ཡུལ་གྱིས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཟེར་བ་ལག་བསྟར་བྱས་རྗེས། དབྱིན་ཡུལ་གཞུང་ནས་རྒྱ་ནག་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་ཡིག་གསར་པ་ཟེར་བ་ཕྱིར་འཐེན་མ་བྱས་ཚེ། ཧོང་ཀོང་མི་མང་ས་ཡ་ ༣ མ་ཟིན་ཙམ་ལ་དབྱིན་ཡུལ་མི་སེར་གྱི་ཐོབ་ཐང་ཞུ་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། ཧོང་ཀོང་དང་དབྱིན་ཡུལ་གཉིས་བར་བཞག་ཡོད་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་རྩིས་མེད་གཏོང་རྒྱུ་དང་། རྒྱ་ནག་གི་བརྡ་འཕྲིན་འཕྲུལ་ལས་ཁང་ཧྭ་ཝེ་ཡི་ཤུགས་ཚད་ ༥ པའི་དྲ་ལམ་ལ་མཉམ་འབྲེལ་མཚམས་འཇོག་དང་། ཕྱི་ལོ་༢༠༢༧ ལོར་བཟོ་ལས་ཁང་དེ་ནས་བཟོས་པའི་མཁོ་ཆས་ཡོངས་དབྱིན་ཡུལ་ནང་མེད་པར་གཏོང་འཆར་ཡོད་སྐོར་བསྒྲགས་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གཞུང་གིས་ཧོང་ཀོང་རང་སྐྱོང་གི་ཁྲིམས་ (Hong Kong Autonomy Act) གཏན་འབེབ་བྱས་ཏེ། ཧོང་ཀོང་གི་རང་སྐྱོང་གནས་བབ་ལ་དོ་ཕོག་གཏོང་མཁན་གྱི་མི་སྒེར་དང་སྒྲིག་འཛུགས་ལ་དཔལ་འབྱོར་ཉེས་ཆད་གཅོད་རྒྱུའི་ཁྲིམས་ཡིག་གཏན་འབེབ་གནང་ཡོད་པ་མ་ཟད། ཐའེ་ཝན་དང་ཨོ་གླིང་གཉིས་ཀྱིས་ཀྱང་ཧོང་ཀོང་སྐྱབས་བཅོལ་བ་ལེན་པ་སོགས་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་རྒོལ་ལན་སློག་པའི་སྲིད་བྱུས་མཁྲེགས་པོ་འཛིན་བཞིན་ཡོད་པ་རེད།ཇོ་ཧྲ་ཝང་ནི་ཉེ་ཆར་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་གསར་གྱི་རྐྱེན་གྱིས་སྒོ་བརྒྱབ་པའི་ཌེ་མོ་སིས་ཊོ་ (Demosisto) ཞེས་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཡིན་ཞིང་། ཁོང་ཧོང་ཀོང་གི་སློབ་མའི་ལས་འགུལ་ཁང་ (Scholarism) ཞེས་པ་གསར་འཛུགས་བྱེད་མཁན་གྱི་གྲས་ཤིག་ཡིན་ལ། ཕྱི་ལོ་ ༢༠༡༤ ལོའི་ཧོང་ཀོང་གི་ཆར་གདུགས་ལས་འགུལ་གྱི་གཞོན་སྐྱེས་སྣེ་འཁྲིད་པ་ཞིག་ཏུ་གྱུར་ཏེ། རྒྱལ་སྤྱིའི་སྡིངས་ཆའི་ཐོག་གདེང་འཇོག་ཆེན་པོ་ཐོབ། ལོ་དེར་ཨ་རིར་རྟེན་གཞི་བྱས་པའི་ཊའེམ་དུས་དེབ་ (Times Magazine) ཀྱིས་ཕྱི་ལོ་ ༢༠༡༤ ལོའི་འཛམ་གླིང་གི་གཞོན་སྐྱེས་ཤུགས་རྐྱེན་ཆེ་ཤོས་གྲས་སུ་ངོས་འཛིན་བྱས་ཡོད་པ་མ་ཟད། ལོ་དེའི་འཛམ་གླིང་གི་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣའི་འོས་མིར་ཡང་བདམས་ཡོད་པ་རེད། དེ་ཙམ་དུ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ཧྥོར་ཅུན་དུས་དེབ་ (Fortune Magazine) ཀྱིས་ཁོང་འཛམ་གླིང་གི་རླབས་ཆེན་མགོ་འཁྲིད་(World’s Grestest Leaders) གྲས་སུ་ངོས་འཛིན་བྱས་ཡོད། ཁོང་དམངས་གཙོའི་གཞུང་རྒོལ་ལས་འགུལ་ནང་ཞུགས་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༡༧ དང་ ༢༠༡༨ ལོར་ཐེངས་གཉིས་བསྟུད་མར་བཙོན་འཇུག་ཁྲིམས་ཆད་ཕོག་པ་དང་།  འདས་ལོར་ཧོང་ཀོང་གི་གྲོང་སྡེ་ལྷན་ཚོགས་ཀྱི་འོས་བསྡུའི་སྐབས་འོས་ཆོས་ཚང་གི་མེད་སྐོར་བརྗོད་དེ་འོས་མིའི་ཁོངས་སུ་བཅུག་མེད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

The post ལས་འགུལ་བ་ཇོ་ཧྲ་ཝང་གྲོས་ཚོགས་འཐུས་མིའི་འོས་མིར་ལང་རྒྱུ་ཡིན་འདུག appeared first on བོད་ཀྱི་དུས་བབ།.

མཚོ་དམག་གིས་མཉམ་འབྲེལ་དམག་སྦྱོང་བྱས་ཏེ་རྒྱ་ནག་ལ་དྲག་པོའི་བརྡ་ལན་སྤྲད།

$
0
0

——ཨ་རིའི་མཚོ་བསྐྱོད་གྲུ་བོ་ཆེ་དང་རྒྱ་གར་མཚོ་དམག་གཉིས་ཀྱིས་མཉམ་དུ་དམག་སྦྱོང་བྱས་ནས་རྒྱ་ནག་ལ་འཐབ་ཇུས་དྲག་པོའི་བརྡ་ལན་སྤྲད།

                                                                      བསྟན་འཛིན་རབ་བརྟན་གྱིས་བསྒྱུར།

སྤྱི་ཟླ་ ༧ པའི་ཚེས ༡ ཉིན། ཨ་རིའི་མཚོ་དམག་གི་མཚོ་བསྐྱོད་མ་གྲུ་ཉེ་མེ་ཛི་རྟགས་ཅན(USS Nimitz)གྱི་འཐབ་འཛིང་ཚོ་ཁག་དང་རྒྱ་གར་གྱི་མཚོ་དམག་དམག་གྲུ་གཉིས་ཀྱིས་ཨེན་ཌ་མན་དང་ཉེ་ཁོ་བྷར་གླིང་ཕྲན(Andaman and Nicobar islands)གྱི་ཉེ་འགྲམ་ནས་མཉམ་དུ་དམག་སྦྱོང་བྱས་ཡོད་འདུག (U.S. Navy photo by Mass Communication Specialist 2nd Class Donald R. White, Jr.)

རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་གི་གདོང་ཐུག་བྱུང་རྗེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མྱུར་བར་ཛ་དྲག་ཏུ་ཕྱིན། སྤྱི་ཟླ ༧ པའི་ཚེས་ ༢༠ ཉིན། ཨ་རིའི་མཚོ་དམག་གི་མཚོ་བསྐྱོད་གྲུ་བོ་ཆེ་ཉེ་མེ་ཛི་རྟགས་ཅན(USS Nimitz)གྱི་འཐབ་འཛིང་ཚོ་ཁག་དང་། རྒྱ་གར་གྱི་མཚོ་དམག་གྲུ་གཟིངས་གཉིས་ཀྱིས་ཨེན་ཌ་མན་དང་ཉེ་ཁོ་བྷར་གླིང་ཕྲན(Andaman and Nicobar islands)གྱི་ཉེ་འགྲམ་ནས་མཉམ་འབྲེལ་དམག་སྦྱོང་བྱས་ཏེ།  རྒྱ་ནག་དམར་ཤོག་ལ་འཇབ་ཇུས་དྲག་པོའི་བརྡ་ལན་སྤྲད་ཡོད་འདུག

རྒྱ་ནག་དམར་ཤོག་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་ནས་བསྟུད་མར་དམག་འཁྲུག་ལ་དགའ་བའི་རྣམ་འགྱུར་མངོན་ཡོད།

ས་ཁུལ་འདིའི་གནས་བབ་ཡུན་རིང་ཚུན་ནས་ཛ་དྲག་ཏུ་འགྲོ་བཞིན་འདུག་ཅིང་། ལོ་རེར་ཧ་ལམ་ཨ་སྒོར་དུང་ཕྱུར་ཁྲི་ཚོ་གསུམ་གྱི་ཉོ་ཚོང་མང་པོ་ལྷོ་རྒྱ་ནག་རྒྱ་མཚོ་བརྒྱུད་བཞིན་ཡོད། རྒྱ་ནག་དམར་ཤོག་གིས་བརྗོད་ན། རྒྱ་ནག་ལ་ས་ཁུལ་འདིའི་ཧ་ལམ་བརྒྱ་ཆ་ ༩༠ ཡི་རྒྱ་མཚོའི་ཐོན་ཁུངས་ཡོད་པས། ཝུན་ལི་དང་། མ་ལི་སི་ཡ། ཧྥིལ་བྷེན། ཐའེ་ཝུན། ཝེ་ཐི་ནན་བཅས་ཀྱིས་འགྲན་སློང་བྱས་ཡོད།

རྒྱ་ནག་དམར་ཤོག་གི་མཚོ་དམག་གིས་སྤྱི་ཟླ་ ༧ པའི་ཚེས་ ༡ ཉིན་ནས་བཟུང་། རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་ཞི་ཧྲ་གླིང་ཚོམ(西沙岛群)དུ་ཉིན་ལྔའི་རིང་དམག་སྦྱོང་བྱས་པར། ཧྥི་ལི་བྷིན་དང་། ཝེ་ཐི་ནན་སོགས་ཀྱི་རྒྱལ་ཁབ་དག་གིས་བསྟུད་མར་འདི་ལ་རྒོལ་གཏམ་དྲག་པོ་བཏང་སྟེ་རྒྱ་ནག་གིས་ས་ཁོངས་ཀྱི་གནས་བབ་ཛ་དྲག་ཏུ་གཏོང་བཞིན་ཡོད་ཚུལ་སྐྱོན་བརྗོད་བྱས་ཡོད།

ཨ་རི་དང་རྒྱ་གར་གཉིས་ཀྱིས་མཉམ་དུ་ནང་ཁུལ་དམག་སྦྱོང་བྱས།

སྤྱི་ཟླ  ༧ པའི་ཚེས་ ༤ ཉིན་གྱི་རང་བཙན་ཉིན་མོ་དེར། ཨ་རིས་ཉེ་མེ་ཛི་རྟགས་ཅན་དང་རོས་གྷིན་རྟགས་ཅན་གྱི་གྲུ་བོ་ཆེ་གཉིས་མངགས་ཏེ་ལྷོ་རྒྱ་ནག་རྒྱ་མཚོར་བསྐྱོད་ནས་དམག་སྦྱོང་བྱས་ཡོད། ཨ་རིའི་མཚོ་དམག་གིས་གསལ་བསྒྲགས་ཤིག་ལས་བརྗོད་གསལ།  གྲུ་གཟིངས་ཆེན་མོ་གཉིས་ཀྱིས་གནས་འདིར་ལས་འགན་ལག་བསྟར་དང་ནང་ཁུལ་དམག་སྦྱོང་བྱས་པའི་དམིགས་ཡུལ་ནི་རྒྱ་གར་གྱི་ཞི་བདེ་རྒྱ་མཚོ་ཆེན་པོའི་རང་དབང་དང་སྒོ་འབྱེད་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དུ་ཡིན་ཟེར།

བདུན་ཕྲག་སྔོན་མའི་གཟའ་སྤེན་པ་ཉིན་མོར། ཨ་རིའི་ཉེ་མེ་ཛི་རྟགས་ཅན་གྱི་མཚོ་དམག་གྲུ་བོ་ཆེའི་འཐབ་འཛིང་ཚོ་ཁག་དེ་མ་ལི་སི་མཚོ་འགག(马六甲海湾)བརྒལ་ནས་རྒྱ་གར་རྒྱ་མཚོ་ཆེན་པོའི་ནང་བསྐྱོད། བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན། ཨ་རི་དང་རྒྱ་གར་གཉིས་ཀྱི་མཚོ་དམག་གིས་འདུ་སྒྲིལ་ནང་སྦྱོང(PASSEX)བྱས་ནས།   ཕྱོགས་གཉིས་ཀས་མ་ལ་བྷར(Malabar)མཉམ་འབྲེལ་མཚོ་ཐོག་དམག་སྦྱོང་སོགས་ནང་སྦྱོང་རབས་དང་རིམ་པ་མང་པོ་བརྒྱུད་ནས་མཉམ་སྡེབ་རང་བཞིན་གསར་འཛུགས་བྱས།

ཨ་རིའི་མཚོ་དམག་གསར་འགྱུར་གྱི་རྩོམ་ཡིག་གི་མ་ཟིན་ལས་བསྟན་རྒྱུར། ཉེ་མེ་ཛི་རྟགས་ཅན་གྱི་མཚོ་བསྐྱོད་གྲུ་གཟེངས་ཆེན་མོའི་འཐབ་འཛིང་ཚོ་ཁག་ནང་ཕོར་ལེན་སི་ཋོན་རྟགས་ཅན་གྱི་འཕུར་མདའ་མཚོ་སྐོར་དམག་གྲུ(CG-59)དང་།   དབྱི་ཧན་བྷོལ་ལྗོན་སི་རྟགས་ཅན(DDG-53)   སི་ཋི་རོས་ཋི་རྟགས་ཅན།(DDG-104)  ལ་ཧྥིར་ལྗོན་སི་རྟགས་ཅན།(DDG-114)  སོགས་ཞུགས་ཡོད། གསལ་བསྒྲགས་བྱེད་རྒྱུར། གྲུ་གཟིངས་ཆེན་མོ་འདི་གཉིས་ཀྱི་ཐོག་འཐབ་འཛིང་གནམ་གྲུ120སྒྲིག་གཤོམ་བྱས་ཡོད་ཅིང་། ཉེ་ཆར་འཐབ་ཇུས་ཐོག་གི་མཁའ་སྲུང་དམག་སྦྱོང་བྱེད་བཞིན་པའི་སྒང་ཡིན་ཏེ། བསམ་ཡུལ་ལས་འདས་པའི་གནས་ཚུལ་གང་དང་གང་ལའང་ཡ་ལན་སྤྲོད་ཐུབ་པའི་དམག་འཁྲུག་གི་གྲ་སྒྲིག་མཐོ་ཤོས་སུ་སླེབས་པར་བྱས་ཡོད་ཟེར།

ཨེན་ཌ་མན་དང་ཉེ་ཁོ་བྷར་གླིང་ཕྲན(Andaman and Nicobar islands)གྱི་ཉེ་འགྲམ་དུ་དམག་སྦྱོང་བྱས་པའི་ཁྲོད། རྒྱ་གར་གྱི་དམག་གྲུ་སྟེ་དགྲ་དཔུང་མཐར་སྐྲོད་གཏོང་བྱེད་དམག་གྲུ་དང་། སྲུང་སྐྱོབ་དམག་གྲུ། མཚོ་ཁར་མི་མངོན་པའི་གཏིང་གྲུ། དེ་མིན་མཚོ་ཐོག་སྐོར་སྐྱོད་དམག་གྲུ་སོགས་དང་། ཨེན་ཌ་མན་དང་ཉེ་ཁོ་བྷར་དམག་སྤྱི་ཁང(ANC)དང་ཤར་རྒྱུད་མཚོ་དམག་དམག་སྤྱི་ཁང(ANC)ནས་ཐོན་པའི་རྒྱ་གར་གྱི་མཚོ་དམག་གི་གོ་མཚོན་ཚང་མ་དམག་སྦྱོང་ཁྲོད་མཉམ་ཞུགས་བྱས་ཡོད།སྤྱི་ཟླ་ ༧ པའི་ཚེས ༡ ཉིན། ཨ་རིའི་མཚོ་དམག་གི་མཚོ་བསྐྱོད་མ་གྲུ་ཉེ་མེ་ཛི་རྟགས་ཅན(USS Nimitz)གྱི་འཐབ་འཛིང་ཚོ་ཁག་དང་རྒྱ་གར་གྱི་མཚོ་དམག་དམག་གྲུ་གཉིས་ཀྱིས་ཨེན་ཌ་མན་དང་ཉེ་ཁོ་བྷར་གླིང་ཕྲན(Andaman and Nicobar islands)གྱི་ཉེ་འགྲམ་ནས་མཉམ་དུ་དམག་སྦྱོང་བྱས་ཡོད་འདུག (U.S. Navy photo by Mass Communication Specialist 2nd Class Donald R. White, Jr.)

ཉེ་མེ་ཛི་རྟགས་ཅན་གྱི་གྲུ་གཟིངས་ཆེན་མོའི་འཐབ་འཛིང་ཚོ་ཁག་གི་དམག་སྤྱི་ཆེན་མོ་ལྗེམ་ཁིར་ཁི(Jim Kirk)ལགས་ཀྱིས་གསུང་རྒྱུར། རྒྱ་གར་གྱི་མཚོ་དམག་དང་མཉམ་དུ་དམག་འཐབ་བྱེད་རྒྱུ་ནི་དམིགས་བསལ་གྱི་དབང་ཆ་ཞིག་ཡིན་ཞིང་། ཤར་དམག་གྲུའི་རུ་ཁག་གི་དམག་སྤྱི་ཆེན་མོ་ཝ་ས་ཡན་ལགས་ཀྱིས་སྟོབས་ཤུགས་ཆེ་ཞིང་བྱང་ཆ་ཐོན་པའི་དམག་གྲུའི་རུ་ཁག་ཅིག་སྣེ་ཁྲིད་བྱས་ཡོད་ལ། ཉེ་མེ་ཛི་རྟགས་ཅན་གྱི་གྲུ་གཟིངས་ཆེན་མོའི་འཐབ་འཛིང་ཚོ་ཁག་དང་ཁོང་གི་དམག་གྲུའི་རུ་ཁག་གཉིས་དམག་སྦྱོང་རབས་དང་རིམ་པ་མང་པོ་ཞིག་ལ་མཉམ་ཞུགས་བྱས་ཏེ། ང་ཚོའི་དཔུང་པ་མཉམ་སྡེབ་ཀྱི་རང་བཞིན་གོང་འཕེལ་བཏང་ཡོད་ཅིང་། ང་ཚོའི་མཚོ་དམག་གཉིས་ཀྱི་བབ་བསྟུན་རང་བཞིན་ར་སྤྲོད་བྱས་ཡོད་ཟེར། ཡང་ཁོང་གིས་གསལ་བསྒྲགས་བྱེད་རྒྱུར། གྲུ་གཟིངས་ཆེན་མོ་འདི་དག་གནས་འདིར་ཐོན་པ་ནི་ཆབ་སྲིད་དང་ཡང་ན་འཛམ་གླིང་གི་དོན་ཆེན་གང་རུང་ལ་ཡ་ལན་སྤྲོད་པའི་ཆེད་དུ་མིན་མོད། འོན་ཀྱང་ཝ་ཧྲིང་ཐོན་དང་པེ་ཅིང་གཉིས་བར་གྱི་མིག་སྔའི་འབྲེལ་བ་ཛ་དྲག་ཏུ་གྱུར་ཡོད་དེ། ཏོག་དབྱིབས་ནད་དུག་ནས་དཔལ་འབྱོར་ཉོ་ཚོང་དང་། དེ་ནས་ཧོང་ཀོང་གི་གནད་དོན་བྱུང་ཡོད་ལ་དོན་དག་ཚང་མ་དེ་འདྲ་ཡིན་ཟེར།

ཨ་རིའི་མཚོ་དམག་གསར་འགྱུར་གྱི་མ་རྩོམ་ཟིན་བྲིས་ལས་བསྟན་རྒྱུར། མཉམ་གཅིག་ཏུ་འགུལ་སྐྱོད་བྱས་པའི་དུས་མཚུངས་སུ་ཨ་རི་དང་རྒྱ་གར་གཉིས་ཀྱི་མཚོ་དམག་གིས་ཚད་མཐོན་པོའི་དམག་སྦྱོང་བྱས་པ་ནི་ཚད་མཐོན་པོའི་ངོས་ནས་སྦྱོང་བརྡར་དང་མཉམ་སྡེབ་ཀྱི་རང་བཞིན་མཐོ་རུ་གཏོང་རྒྱུ་དེ་ཡིན་ཞིང་། དེའི་ནང་མཁའ་སྲུང་གི་ནུས་པ་སྦྱོང་བརྡར་བྱེད་རྒྱུའང་འདས་ཡོད་ལ། ཉེ་མེ་ཛི་རྟགས་ཅན་གྱི་གྲུ་བོ་ཆེའི་ཚོ་ཁག་གི་ལས་འགན་ནི་ས་ཁུལ་ཧྲིལ་པོར་བདེ་འཇགས་ཡོང་བར་བྱེད་པ་དང་ཆབས་ཅིག་ཏུ་མཐུན་གྲོགས་དང་མནའ་མཐུན་རྒྱལ་ཁབ་བར་ལ་ཟླ་གྲོགས་ཀྱི་འབྲེལ་བ་འཛུག་རྒྱུ་དེ་ཡིན་ཟེར།

ཉེ་མེ་ཛི་རྟགས་ཅན་གྱི་གྲུ་བོ་ཆེའི་འཐབ་འཛིང་ཚོ་ཁག་དང་རོ་ན་ཌི་རྟགས་ཅན་གྱི་གྲུ་གཟིངས་ཆེན་མོའི་འཐབ་འཛིང་ཚོ་ཁག་གཉིས་ཀྱིས་ད་སྔོན་ཏག་ཏག་ལ་ལྷོ་རྒྱ་ནག་རྒྱ་མཚོར་དམག་འཐབ་བཀོད་སྒྲིག་དང་མཚོ་འགྲུལ་རང་དབང་ཟེར་བའི་ལས་འགན་ཞིག་འགྲུབ་པར་བྱས་ཡོད། འདི་ནི་ཨ་རིས་ས་ཁུལ་འདིའི་མནའ་མཐུན་རྒྱལ་ཁབ་དང་མཉམ་ལས་བྱེད་མཁན་གྱི་ཟླ་གྲོགས་ལ་མངོན་པར་མཚོན་པའི་རྒྱབ་སྐྱོར་གལ་ཆེན་ཞིག་ཡིན་ཏེ། ཐུན་མོང་གིས་རྒྱ་ནག་དམར་ཤོག་གི་བཙན་འཛུལ་རང་བཞིན་དང་རྒྱ་སྐྱེད་རིང་ལུགས་ལ་ཁ་གཏད་བཅག་པ་ཞིག་ཡིན།

ཨ་རིར་ཉེ་མེ་ཛི་རིམ་པའི་རིམ་འདས་གྲུ་བོ་ཆེ་བཅུ་ཡོད་ཅིང་། གྲུ་གཟིངས་རེ་རེའི་ལྗིད་ཚད་ལ་ཧ་ལམ་ཏུན་ས་ཡ་གཅིག་ཡོད་དེ། འཐབ་འཛིང་གནམ་གྲུ་བརྒྱད་ཅུ་ནས་དགུ་བཅུ་ཡས་མས་ཤིག་སྐྱེལ་འདྲེན་བྱེད་ཐུབ་ཀྱི་ཡོད་ལ་འཛམ་གླིང་གི་ཡུལ་གྲུ་སོ་སོར་སྒྲིག་གཤོམ་བྱས་ཡོད།

རྒྱ་གར་གྱི་དབང་འཛིན་ལས་ཁུངས་ནས་བརྗོད་གསལ། བཙན་འཛུལ་རང་བཞིན་གྱི་རྒྱ་མཚོའི་ཆུ་ལམ་ནི་འཛམ་གླིང་སྤྱིའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་ཟེར་ཞིང་། ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཨ་ནོ་ར་གྷ་སི་རོས་ཝ་སི་ཋ་ཝ(Anurag Srivastava)ལགས་ཀྱིས་བདུན་ཕྲག་སྔོན་མའི་གསར་འགོད་ལྷན་ཚོགས་ཐོག་བསྟན་རྒྱུར། ང་ཚོས་མཐའ་གཅིག་ཏུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་། ལྷག་པར་དུ<<མཚོ་དོན་བཅའ་ཁྲིམས་ཀྱི་སྤྱི་ཆིངས>>ལྟར་རྒྱལ་སྤྱིའི་ཆུ་ཁོངས་འདི་དག་གི་ནང་རང་དབང་སྒོས་མཚོ་འགྲུལ་དང་འཕུར་སྐྱོད་བྱས་ཏེ། བཀག་འགོག་མེད་པའི་སྒོ་ནས་ཁྲིམས་མཐུན་གྱི་ཉོ་འཚོང་བྱེད་པའི་བཞེད་ཕྱོགས་བཏོན་ཡོད་ཟེར།སྤྱི་ཟླ་ ༧ པའི་ཚེས་ ༡ ཉིན། ཨ་རིའི་མཚོ་དམག་གི་མཚོ་བསྐྱོད་མ་གྲུ་ཉེ་མེ་ཛི་རྟགས་ཅན(USS Nimitz)གྱི་འཐབ་འཛིང་ཚོ་ཁག་དང་རྒྱ་གར་གྱི་མཚོ་དམག་དམག་གྲུ་གཉིས་ཀྱིས་ཨེན་ཌ་མན་དང་ཉེ་ཁོ་བྷར་གླིང་ཕྲན(Andaman and Nicobar islands)གྱི་ཉེ་འགྲམ་ནས་མཉམ་དུ་དམག་སྦྱོང་བྱས་ཡོད་འདུག (U.S. Navy photo by Mass Communication Specialist 3nd Class Donald R. White, Jr.)

སྤྱི་ཟླ་ ༦ པའི་ཚེས  ༢༧ ཉིན། རྒྱ་གར་དང་ཧི་ཧོང་རྒྱལ་ཁབ་གཉིས་ཀྱི་མཚོ་དམག་གིས་བྷང་ག་ལིའི་གྲུ་ཁར་མཉམ་དུ་དམག་སྦྱོང་བྱས་ཡོད། ༢༠༡༥ ལོའི་ཚུན་ཆད་ནས་བཟུང་། ཉི་ཧོང་ནི་རྒྱ་གར་དང་ཨ་རིའི་བར་གྱི་མ་ལ་བྷར་མཉམ་འབྲེལ་ནང་སྦྱོང་གི་རྒྱུན་གཏན་གྱི་མཉམ་ཞུགས་པར་གྱུར་ཟིན་ཡོད།

ཨ་རིའི་རླུང་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། རྒྱ་གར་གྱིས་ཨོ་སི་ཋྲི་རི་ཡ་གདན་འདྲེན་ཞུས་ནས་རྒྱ་གར་རྒྱ་མཚོ་ཆེན་པོའི་མཚོ་དམག་གི་ནང་སྦྱོང་ལ་ཞུགས་པའི་འཆར་གཞི་གཏན་འབེབས་བྱེད་བཞིན་འདུག་ཅིང་། འདི་ནི་རྒྱ་གར་དང་། ཧི་ཧོང་། ཨོ་སི་ཋྲི་རི་ཡ། ཨ་རི་བཅས་ཀྱིས་རྒྱ་ནག་དམར་ཤོག་དང་དབང་ཤུགས་དོ་མཉམ་ཡོང་ཆེད་འགོག་སྲུང་ལས་དོན་སྔར་ལས་ལྷག་པར་ཤུགས་ཆེར་བཏང་བའི་གོ་རིམ་ཆེ་ཞིག་ཡིན་ཟེར།

རྒྱལ་ཁབ་འདི་བཞི་ཡི་དམིགས་ཡུལ་ནི་རང་དབང་ལྡན་ཞིང་བཀག་སྡོམ་མེད་པ་དང་བརྟན་བརླིང་ཡིན་པའི་རྒྱ་གར་གྱི་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་ཞིག་འཛུགས་སྐྲུན་བྱས་ཏེ། བཙན་འཛུལ་རང་བཞིན་དང་རྒྱ་སྐྱེད་རིང་ལུགས་ལྡན་པའི་རྒྱ་ནག་དམར་ཤོག་གི་ཁ་གཏད་དུ་ལངས་རྒྱུ་དེ་ཡིན་ནོ། །

མ་ཡིག་གཙོ་བོའི་འབྲེལ་ཐག https://www.epochtimes.com/gb/20/7/20/n12270727.htm

The post མཚོ་དམག་གིས་མཉམ་འབྲེལ་དམག་སྦྱོང་བྱས་ཏེ་རྒྱ་ནག་ལ་དྲག་པོའི་བརྡ་ལན་སྤྲད། appeared first on བོད་ཀྱི་དུས་བབ།.

Viewing all 4854 articles
Browse latest View live


<script src="https://jsc.adskeeper.com/r/s/rssing.com.1596347.js" async> </script>