Quantcast
Channel: བོད་ཀྱི་དུས་བབ།
Viewing all 4854 articles
Browse latest View live

ཆུ་རགས་ལས་གཞི་བརྒྱུད་དེ་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཡིན།

$
0
0

རྒྱ་ནག་གཞུང་གིས་འབྲི་ཆུ་གཙང་པོའི་སྟོད་ཕྱོགས་སུ་འཁེལ་བའི་ཅིན་ཤ་གཙང་པོའི་སྟེང་གཞི་རྒྱ་ཆེ་བའི་ཆུ་རགས་ལས་གཞི་ཐོག་མ་དེ་མགོ་འཛུགས་བྱས་ཡོད་འདུག

Screen Shot 2016-05-03 at 6.15.52 PM

བརྒྱུད་ལམ་ཐོག་གནས་ཚུལ་འཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་འབྲི་ཆུ་གཙང་པོའི་སྟོད་ཕྱོགས་སུ་འཁེལ་བའི་ཅིན་ཤཱ་(Jinsha River)གཙང་པོའི་སྟེང་ཆུ་རགས་ལས་གཞི་མགོ་འཛུགས་བྱས་ཡོད་པ་དང་། ལས་གཞི་དེའི་མིང་ལ་སུ་ཝ་ལོན་ Suwalong hydro power project ཟེར་ཞིང་། དེ་ནི་སི་ཁྲིན་ཞིང་ཆེན་གྱི་འབའ་ཐང་རྫོང་དང་མར་ཁམས་རྫོང་གཉིས་ཀྱི་ས་ཁུལ་དུ་འཁེལ་ཡོད་འདུག

ལས་གཞི་དེ་ཉིད་སྤེལ་རྗེས་ཆུ་ཤུགས་གློག་ཚད་ནུས་པ་ ༡།༢ gigawatts དང་། ༢༠༢༡ ལོར་ལས་གཞི་དེ་ཉིད་ལེགས་གྲུབ་བྱུང་མཚམས་ཆུ་ཤུགས་གློག་ཚད་ནུས་པ་ ༥༤༠༠ gigawatt ཙམ་རྒྱུན་གནས་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག

ཅིན་ཤ་ཆུ་རགས་ལས་གཞི་དེའི་བཟོ་དབྱིབས་དང་རྒྱ་ཁྱོན་ནི་དེ་སྔོན་ཟླ་བ་བཅུ་པའི་ནང་ལེགས་གྲུབ་ཟིན་པའི་ཡར་ཀླུང་གཙང་པོའི་སྟེང་བརྒྱབ་པའི་ཛང་མུ་ Zangmu ཆུ་རགས་ལས་ཀྱང་ལྡབ་གཉིས་ཀྱིས་ཆེ་བ་ཡོད་འདུག

ཆུ་རགས་དེར་རྒྱ་སྒོར་དུང་ཕྱུར་ ༡༨ བཏང་ཡོད་པ་དང་། ཆུ་རགས་དེ་བརྒྱུད་ནས་རྒྱ་ནག་ཤར་ཕྱོགས་ཀྱི་ས་ཁུལ་ཙམ་དུ་མ་ཟད། བོད་ཤར་ཕྱོགས་ཀྱི་ས་ཁུལ་ཁག་ལའང་དཔལ་འབྱོར་མཐུན་རྐྱེན་བསྐྲུན་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག །

བསྟན་འཛིན་རབ་རྒྱས་ཀྱིས་བསྡུ་སྒྲིག་བྱས།


མོན་རྟ་དབང་དུ་ཉེན་རྟོག་པས་མི་གཉིས་བསད་འདུག

$
0
0

ཁ་སང་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མོན་རྟ་དབང་གྲོང་སྡེའི་མི་མང་གིས་ཉེ་ལམ་འཛིན་བཟུང་བྱས་པའི་གྲྭ་བློ་བཟང་རྒྱ་མཚོ་ཀློད་གྲོལ་གཏོང་དགོས་པར་ཞི་རྒོལ་བྱས་སྐབས་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་མི་གཉིས་བསད་འདུག

tawang-firing_650x400_71462207899

རྒྱ་གར་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་མོན་རྟ་དབང་གྲོང་སྡེའི་ནང་རྟ་དབང་མི་མང་ཁག་ཅིག་གིས་ཉེ་སྔོན་ཕྱི་ཟླ་ ༤ ཚེས་ ༢༨ ཉིན་འཛིན་བཟུང་བྱས་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་ཀློད་གྲོལ་གཏོང་དགོས་པའི་རེ་འདུན་དང་སྦྲགས། ས་གནས་སྐོར་སྲུང་ལས་ཁང་དུ་ཞི་རྒོལ་སྐད་འབོད་བྱེད་སྐབས་ཉེན་རྟོག་པས་མི་མང་ཁྲོད་མེ་མདའ་བརྒྱབ་སྟེ་མི་གཉིས་བསད་པ་དང་མི་བཅུ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

དེ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གྷར་ནས་གཞུང་འབྲེལ་ཐོག་གནད་དོན་དེའི་སྐོར་བརྗོད་པའི་ནང་། དེ་སྔོན་དགེ་འདུན་པ་བློ་བཟང་རྒྱ་མཚོས་སྣེ་ཁྲིད་ཀྱིས་ས་གནས་མི་མང་ཁག་ཅིག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆུ་རགས་རྒྱག་རྒྱུའི་ལས་གཞིའི་གནད་དོན་དེར་དགག་པ་བྱས་སྟབས་ཁོང་ཉིད་འཛིན་བཟུང་བྱས་པ་དང་། ཁ་སང་གཟའ་ཟླ་བའི་ཉིན་མི་མང་ཁག་ཅིག་གིས་དགེ་འདུན་པ་ཁོང་ཀློད་གྲོལ་དགོས་པའི་ཞུ་ཡིག་དང་སྦྲགས། ས་གནས་ཁྲིམས་ཁང་ལ་ཞུ་གཏུགས་བྱས་པར་ཁྲིམས་ཁང་ནས་རྩིས་མེད་ཡོད་སྟབས། མི་མང་གིས་ཉེན་རྟོག་ལས་ཁུངས་མདུན་དུ་ཞི་བའི་སྐད་འབོད་བྱེད་སྐབས། ཉེན་རྟོག་པས་མི་མང་ལ་སྡིག་ར་བསྐུལ་ཆེད་མེ་མདའ་བརྒྱབ་ནས་དགེ་འདུན་པ་ཞིག་དང་། གཞན། གཞན་མི་སྐྱ་གཅིག་བཅས་མི་ ༢ བསད་པ་དང་མི་ ༡༠ ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་སྐོར་བརྗོད་འདུག

སྤྱིར་དགེ་འདུན་པ་བློ་བཟང་རྒྱ་མཚོས་དེ་སྔོན་ས་གནས་མི་མང་ཁག་གཅིག་གི་སྣེ་ཁྲིད་ཐོག་མངའ་སྡེའི་ནང་ཆུ་རགས་རྒྱག་རྒྱུའི་ལས་གཞི་དེར་དགག་པ་བྱས་པ་དང་། དེ་བཞིན། དགེ་འདུན་པ་བློ་བཟང་རྒྱ་མཚོས་རྟ་དབང་དགོན་པའི་བླ་མ་གུ་རུ་རིན་པོ་ཆེ་མཆོག་ལ་ཆུ་རགས་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་ཐོག་འཛུལ་ཞུགས་མ་བྱས་ན་བཟང་སྐོར་སོགས་ཞུས་པའི་རྒྱུ་མཚན་ལ་བརྟེན་ནས་ཁོང་ཉིད་འཛིན་བཟུང་བྱས་པ་ཞིག་ཡིན་འདུག

ཛ་དྲག་ཅན་གྱི་གནད་དོན་དེ་འབྱུང་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀ་ལི་ཁོ་པུལ་(Kalikho Pul) མཆོག་ལྡི་ལིར་ཡོད་པ་དང་། ཁོང་གིས་གནད་དོན་དེའི་ཐོག་ཁྲིམས་ཐོག་ནས་རྩད་ཞིབ་དགོས་པའི་བཀའ་བཏང་བ་དང་སྦྲགས། འདས་གྲོངས་སུ་སོང་བའི་ནང་མི་རྣམས་ལ་ཧིན་སྒོར་འབུམ་ ༥ སྤྲོད་རྒྱུའི་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་འདུག

དེ་བཞིན་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རན་རི་ཇུ་ཇི་(Kiren Rijiju)མཆོག་གིས་ཀྱང་མངའ་སྡེའི་དྲུང་གཞོན་དང་། ཉེན་རྟོག་འགན་འཛིན་པ་བཅས་ཀྱི་འགན་འཁུར་ཐོག་སླད་མར་འབྲེལ་ཡོད་སྡེ་ཚན་ཚང་མ་མཉམ་རུབ་ཀྱིས་གནད་དོན་དེའི་ཐོག་རྩད་ཞིབ་དང་ཞི་བའི་གྲོས་མོལ་གྱི་ལམ་ནས་ལྷིང་འཇགས་བསྐྲུན་དགོས་སྐོར་གྱི་བསམ་ཚུལ་བཏོན་ཡོད་འདུག

བསྟན་འཛིན་རབ་རྒྱས་ཀྱིས་བསྡུ་སྒྲིག་བྱས།

ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེ་མཆོག་དགོངས་པ་རྫོགས།

$
0
0

གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་ ༤ ཚེས་ ༢༩ ཉིན་གྱི་ཨ་རིའི་ཕྱི་དྲོའི་ཆུ་ཚོད་ ༨།༡༥ སྟེང་། དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེ་མཆོག ཨ་རིར་སྐུ་ཞི་གཤེགས་ཡོད་པ་དང་། ད་ལྟ་སྐུ་ཐུགས་དམ་དུ་བཞུགས་ཡོད་འདུག

Screen Shot 2016-05-04 at 9.38.29 AMཁ་སང་ཚེས་ ༣ ཉིན་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་གསུང་འཕྲིན་ཞིག་བསྩལ་ཡོད་པའི་ནང་འཁོད་དོན། བརྩེ་ཆེན་རྒྱལ་བའི་རིང་ལུགས་འཛིན་པའི་རང་རིགས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་ཆོས་སྡེ་རྣམས་དང་། ཕྱི་རྒྱལ་ཆོས་ཚོགས་ཁག ཆོས་བརྒྱུད་མི་དམངས་རྣམས་བཅས་ཐུན་མོང་ལ། ཆེད་ཞུ།

ད་ལམ་ཤིན་ཏུ་ཡིད་སྐྱོ་བའི་གནས་ཚུལ་ཞུ་རྒྱུ་ཞིག་ལ། དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་རིན་པོ་ཆེ་མཆོག་དགུང་ན་མཐོ་བོར་ཕེབས་ཁར། ཁ་སྔོན་ནས་སྐུ་ཁམས་སྙུན་མནར་གྱིས་འཕྲོད་བཞེས་ཇི་ལྟར་མཛད་ཀྱང་དྭངས་སྐྱེད་ཆེར་མ་བཞེས་སྟབས། ངོས་རང་ཨ་རིར་ངོ་བསྐྱོད་ཀྱིས་ལྷོད་མཇལ་ཐོག འཆི་མེད་བླ་མ་ཞི་ཁྲོའི་སྒོ་ནས་བརྟན་བཞུགས་ཟབ་འབུལ་ཞུས་པར། དགྱེས་ཚོར་ཆེན་པོ་བྱུང་བ་མ་ཟད་སྐུ་ཁམས་ཀྱང་དྭངས་སྐྱེད་ཅུང་ཟད་བྱུང་རུང་། ད་ལམ་ཕྱི་ཟླ་ ༤ ཚེས་ ༢༩ ཨ་རིའི་ནུབ་མཐའི་ཕྱི་དྲོའི་ཆུ་ཚོད་ ༨ དང་སྐར་མ་ ༡༥ ཐོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བཞེས་པ་དང་། ད་ལྟ་ཐུགས་དམ་ངོ་མཚར་ཅན་མཇལ་བ་ཙམ་གྱིས་དད་གསུམ་དབང་མེད་དུ་འཕྲོ་བ་ཞིག་བཞུགས་བཞིན་པ་ནས། ངོས་རང་ད་ལྟ་ཡང་ཨ་རིར་ཡོད་བཞིན་པ་བཅས་མ་བསྒྲིགས་ལྷུན་འགྲུབ་དམ་ཚིག་གཙང་མའི་དགེ་མཚན་མངོན་དུ་གྱུར་པ་ཡིན་ན། དེང་སྐབས་སྐུ་གདུང་མདུན་མཆོད་འབུལ་ཞུ་བཞིན་པ་དང་། ཁྱེད་རྣམས་ནས་ཀྱང་དགོན་པོ་གང་གི་ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ཤིང་། ཡང་སྲིད་འཁྲུལ་བྲལ་དྲི་མེད་འཁོན་གདུང་དུ་གྱུར་དུ་བྱོན་ནས་སྔར་བཞིན་བསྟན་འགྲོ་སྤྱི་དང་ཕྱེ་བྲག་གི་དཔལ་དུ་གྱུར་བའི་དགོངས་རྫོགས་མཆོད་འབུལ་ཐུགས་སྨོན་གང་ཟབ་གནང་སྐྱོང་ཡོད་པ་ཞུ། ཞེས་འཁོད་འདུག

Screen Shot 2016-05-04 at 9.42.29 AM

ས་སྐྱ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་མཆོག་ནི། ཕྱི་ལོ་ ༡༩༢༩ རབ་བྱུང་བཅུ་བདུན་པའི་ས་མོ་སྦྲུལ་གྱི་ལོའི་ཟླ་ ༡༢ ཚེས་ ༡༣ ཉིན་ཡབ་ས་སྐྱ་༸གོང་མ་ཁྲི་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་དང་ཡུམ་བདེ་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ ༦ ལ་ཕེབས་དུས་ས་སྐྱ་ལྷ་ཁང་ཆེན་མོའི་མཁན་རབས་ཞེ་གསུམ་པ་ཡོངས་འཛིན་སངས་རྒྱས་རིན་ཆེན་ལགས་ཀྱི་དྲུང་ནས་ཡོན་ཏན་ཀུན་གྱི་གཞི་མ་བོད་ཡིག་གི་སྦྱོར་ཀློག་སློབ་པའི་དབུ་བཙུགས་གནང་། དེ་ནས་ས་སྐྱ་པའི་མདོ་སྔགས་ཀྱི་ཆོས་སྤྱོད་ཉེར་མཁོ་དུ་མ་ཐུགས་འཛིན་མཛད། སློབ་དཔོན་ཤཱཀྱ་ལགས་ཀྱི་མདུན་ནས་དཀྱིལ་འཁོར་བྲིས་ཐིག ཆོ་གའི་ཕྱག་ལེན། འདོན་རྟ་དབྱངས། རྔ་རོལ། ཕུར་པའི་རྩ་འཆམ་དང་གཏོར་བཟོ་སོགས་ལ་སྦྱངས་པ་གནང་། ས་གཞུང་དྲུང་ཡིག་བློ་བདེ་ཁང་གསར་དབང་འདུས་ཀྱི་དྲུང་ནས་བོད་ཡིག་བྲིས་རྒྱུན་སྦྱོང་ཤིང་དང་ཤོག་བུའི་སྟེང་སྔར་སྲོལ་བཞིན་སྦྱོང་གནང་མཛད། ཡབ་རྗེ་ཁྲི་ཆེན་མཆོག་གི་ཞལ་སྔ་ནས་སྔ་ཕྱིར་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཡིག་ཆའི་སྟེང་ནས་ས་སྐྱ་པའི་ཡབ་ཆོས་གསུང་ངག་ལམ་འབྲས་ཚོགས་བཤད་ཀྱི་དབང་ལུང་ཁྲིད་གསུམ་དང་། འཁོན་ལུགས་རྡོ་རྗེ་ཕུར་པའི་དབང་དང་རྗེས་གནང་། བ་རི་བརྒྱ་རྩའི་རྗེས་གནང་སོགས་ཟབ་ཆོས་དུ་མ་གསན། དགུང་ལོ་ ༡༧ བར་དུ་འབྱུང་འདུལ་དང་། ཀྱཻ་རྡོར། ཕུར་པ། མགོན་པོ། བླ་མ་ཞི་ཁྲོའི་ཚེ་སྒྲུབ། རིག་བྱེད་མ་སོགས་ཀྱི་བསྙེན་པ་ཚད་ལྡན་བསྐྱངས།

༡༩༤༧ ལོར་བོད་གཞུང་གི་བཀའ་དགོངས་བཞིན་ཡབ་རྗེ་མཆོག་གི་ལྷན་མངའ་རིས་དང་། མང་ཡུལ། གློ་ཆུ་མིག་བརྒྱ་རྩ་སོགས་སུ་ཕྱོགས་ཕེབས་ཀྱིས་མཛད་འཕྲིན་བསྐྱངས། ཡབ་རྗེའི་ལྷན་ལྷ་སར་ཕེབས་ཏེ་༧རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་སོགས་ལ་ཕྱག་མཇལ་ཞུས་པ་དང་། ཕོ་བྲང་ཆེན་པོ་པོ་ཏཱ་ལ་དང་ཇོ་ཁང་རྣམ་གཉིས་སོགས་གཙུག་ལག་ཁང་མང་པོར་ཡང་མཆོད་མཇལ་དུ་ཕེབས།  ༡༩༤༨ ལོར་ཡབ་རྗེའི་ལྷན་རྒྱ་གར་དུ་བྱོན་ཏེ་གནས་མཆོག་རྡོ་རྗེ་གདན་དང་། བྱ་རྒོད་ཕུང་པོའི་རི། ནཱ་ལེན་དྲ། ཝཱ་ར་ཎཱ་སི། ལུམ་བྰི་ནི། ཀུ་ཤི་ནཱ་གྷར་སོགས་གནས་ཆེན་དུ་མར་མཆོད་འབུལ་དང་ཐུགས་སྨོན་གནད་སྨིན་མཛད།  ༡༩༤༩ ལོར་དགུང་ལོ་ཉི་ཤུར་ཕེབས་དུས་ཁམས་སྐྱེ་རྒུ་ནས་ཕེབས་པའི་མཁས་དབང་སྡེ་གཞུང་རིན་པོ་ཆེའི་སྐུའི་ཚ་མོ་འཇམ་དབྱངས་དཔལ་མོ་མཆོག་བདག་མོར་བཞེས་ཤིང་། སྔ་ཕྱིར་བོད་ནང་དང་ཨ་རིར་གདུང་སྲས་ ༥ འཁྲུངས།

༡༩༥༡ ལོར་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་མོར་འདུས་མང་ལ་གསུང་ངག་ལམ་འབྲས་ཚོགས་བཤད་ཀྱི་དབང་ལུང་ཁྲིད་གསུམ་བསྩལ་གནང་མཛད། དགུང་གྲངས་ ༢༤ ཕེབས་སྐབས་ངོར་མཁན་རབས་རེ་དྲུག་པ་ཀླུ་ལྡིང་རྒྱལ་སྲས་འཇམ་དབྱངས་ཆོས་ཀྱི་ཉི་མ་ཞེས་པའི་མཁས་གྲུབ་ཆེན་པོ་དེའི་ཡང་སྲིད་དུ་ངོས་འཛིན་ཞུས།  ༧གོང་ས་མཆོག་གི་ཞལ་སྔ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཚར་གཉིས་གསན་བཞེས་གནང་། ༡༩༥༡ ལོའི་ཟླ་ ༧ ཚེས་ ༡ ལ་ཁམས་ཕྱོགས་སུ་ཆིབས་བསྒྱུར་སྐབས། ལམ་བར་དུ་གཞིས་རྩེར་པཎ་ཆེན་རིན་པོ་ཆེ་མཆོག་དང་ངོར་མཁན་ཆེན་དམ་པ་རིན་པོ་ཆེ་རྣམ་གཉིས་ཞལ་མཇལ་དང་ཆོས་འབྲེལ་ཞུས། ལྷ་ས་ནས་ནག་ཆུའི་ཁར་ཕེབས་སྐབས་སྡེ་དགེ་ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གདན་ཞུ་ལྟར་ཕེབས་ལམ་དུ་དགོན་པ་ཆེ་ཆུང་དུ་མས་གདན་ཞུས་ཀྱིས་ཆོས་འབྲེལ་ཞུས་ཤིང་དད་ལྡན་སྟོང་ཕྲག་དུ་མར་ཆོས་འབྲེལ་བྱིན་རླབས་གནང་། ༡༩༥༢ ལོའི་ཟླ་ ༡ ཚེས་ ༡༤ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་གྲའུ་དཔོན་དང་། བླ་སྤྲུལ་མཁན་པོ། དགེ་འདུན་པ་དང་དཔོན་སྡེ་ཁག་སོགས་མང་ཚོགས་སྟོང་ཕྲག་དུ་མས་ཕེབས་བསུ་དང་བཅས་སྐྱེ་རྒུ་དགོན་པའི་འདུ་ཁང་ཆེན་མོའི་གསེར་ཁྲིར་གདན་འདྲེན་ཞུས། སྐབས་དེར་ཀྱཻ་རྡོར་དང་ཕུར་པའི་དབང་ཆེན་སོགས་བསྩལ། གྲའུ་དཔོན་ཚང་དུ་ཁྲོ་བཅུའི་དྲག་པོའི་སྦྱིན་སྲེག་མཛད་སྐབས་ངོ་མཚར་ཆེ་བའི་རྟགས་དུ་མ་བྱུང་། དེ་ནས་ཐར་ལམ་དང་ལབ་དགོན་པ་སོགས་ཆོས་བརྒྱུད་མི་འདྲ་བའི་དགོན་ཁག་དུ་མས་གདན་ཞུས་ཀྱིས་དབང་ལུང་ཁྲིད་གསུམ་སོགས་ཆོས་སྦྱིན་རྒྱ་ཆེར་སྤེལ་གནང་མཛད།

ཕྱི་ལོ་ ༡༩༥༣ ལོར་རྫོང་གསར་དགོན་པར་ཞབས་སོར་འཁོད་སྐབས་སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་དང་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་དབུས་པའི་བླ་སྤྲུལ་མཁན་གྲྭ་སྡེ་དཔོན་མི་མང་སོགས་ཀྱིས་ཕེབས་བསུ་རྒྱ་ཆེར་ཞུས། རིམ་བཞིན་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་ལམ་འབྲས་སློབ་བཤད་དང་སྒྲུབ་ཐབས་ཀུན་བཏུས་སོགས་དབང་ལུང་ཁྲིད་གསུམ་རྒྱ་ཆེར་གསན་པ་དང་། དེ་བཞིན། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་དབུས་པའི་བླ་སྤྲུལ་དགེ་འདུན་རྣམས་ལ་ཚེ་རྟ་ཟུང་འབྲེལ་དང་། གསེར་ཆོས་ཁྱུང་ནག གུར་ལྷ་བརྒྱད། ཕུར་པ་སྟོད་སྨད་ཀྱི་དབང་ཆེན་སོགས་བསྩལ་གནང་མཛད། མཁྱེན་བརྩེ་རིན་པོ་ཆེའི་བཀའ་དགོངས་ལྟར་རྫོང་གསར་དགོན་པའི་ཕུར་པའི་སྒྲུབ་མཆོད་ཀྱང་ས་སྐྱའི་ལྷ་ཁང་ཆེན་མོའི་ཕྱག་བཞེས་ལྟར་དབུ་བཙུགས་མཛད། ཕུར་པའི་སྨད་ལས་ཉིན་རྗེ་འདིས་ཕུར་འཆམ་མཛད་དེ་གཟིམ་ཁང་དུ་ཕེབས་དུས། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་མཆོག་སྐུ་བཞེངས་གནང་སྟེ།ངས་དེ་རིང་ཁྱེད་ཉིད་རྡོ་རྗེ་གཞོན་ནུ་དངོས་སུ་མཇལ་བྱུང་གསུངས་ནས་ཐུགས་དགྱེས་ཚོར་ཆེན་པོ་མཛད། མཁྱེན་བརྩེའི་བླ་བྲང་དུ་ཕུར་པའི་གཏོར་ཟློག་མཛད་དུས་གཏོར་མ་ནས་བདུད་རྩི་བབས་པ་དང་ཁྲག་འཛགས་པ་གཞུང་ནས་གསུངས་པའི་རྟགས་མཚན་ངོ་མཚར་བ་དུ་མ་བྱུང་།

༧གོང་ས་རྒྱལ་དབང་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་ཀྱི་ཆོས་བརྒྱུད་ཀྱི་བླ་ཆེན་རྣམ་པ་རྒྱ་ནག་ཏུ་ཕེབས་སྐབས་རྗེ་འདི་ཉིད་ཀྱང་དཔལ་ལྡན་ས་སྐྱ་པའི་སྐུ་ཚབ་མཛད་དེ་པེ་ཅིན་དུ་ཕེབས། རྒྱ་ཡུལ་ནས་ཡར་ཕེབས་རྗེས་སླར་ཡང་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་ཀྱཻ་རྡོར་བཀའ་བབ་རྣམ་བཞི་དང་ངོར་ལུགས་དཀྱིལ་འཁོར་བདུན་སོགས་ཆོས་ཀྱི་བདུད་རྩི་ངོམ་མེད་དུ་བཞེས། ༧གོང་ས་མཆོག་རྒྱ་ཡུལ་ནས་བོད་དུ་ཕེབས་ལམ་སྡེ་དགེར་ཕེབས་སྐབས། རྗེ་འདིས་ཞུས་ངོར་འདུས་པ་སྟོང་ཕྲག་དུ་མར་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ།

དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་མདུན་ནས་གདམས་ངག་མཛོད་ཡོངས་རྫོགས་གསན་བཞེས་དང་། སྡེ་དགེ་དགོན་ཆེན་གྱི་བླ་མ་ཆོས་གྲགས་རྒྱ་མཚོའི་མདུན་ནས་ལམ་འབྲས་སློབ་བཤད་ཀྱི་པོད་བཅུ་བདུན་གྱི་ལུང་ཡོངས་རྫོགས་དང་། ཞལ་བཞི་པའི་ཆོས་སྐོར་གྱི་དབང་ལུང་ཁྲིད་གསུམ་གསན་པ་དང་། སྐྱེ་རྒུ་དོན་གྲུབ་གླིང་གི་མཁན་པོ་ངག་དབང་རབ་རྒྱས་ཀྱི་མདུན་ནས་གུར་མགོན་ཕྱི་ནང་གསང་གསུམ་གྱི་དབང་ཁྲིད་ཡོངས་རྫོགས་དང་། མངོན་རྟོགས། ལམ་དུས་ཀྱི་ཉམས་ཁྲིད་ཞིབ་རྒྱས་གསན། རྫོང་གསར་མཁན་ཆེན་བྲག་གཡབ་བློ་གྲོས་རྒྱལ་མཚན་ལས་ཤེར་ཕྱིན་སྦས་དོན་ཟབ་མོ་དང་། རྒྱུད་སྡེ་སྤྱི་རྣམ། མངོན་རྟོགས་ལྗོན་ཤིང་ཆེན་མོ། ཚད་མ་རིགས་གཏེར། སྡོམ་གསུམ་རབ་དབྱེ། རྟགས་འཇུག་སོགས་གསན། མདོ་སྲིབ་མཁན་པོ་ཐུབ་བསྟན་རྒྱལ་མཚན་ལས་དབུ་མ་འཇུག་པ། མངོན་པ་མཛོད། མཁན་པོ་གང་ཤར་དབང་པོ་ལས་རྙིང་མའི་རྒྱུད་གསང་བ་སྙིང་པོ་དང་། དགེ་ལུགས་སེར་ཤུལ་དགོན་པའི་མཁན་པོ་ལུང་རིགས་དམ་ཆོས་ལས་ལམ་རིམ་ཆེན་མོའི་བཤད་ལུང་ཡོངས་རྫོགས། མི་ཉག་གོང་དཀར་རིན་པོ་ཆེ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེ་ལས་བཀའ་བརྒྱུད་པའི་ཆོས་སྐོར་དུ་མ། སྡེ་གཞུང་ལུང་རིགས་སྤྲུལ་སྐུ་བསྟན་པའི་ཉི་མ་ལས་སྒྲ་དབྱངས་ཅན་མའི་རི་མོའི་གོ་ཁྲིད་དང་། དམག་ཟོར་མའི་སྣང་གསལ་བཀའ་ཁྲིད། སྡེ་དགེ་བླ་མ་རིན་ཆེན་སྙན་གྲགས་ལས་སི་ཏུའི་སུམ་རྟགས་འགྲེལ་ཆེན་ཀྱི་བཤད་ཁྲིད་སོགས་གསན་བཞེས་མཛད།

མི་ཉག་རི་ཁུད་སྐུ་ཞབས་རིན་པོ་ཆེས་གདན་ཞུས་ལྟར་མི་ཉག་དགོན་པར་ཕེབས་ཏེ་འདུས་པ་མང་པོར་ལམ་འབྲས་ཚོགས་བཤད་དང་སྒྲུབ་ཐབས་བརྒྱ་རྩ། ཕུར་པ་སྟོད་སྨད་ཀྱི་དབང་ལུང་སོགས་ཆོས་སྦྱིན་དུ་མ་མཛད།  ༡༩༥༧ ལོའི་ལོ་མཇུག་ཁམས་ནས་རླངས་འཁོར་ལ་བཞུགས་ནས་ལྷ་སར་ཕྱིར་ཕེབས་གནང་སྟེ་གདན་ས་ཆེན་པོར་མཆོད་འབུལ་བསྙེན་བཀུར་ཕུན་སུམ་ཚོགས་པ་གནང་། ༡༩༥༨ ལོའི་ལོ་སྟོད་ལྷ་སར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་དམ་བཅའ་འཇོག་གནང་མཛད་པའི་མཛད་སྒོར་ཕེབས་ནས་ས་སྐྱ་ཕུན་ཕོའི་ངོས་ནས་སེ་ར་ཐེག་ཆེན་གླིང་དུ་ཞབས་བརྟན་ལེགས་འབུལ་ཞུས་པ་དང་། སེ་རའི་འདུས་མང་ལ་ཚེ་དབང་དང་རྟ་མགྲིན་གྱི་བཀའ་དབང་བསྩལ། ༡༩༥༨ ལོའི་དུས་འགྱུར་སྐབས་སེ་ར་ནས་འཕན་པོ་ནཱ་ལེནྡྲ་བརྒྱུད་བསམ་ཡས་སོགས་བོད་ཀྱི་ས་མཚམས་བརྒལ་ཏེ་འབྲུག་ཡུལ་དུ་ཕེབས། འབྲུག་ནས་རྒྱ་གར་ཀ་ལོན་སྦུག་དང་། དེ་ནས་རྡོ་རྗེ་གླིང་དུ་ཕེབས་ཏེ་ལོ་གཅིག་དང་ཟླ་བ་ལྔ་ཙམ་བཞུགས། དེ་གར་རྒྱུན་དུ་ཐུགས་དམ་ཉམས་བཞེས་ལྷོད་མེད་དང་གསུང་ཆོས་དུ་མར་བསྩལ། ཆོས་བརྒྱུད་ཆེན་པོ་བཞིའི་ཚོགས་འདུའི་སྐབས་སུ་དཔལ་ས་སྐྱ་པའི་སྐུ་ཚབ་ལན་གཉིས་ཕེབས་གནང་མཛད།

ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༡༠ ཚེས་ ༡༢ ཉིན་ཨ་རིའི་ནུབ་རྒྱུད་ཀྱི་ཝ་ཞིང་ཁྲོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་ཆེན་མོས་གདན་ཞུ་ལྟར་བདག་ཉིད་ཆེན་པོ་སྐུ་འཁོར་རྣམས་ས་གནས་དེར་ཆིབས་བསྒྱུར་བསྐྱངས་ཏེ་ལོ་མང་རིང་སློབ་གྲྭ་འདིར་བོད་ཀྱི་ཆོས་རིག་སློབ་ཁྲིད་སོགས་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས། ༡༩༧༤ ལོར་ས་སྐྱ་ཐེག་ཆེན་ཆོས་གླིང་ཞེས་པའི་ཆོས་ཚོགས་ཤིག་དབུ་བཙུགས་གནང་། ཆོས་ཚོགས་དེར་རྗེ་ཉིད་དང་སྡེ་གཞུང་རིན་པོ་ཆེ་ཀུན་དགའ་བསྟན་པའི་ཉི་མ་རྣམ་གཉིས་ཀྱིས་མདོ་སྔགས་ཀྱི་ཆོས་ཆར་བསྙིལ་ཏེ་ནུབ་ཕྱོགས་པའི་ཡུལ་དུ་ནང་པ་སངས་རྒྱས་པའི་བསྟན་པ་རྒྱ་ཆེར་སྤེལ་གནང་མཛད། ལོ་དེ་ནས་བཟུང་རྒྱ་གར་སོགས་འཛམ་གླིང་གི་ས་གནས་མང་པོར་ཕེབས་ཏེ་གདུལ་བྱ་དུ་མར་ཟབ་རྒྱས་ཆོས་ཀྱི་ཆར་ཆེན་དུས་དང་དུས་སུ་བསྙིལ་བར་མཛད། སྔ་ཕྱིར་ས་སྐྱའི་བླ་མ་ཤེས་རབ་རྒྱལ་མཚན་སོགས་ཀྱིས་གདན་ཞུས་ལྟར་ཡུ་རོབ་ཀྱི་རྒྱལ་ཁབ་ཕལ་མོ་ཆེར་ཆིབས་སྒྱུར་གྱིས་ཆོས་ཚོགས་དུ་མར་གསུང་ཆོས་ལྷུག་སྩལ་མཛད། དེ་བཞིན་ཨེ་ཤི་ཡའི་སིང་གྷ་པུར་དང་། མ་ལེ་ཤི་ཡ་སོགས་དང་། བྱང་ཨ་རིའི་ཁེ་ན་ཊ་དང་ཨ་མེ་རི་ཀའི་མངའ་སྡེ་འདྲ་མིན་ནང་ཡོད་པའི་ས་སྐྱའི་ཆོས་ཚོགས་ཁག་དང་བོད་རིགས་ཚོགས་པ་ཁག་གི་གདན་ཞུས་ལྟར་ཆིབས་བསྒྱུར་གནང་སྟེ་གདུལ་བྱ་སྟོང་ཚོ་མང་པོར་དབང་ལུང་ཁྲིད་གསུམ་གྱི་ཆོས་སྦྱིན་སྩོལ་གནང་མཛད།

ཕྱི་ལོ་ ༡༩༨༤ ལོར་ས་སྐྱ་ཐེག་ཆེན་གླིང་ཞེས་པའི་ཆོས་ཚོགས་དེ་ཚོགས་ཁང་ཆེན་པོ་གཞན་ཞིག་ཏུ་གནས་སྤོ་གནང་སྟེ་ས་སྐྱ་བརྩེ་ཆེན་ཀུན་ཁྱབ་ཐེག་མཆོག་མདོ་སྔགས་ཆོས་གླིང་ཞེས་མཚན་གསོལ་གནང་སྟེ། ད་ལྟ་བར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ས་སྐྱའི་ཁྲི་ཆེན་གོང་མ་རིན་པོ་ཆེ། རྒྱལ་དབང་ཀརྨ་པ་རིན་པོ་ཆེ། མགོན་པོ་གང་ཉིད་བཅས་ཀྱིས་གཙོས་པའི་ཆོས་བརྒྱུད་རིས་སུ་མ་ཆད་པའི་སྐྱེས་ཆེན་དུ་མས་མདོ་དང་སྔགས་ཀྱིས་བསྡུས་པའི་ཆོས་ཀྱི་བདུད་རྩི་བསྩལ་དང་སྩོལ་བཞིན་ཡོད། ༡༩༩༦ ལོར་རྗེ་ཉིད་དང་བདག་མོ་སྐུ་ཞབས་སོགས་སྟོན་འཁོར་ལྷན་རྒྱས་བོད་དུ་ཐེངས་གཅིག་ཕེབས་ཤིང་། དཔལ་ལྡན་ས་སྐྱའི་གདན་ས་དང་། བསམ་ཡས། ཇོ་ཁང་རྣམ་གཉིས་སོགས་ལ་མཆོད་འབུལ་གནས་གཟིགས་དང་འབྲེལ་མང་ཚོགས་ལ་ཆོས་འབྲེལ་གང་འཚམ་བསྩལ།

ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བཞུགས་གནས་གཟིམ་ཁང་ཞིག་སྤུས་གཟིགས་གནང་སྟེ་ད་ལྟ་བར་དུ་ས་སྐྱའི་ཕུན་ཕོའི་གདུང་སྲས་སྐུ་གཞོན་རྣམ་གསུམ་རྒྱུན་དུ་ཕེབས་བཞུགས་གནང་བཞིན་པ་དང་། ཕྱོགས་མཐའ་ནས་ཕེབས་པའི་དགེ་འདུན་པ་བརྒྱ་སྐོར་ཞིག་རྒྱུན་བཞུགས་ཀྱིས་ས་སྐྱ་པའི་ཆོས་སྤྱོད་ཉམས་བཞེས་དང་དེང་དུས་ཀྱི་ཤེས་ཡོན་ལ་སློབ་སྦྱོང་གནང་བཞིན་ཡོད་པ་དང་། དེའི་རྗེས་སུ་ ༢༠༠༦ ལོ་ནས་བཟུང་རྒྱ་གར་ཤར་ཕྱོགས་ཀྱི་ས་མཚམས་འབྲུག་ཕུན་ཚོགས་གླིང་དང་ཐག་ཉེ་བའི་ས་གནས་ཇེ་ཡེ་གྷུན་དུའང་དགོན་པ་གསར་བཞེངས་ཀྱི་ལས་གཞི་དབུ་འཛུགས་གནང་སྟེ་ཕྱག་མཛོད་འཇམ་དབྱངས་རྒྱལ་མཚན་གྱིས་ལྡི་ལིའི་ཕོ་བྲང་དང་གནས་གཞི་གསར་པ་འདི་གཉིས་ལ་ལྟ་རྟོག་བྱེད་བཞིན་ཡོད།

ཨ་རིའི་ས་སྐྱ་དགོན་པ་འདིར་འདས་པའི་ལོ་ངོ་སུམ་ཅུའི་རིང་ནུབ་ཕྱོགས་པ་བརྒྱ་སྟོང་མང་པོས་བོད་ཀྱི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་དང་ཉམས་ལེན་བྱས་དང་བྱེད་བཞིན་ཡོད་པ་དང་།ས་གནས་བོད་རིགས་རྒན་དར་བྱིས་གསུམ་མང་པོས་ཀྱང་བོད་ཀྱི་དུས་ཆེན་ནམ་ཤར་ལ་ས་སྐྱ་དགོན་པར་འཛོམས་ནས་བསྟན་སྲིད་ཞབས་རིམ་སྒྲུབ་རྒྱུ་དང་། བྱིས་པ་ཚོར་བོད་ཡིག་སློབ་ཁྲིད་བྱེད་པ་སོགས་ཧ་ཅང་གལ་ཆེ་བའི་ཆོས་དང་རིག་གཞུང་གི་བསྟི་གནས་ཤིག་ཆགས་ཡོད། གཞན་ཡང་ཐེ་ཝན་དང་། ཧོང་ཀོང་། ཝེ་ཐི་ནམ་བཅས་རྒྱལ་ཁབ་དང་ས་གནས་མི་འདྲ་བར་ཆོས་ཚོགས་གསར་འཛུགས་གནང་སྟེ་དཔལ་ལྡན་ས་སྐྱ་པའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཆེད་དུ་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་གནང་བ་མ་ཟད། དཔལ་ས་སྐྱའི་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཐེངས་ཁ་ཤས་ཆིབས་བསྒྱུར་སྐྱོང་གནང་མཛད། ལྷག་དོན་དུ་དཔལ་ས་སྐྱའི་གསང་ཆེན་ལམ་འབྲས་ཆེན་མོ་བོད་ཕྱི་ནང་གཉིས་སུ་ཐེངས་ ༥ བསྩལ་གནང་མཛད་དེ་ཕྱི་ནང་སློབ་མ་སྟོང་ཕྲག་དུ་མ་སྨིན་གྲོལ་གྱི་ལམ་དུ་འགོད་གནང་མཛད། མཐར་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༩ བོད་མེ་སྤྲེལ་ལོའི་ཟླ་ ༣ ཚེས་ ༢༢ ཕྱི་དྲོའི་ཆུ་ཚོད་ ༨ སྐར་མ་ ༡༥ སྟེང་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་མཛད་ཡོད།

ཆོས་ལུཊ་རང་དབང་གི་སྙན་ཐོ་ནག་པོ།

$
0
0

རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་པ་དང་རྒྱལ་ཁབ་ཀྱི་བདེ་འཇཊ་ལ་འཇིགས་སྐུལ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་ཆོས་པ་ཚོ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་འདུག

1ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཚོགས་(United States Commission on International Religious Freedom)ཀྱིས་ཆོས་ལུགས་རང་དབང་སྐོར་གྱི་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། ཕྱི་ལོ་ ༢༠༡༥ ལོར་འཛམ་གླིང་སྤྱི་ཡོངས་ཀྱི་ནང་ཆོས་ལུགས་ཁག་གི་རང་དབང་ལ་འཇིགས་སྐུལ་བྱས་པའི་གནད་དོན་ལ་དབྱེ་ཞིབ་བྱས་པ་བརྒྱུད། ཕྱི་ལོ་ ༢༠༡༦ ལོར་ཆོས་ལུགས་རང་དབང་ཐད་དམིགས་བསལ་གྱིས་དོ་འཁུར་བྱེད་དགོས་པའི་རྒྱལ་ཁབ་༨ ཐེར་འདོན་བྱས་ཡོད་པའི་ནང་རྒྱ་ནག་ཡང་བསྐྱར་ཚུད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་ནང་ཆོས་ལུགས་རང་དབང་ལ་བཙན་གནོན་བྱས་པའི་གནས་སྟངས་དེ་མུ་མཐུད་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གོ་གནས་བརྟན་བརླིང་ཡོང་བར་ཤུགས་གནོན་བྱེད་ཀྱི་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་ནང་ལོགས་སུ་སྲིད་བྱུས་གཏན་འབེབས་ཀྱིས། དམངས་ཁྲོད་ཚོགས་པ་ཚོའི་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་དང་ཁྲིམས་སྐྱོང་གི་འབོད་སྒྲ་རྩ་མེད་བཟོ་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་འབྲེལ། རྒྱ་ནག་ནང་ཆོས་ལུགས་ཆེན་པོ་ལྔ་ཡོད་པའི་ནང་ནས་ཡི་ཤུ་ཆོགས་ལུགས་དང་ནང་ཆོས་ཉམས་ལེན་པ་ཚོར་དམིགས་བསལ་གྱིས་བཙན་གནོན་བྱེད་བཞིན་ཡོད་པ་གསལ་འདོན་བྱས་འདུག

དེ་ཡང་སྙན་ཐོའི་ནང་བོད་ཀྱི་ཆོས་ལུགས་མི་སྣར་བཙན་གནོན་བྱས་པའི་སྐོར་བཀོད་པའི་ནང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་ནང་ཆོས་རྗེས་འཇུག་པ་ཚོར་བཀག་སྡོམ་ནན་པོ་རྒྱུན་སྐྱོང་བྱས་ཏེ། ཁོང་ཚོའི་རིག་གནས་དང་ཆོས་ལུགས་ཀྱི་བྱེད་སྒོར་ལྟ་རྟོག་དང་བཙན་གནོན་ཆེན་པོ་བྱས་ཡོད་པ་མ་ཟད། སྲིད་གཞུང་གིས་སྣེ་འཁྲིད་གཙོ་བོ་བྱས་ཏེ་དགོན་པ་ཁག་ལ་ཞིབ་བཤེར་མུ་མཐུད་བྱེད་བཞིན་ཡོད་པ་དང་། བོད་ཀྱི་ཏང་ཡོན་ལས་བྱེད་པས་དགོན་པའི་ནང་གུང་ཁྲན་ཏང་གི་དྲིལ་བསྒྲགས་སྤེལ་གྱི་ཡོད་སྐོར་དང་། དེ་བཞིན། སྲིད་གཞུང་གིས་ན་གཞོན་གྲྭ་བཙུན་གྱི་སློབ་གསོ་དང་སྤྱོང་བརྡར་ནང་དུའང་ཐེ་གཏོགས་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༢ ནས་བཟུང་ད་ལྟའི་བར་བོད་མི་ ༡༤༣ གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ལོ་ ༢༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ་བཙོན་ཁང་དུ་བཅུག་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་ཁོང་བཙོན་ཁང་དུ་སྐུ་གྲོངས་བ་དང་། ཁོང་གི་གཅུང་མོ་དང་ཚ་མོ་གཉིས་ཀྱིས་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་རེ་འདུན་བཏོན་པར་བརྟེན་བདུན་གཉིས་མ་ཟིན་ཙམ་གྱི་རིང་ཁོང་གཉིས་བཀག་ཉར་བྱས་ཡོད་སྐོར་བརྗོད་འདུག

ཡང་འདས་ལོར་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་དང་། རྒྱ་གཞུང་གིས་བོད་ལྗོངས་བདག་འཛིན་བྱས་ཏེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན། དེ་བཞིན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཅི་བྱུང་མེད་པར་གྱུར་ནས་ལོ་ ༢༠ འཁོར་བའི་དུས་དྲན་སོགས་ལོ་རྒྱུས་ནང་ཤུགས་རྐྱེན་ཆེན་པོ་ཐེབས་པའི་དུས་ཆེན་ཆེ་ཁག་འགའ་ལོ་གཅིག་གི་ནང་ཁེལ་ཏེ་སྲུང་གཙི་བྱས་ཡོད་པ་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༦ ཐོག་རྒྱ་གཞུང་གིས་བཀག་ཉར་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ནས་ལོ་ངོ་ ༢༠ ལྷག་འགྲོ་ཡི་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་ནས་ཁོང་གི་ཡང་སྲིད་ཕེབས་དགོས་དོན་མེད་སྐོར་གསུངས་བ་དེར་རྒྱ་གཞུང་གིས་སྐྱོན་བརྗོད་ཞུས་པ་སོགས་བཀོད་འདུག

ཡང་སྙན་ཐོའི་ནང་རྒྱ་ནག་གཞུང་ལ་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཁག་ཅིག་ཐོག་འབོད་སྐུལ་གནང་བའི་ནང་། རྒྱ་ནག་ནང་གི་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་བྱེད་སྟངས་དེ་ཚོ་རྒྱལ་སྤྱིའི་ཁྲིམས་གཞིར་འགལ་གྱི་ཡོད་ལ། རྒྱ་ནག་གཞུང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གདེང་ཚོད་ཆེ་རུ་ཕྱིན་པ་དང་བསྟུན་རྒྱལ་སྤྱིའི་ཁྲིམས་གཞིར་སྣང་མེད་གཏོང་བ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། རྒྱ་གཞུང་གི་མགོ་ཁྲིད་ཚོས་ངེས་པར་དུ་ཆོས་ལུགས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་རྒྱལ་ཁབ་གཞན་དང་མཉམ་འབྲེལ་དམ་ཟབ་ཡོང་ཐབས་ལ་བརྩི་བཀུར་དགོས་སྐོར་དང་། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་དང་འབྲེལ་མོལ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་དམིགས་བསལ་གྱིས་ཆོས་ལུགས་རང་དབང་སྐོར་ངེས་པར་དུ་གླེང་སློང་དགོས་པའི་རེ་སྐུལ་ཞུས་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་རྒྱ་ནག་དམིགས་བསལ་གྱིས་དོ་འཁུར་དགོས་པའི་རྒྱལ་ཁབ་ཅིག་ཏུ་རྩིས་ཏེ། རྒྱ་ནག་གཞུང་གིས་འཚེ་མེད་ཞི་བའི་ཆོས་པ་ཚོར་འཇིགས་སྐུལ་རིང་ལུགས་པ་དང་རྒྱལ་ཁབ་ཀྱི་འཇིགས་འཇགས་ལ་འཇིགས་སྐུལ་བྱེད་མཁན་གྱི་ཉེས་མིང་འོག འཛིན་བཟུང་བཙོན་འཇུག་བྱས་པའི་བཙོན་པ་རྣམས་ཀློད་གྲོལ་གཏོང་དགོས་པ་མ་ཟད། མ་འོངས་པར་ཉེས་མིང་དེ་འདྲའི་ཐོག་ནས་ཆོས་པ་བཀག་ཉར་འཛིན་བཟུང་བྱེད་མི་ཆོག་པའི་རེ་འདུན་ནན་པོ་འདོན་དགོས་སྐོར་སོགས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

༸ཏཱ་ལའི་བླ་མ་མཐོ་སློབ་ཏུ་དགེ་རྒན་གྱི་ས་མིག

གསར་འགོད་རང་དབང་གི་འཇིག་ཉེན།

$
0
0

ཕྱི་ལོ་ ༡༩༩༢ ལོ་ནས་ད་ལྟའི་བར་སོ་མ་ལེ་ཡ་རྒྱལ་ནང་གི་དུས་ཟིང་ཁྲོད་རང་དབང་གསར་འགོད་པ་ ༡༡༨༩ དམར་གསོད་བཏང་ཡོད་འདུག

2016-05-03-1462251781-6542172-pressfreedom-thumb

ཁ་སང་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སང་ཉིན་རེས་གཟའ་ཕུར་བུ་ཉིན་ནི་རྒྱལ་སྤྱིའི་གསར་འགོད་རང་དབང་ (WPFD) གི་ཉིན་མོ་ཡིན་པ་དང་སོ་མ་ལེ་ཡ་ (Somalia) རྒྱལ་ནང་དུ་གསར་འགོད་པའི་ཚེ་སྲོག་གི་འཇིག་ཉེན་ཆེ་རུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ་ཌུལ་ཡར་ (Dulyar) ལགས་ཀྱིས། བདུན་ཕྲག་སྔོན་མར་སོ་མ་ལེ་ཡའི་རྒྱལ་ས་མོ་གྷ་ཌེ་ཤཱུ་ (Mogadishu) ནང་ཡོད་པའི་སོ་མ་ལེ་བརྙན་འཕྲིན་ཁང་ (Horn Cable TV) གི་གསར་འགོད་པ་ཚོ་ལས་ཀར་འགྲོ་བའི་ལམ་བར་ནས་ལག་ཏུ་མེ་མདའ་ཐོགས་པའི་འཇིགས་སྐུལ་དྲག་སྤྱོད་པ་ཞིག་གིས་གསར་འགོད་པ་ཚོའི་རླངས་འཁོར་ཐོག་མེ་མདའ་བརྒྱབ་སྟེ་འཇིགས་སྐུལ་བཏང་བ་ནས་བཟུང་། སོ་མ་ལེ་ཡ་རྒྱལ་ནང་དུ་ཉིན་རེ་བཞིན་གསར་འགོད་རང་དབང་གི་འཇིག་ཉེན་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཁ་སང་རེས་གཟའ་མིག་དམར་ཉིན་ངའི་ལག་འཁྱེར་ཁ་པར་ནང་བརྡ་འཕྲིན་ཞིག་འབྱོར་བའི་ནང་གལ་ཏེ་ཁྱོད་ཀྱིས་མུ་མཐུད་གསར་འགོད་ལས་རིགས་བསྒྲུབ་ཚེ། ང་ཚོ་ཁྱོད་གསོད་དུ་ཡོང་ཞེས་འཇིགས་སྐུལ་བཏང་རྗེས། ང་ལས་ཁུངས་ནས་ཕྱིར་ཡུལ་ལའང་འགྲོ་མ་ཕོད་པར་ལས་ཁུངས་ནང་སྡོད་དགོས་བྱུང་ཡོད་སྐོར་དང་། ང་ཚོས་སྲིད་གཞུང་དང་ངོ་ལོག་ཤོག་ཁག་གཉིས་ཀྱི་གཉའ་གནོན་ལས་ཐར་ཐུབ་པའི་རེ་འདུན་བཅངས་ཡོད་ཀྱང་། གསར་འགོད་པའི་ཚེ་སྲོག་གི་འཇིག་ཉེན་མུ་མཐུད་འབྱུང་མུས་རེད། ཡིན་ནའང་ངས་འཇིག་ཉེན་འདི་ལ་མ་བལྟས་པར་མུ་མཐུད་གསར་འགོད་ལས་རིགས་ལ་ཞུགས་ཏེ་འཛམ་གླིང་སྤྱི་ཡོངས་ཀྱི་བང་ཆེན་ཞིག་བྱེད་འདུན་ཡོད། ཅེས་སོགས་བརྗོད་འདུག

གཟའ་མིག་དམར་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ (HRW) ཚན་པས་སྙན་ཐོ་ཞིག་བཏོན་པའི་ནང་། སོ་མ་ལེ་ཡ་རྒྱལ་ནང་གི་གསར་འགོད་པ་ཚོར་འཇིགས་སྐུལ་དང་དམར་གསོད་ཐེབས་ཀྱི་ཡོད་ནའང་། ཉེན་རྟོག་རུ་ཁག་ནས་གསར་འགོད་པའི་བདེ་འཇགས་ལ་རྟོགས་ཞིབ་དང་སྲུང་སྐྱོབ་བྱེད་ཀྱི་མེད་སྐོར་བརྗོད་ཅིང་། རྒྱལ་སྤྱིའི་གསར་འགོད་སྲུང་སྐྱོབ་ལྷན་ཚོགས་ (CPJ) ནས་སོ་མ་ལེ་ཡ་རྒྱལ་ནང་གི་དུས་ཟིང་ཁྲོད་དུ་ ༡༩༩༢ ལོའི་ནས་ད་ལྟའི་བར་རང་དབང་གསར་འགོད་པ་ ༡༡༨༩ དམར་གསོད་བཏང་ཡོད་པ་དང་། ༢༠༡༥ ལོའི་གསར་འགོད་རང་དབང་ལ་འཇིག་ཉེན་ཆེ་ཤོས་དེ་སི་རི་ཡ་ (Syria) ཆགས་ཀྱི་ཡོད་ཅིང་། ཡུལ་ལུང་དེ་གར་ད་ལྟའི་བར་རང་དབང་གསར་འགོད་པ་ ༨༢ དམར་གསོད་བཏང་ཡོད་པ་དང་། དེ་བཞིན། ཊུར་ཀིའི་རྒྱལ་ནང་གི་ཟིང་འཁྲུག་དང་སྒེར་གཅོད་སྲིད་གཞུང་གི་སྟངས་འཛིན་འོག གསར་འགོད་རང་དབང་གི་གནས་སྟངས་སྡུག་ཏུ་ཕྱིན་ཏེ། ཡུལ་དེ་གར་ཡང་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཉིན་མོ་སྲུང་གཙི་མི་ཆོག་པ་མ་ཟད། ད་ལོ་གཅིག་པུར་རང་དབང་འགོད་པ་ ༧༢༠ གསར་འགོད་ལས་རིགས་ཁག་ནས་ཕྱིར་བཏང་སྟེ། གཞུང་སྒེར་གཉིས་ཀྱི་གནས་འཕྲིན་བརྒྱུད་ལམ་ཁག་ ༡༠༠,༠༠༠ སྒོ་རྒྱག་ཏུ་བཅུག་ཡོད་སྐོར་སོགས་འཁོད་འདུག

གནས་ཚུལ་ལྟར་ན། ༡༩༩༡ ལོར་སོ་མ་ལེ་ཡ་རྒྱལ་ནང་གི་དུས་ཟིང་བྱུང་བ་ནས་བཟུང་། སྲིད་གཞུང་གི་འཇིགས་སྐུལ་དང་ངོ་ལོག་ཤོག་ཁག་གི་འཐབ་འཛིང་ཁྲོད་རང་དབང་གསར་འགོད་པ་ཁྱོན་ ༡༡༨༩ དམར་གསོད་ཐེབས་ཡོད་པ་དང་། སོ་མ་ལེ་ཡ་རྒྱལ་ནང་གི་གྲོང་དང་གྲོང་ཁྱེར་མང་ཆེ་བ་ཨ་ཧྥི་རེ་ཁ་མཉམ་འབྲེལ་དམག་དཔུང་གི་སྲུང་སྐྱོབ་རམ་འདེགས་འོག་ཡོད་ན་ཡང་སོ་མ་ལེ་ཡ་སྲིད་གཞུང་དང་ངོ་ལོག་ཤོག་ཁག་གཉིས་བར་གྱི་འཐབ་འཁྲུག་མུ་མཐུད་འབྱུང་མུས་ཡིན་འདུག

 གསར་འགོད་པ། པདྨ་རྒྱལ།

སོད། སོད། སོད་ཅེས་པའི་བཀའ་སྒུག་བཞིན་ཡོད།

$
0
0

གསར་གནས་མཉམ་སྦྲེལ་ཁང་(AP)གིས་སྤེལ།

སྐལ་ལྡན་གྱིས་ཕབ་སྒྱུར་བྱས།

tibettimes-1

རྒྱ་ནག་དྲག་པོའི་དཔུང་སྡེར་ན་གཞོན་མི་རབས་གསར་པ་མཉམ་ཞུགས་ཀྱི་དང་བ་འདྲེན་ཕྱིར། ཆེས་བཟོ་བཀོད་ལེགས་ཤིང་དེང་རབས་དར་སོ་ཆེ་ལ་ཟང་ཟིང་འཁྲུག་ཆ་དོད་པའི་གཞས་མ་གཏམ་(rap-rock)སྒྲ་འཇུག་བྱས་པའི་བརྙན་ཐུང་སྒྲིག་བཟོ་བྱས་ཏེ་དྲིལ་བསྒྲགས་བྱེད་བཞིན་ཡོད།

རྒྱ་ནག་དྲག་པོའི་དཔུང་སྡེས་མཁའ་དམག་གནམ་གྲུ་དང་། ཁྲབ་ལྡན་འཐབ་འཁོར་(tanks)དམིགས་བསལ་དཔུང་ཚོགས་ (special force) སོགས་དྲག་ཆས་ཀྱི་བཀོད་པ་མཛེས་ལ་དེང་རབས་ཀྱི་གཞས་མ་གཏམ་(rap-rock)སྒྲ་འཇུག་བྱས་པའི་བརྙན་འཕྲིན་སྒྲིག་བཟོ་བྱས་ཏེ། ན་གཞོན་མི་རབས་གསར་པ་དམག་དཔུང་ལ་འཛུལ་ཞུགས་བྱེད་པའི་དྲིལ་བསྒྲགས་དང་འབོད་སྐུལ་བྱེད་ཀྱི་ཡོད།

བརྙན་ཐུང་ནང་གི་གཞས་ཚིག་ཅིག་ནི། (སོད། སོད། སོད་ཅེས་པའི་བཀའ་སྒིག་བཞིན་ཡོད།)ཅེས་པ་དེ་ཡིན་པ་དང་། གཞས་གདངས་དང་ལྷན་མེ་མདའ་འཕེན་མཁན་ཐོག་མ་(first person shooter)ཞེས་པའི་བརྙན་འཕྲིན་རྩེད་ཆས་ནང་གི་ལེ་ཚན་(Call of Duty)འགན་འཁྲིའི་འབོད་སྒྲ་ཞེས་པ་དཔེར་བླངས་ཏེ། ན་གཞོན་འགའ་ཞིག་འབོད་འགུག་གིས་མེ་མདའི་དམིགས་པ་གཏོད་དུ་འཇུག་པའི་བརྙན་ཐུང་ཞིག་ཡིན་པ་དང་། བརྙན་ཐུང་ནང་མེ་མདའི་དམིགས་འབེན་གྱི་ནུས་མཐུའི་རང་བཞིན་གསལ་ཁ་དོད་པོ་བཀོད་མེད་ཀྱང་། “དམག་འཁྲུག་གི་དུས་ཟིང་ནམ་ཡང་འབྱུང་སྲིད་པས། ཁྱོད་ཚོ་གྲ་སྒྲིག་ཨང་གསར་ཡིན་ནམ།”ཞེས་དོགས་ཟོན་དགོས་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད།

བརྙན་ཐུང་དེ་བཞིན་རྒྱ་ནག་བདེ་སྲུང་ལྷན་ཁང་གི་གཞུང་འབྲེལ་དྲ་ཚིགས་ངོས་སུ་ཡོད་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་གྲངས་འབོར་ས་ཡ་ ༢.༣ ལས་དམག་འཐབ་ཀྱི་ནུས་པ་གོང་འཕེལ་གཏོང་ཕྱིར་དམག་དཔུང་གི་གྲངས་འབོར་འབུམ་ ༣ ཙམ་ཉུང་ཕྲི་བྱ་རྒྱུ་དང་། མཁའ་དམག མཚོ་དམག དེ་བཞིན་འཕུར་མདའ་བཟོ་སྐྲུན་གྱི་ལས་གཞི་སོགས་ལ་དོ་སྣང་དང་འགྲོ་གྲོན་མང་དུ་གཏོང་རྒྱུའི་སྐོར་ཡང་བཀོད་ཡོད་པ་རེད།

བརྙན་ཐུང་དེས་མི་དམངས་བཅིངས་འགྲོལ་དམག་གི་དེང་རབས་འཕྲུལ་རྩལ་གྱི་ནུས་པ་དང་དྲག་པོའི་དམག་འཐབ་ཀྱི་ནུས་ཤུགས་ཇི་ཙམ་ཡོད་མེད་ཀྱི་སྣང་བརྙན་གཤོམ་སྟོན་བྱས་ཡོད་པ་དང་། རྒྱལ་ཞེན་ལྟ་བ་མཁྲེགས་པོ་རྒྱུད་འཛིན་བྱེད་ཅིང་། རྒྱལ་སྤྱིའི་དཔུང་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་དེས་དམག་འཐབ་ཀྱི་ནུས་པ་གོང་འཕེལ་དང་རྒྱ་སྐྱེད་གཏོང་བར་ཧུར་བརྩོན་མུ་འཐུད་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གི་མཁའ་དམག་གནམ་གྲུ་སྐྱེལ་འདྲེན་གྲུ་གཟིངས་ལེའོ་ནིང་(Liaoning)ཁོ་ན་ལ་ཆ་མཚོན་ན་བཟོ་བཀོད་འབུར་དུ་ཐོན་པ་བྱས་ཡོད་ལ། དེ་བཞིན་དེང་རབས་ཅན་གྱི་ཁྲབ་ལྡན་འཐབ་འཁོར་(tanks)དང་། མཁའ་དམག་གནམ་གྲུ་(warplanes)འཐབ་རྒོལ་ཐད་འཕུར་གནམ་གྲུ་(attack helicopters )སྒྱོགས་མདེལ་སོགས་ཇི་འདྲ་ཡོད་མེད་ཕྱི་ཟླ་དགུ་པའི་ནང་གཞི་རྒྱ་ཆེ་བའི་དྲག་ཆས་འགྲེམས་སྟོན་སྐབས་པེ་ཅིན་གཞུང་ལམ་དུ་བཏོན་ཡོད་པ་རེད།

བརྙན་ཐུང་གི་གཞས་ཚིག་གཅིག་ནི། ཞི་བདེ་ཡི་ཕོ་ཉ་ཡིན། རྒྱལ་ཁབ་ཀྱི་ལམ་སྟོན་པ་ཡིན། དྲག་པོ་ཡི་ཕོ་ཉ་ཡིན། སྟག་ངར་གྱི་མཆེ་བ་ཡིན། ཞེས་པ་དེ་རེད།

རྒྱ་ནག་གི་སྔར་སྲོལ་སྐམ་སའི་དམག་འཐབ་ལ་བརྟེན་ནས་ཐའེ་ཝན་སོགས་ཡུལ་གྲུ་གཞན་ལ་བཙན་འཛུལ་བྱེད་པའི་ཁ་ཕྱོགས་བསྒྱུར་སྟེ། ད་ཆ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་དེང་རབས་འཕྲུལ་རྩལ་ལ་བརྟེན་ནས་ཤར་རྒྱ་ནག་རྒྱ་མཚོར་མྱུལ་ཞིབ་དང་། ཨེ་དྷན་མཚོ་ཁུག་གི་མཚོ་ཇག་གཏོར་རྒོལ། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་སྲུང་སྐྱོབ་སོགས་གཞན་ལ་འཇིགས་སྐུལ་བྱེད་པའི་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

ལས་མི་ ༢༥༠༠ ཡི་སྤྲོ་འཆམ།

$
0
0

རྒྱ་ནག་ཐེན་ཧྲི་ཚོང་གཉེར་ཁང་གིས་ཡུ་སྒོར་ས་ཡ་ ༧ བཏང་སྟེ་སི་པིན་ནང་ལས་མི་ ༢༥༠༠ ཡུལ་སྐོར་སྤྲོ་འཆམ་དུ་འཁྲིད་ཀྱི་འདུག

160504200359_t_624x351_ap_nocreditཁ་སང་ཕྱི་ཚེས་ ༤ ཉིན་རྒྱ་ནག་ཐེན་ཅིན་གྲོང་ཁྱེར་དུ་ཡོད་པའི་ཐེན་ཧྲི་ཚོང་གཉེར་ཁང་གི་ལས་མི་ ༢༥༠༠ འགྲུལ་སྐྱེལ་གནམ་གྲུ་ ༢༠ ཡི་ནང་བསྡད་དེ། སི་པིན་གྱི་རྒྱལ་སྤྱིའི་གནམ་ཐང་(Madrid–Barajas airport)དུ་འབྱོར་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༠ ཉིན་བར་སི་པིན་གྱི་གྲོང་ཁྱེར་ཆེན་པོ་བྷར་སི་ལོ་ན་ཡི་ནང་རིག་གཞུང་འཁྲབ་སྟོན་དང་སྤྲོ་ཚོགས་སོགས་སུ་ཞུགས་རྒྱུ་ཡིན་ལ། ཚོང་གཉེར་ཁང་དེས་ན་ནིང་ལོར་ལས་མི་ ༦༤༠༠ དུས་གཅིག་ལ་ཧྥ་རན་སིའི་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཁྲིད་ཡོད་འདུག

གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཚོང་གཉེར་ཁང་དེའི་སྤྱི་གཉེར་བ་ནི་རྒྱ་ནག་གི་ཕྱུག་བདག་ཆེན་མོ་ལི་ཅིན་ཡན་ཡིན་ཞིང་། ཁོས་ཐེངས་འདིའི་ཡུལ་སྐོར་སྤྲོ་འཆམ་ལ་ཁྱོན་ཡུ་སྒོར་ས་ཡ་ ༧ གཏོང་རྒྱུ་ཡིན་པ་དང་། གྲོང་ཁྱེར་བྷར་སི་ལོ་ན་རུ་ལས་མི་ཚོར་མགྲོན་ཁང་ ༡༦༥༠ དང་། འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་ ༧༠ གླས་ཚར་ཡོད་པ་མ་ཟད། ལས་མི་ཚོ་(Madrid–Barajas airport)གནམ་ཐང་ནས་བྷར་སི་ལོ་ན་རུ་སྐྱེལ་བར་ཆེད་དུ་མྱུར་སྐྱོད་མེ་འཁོར་ ༤ གླས་ཡོད་འདུག

ཁེ་ལས་གནམ་གྲུའི་འགྲུལ་བཞུད་མགོ་བརྩམས་པ་ནས་བཟུང་རྒྱ་ནག་གི་ཡུལ་སྐོར་བ་མང་པོ་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་བའི་ཚ་རླབས་འཕྱུར་གྱི་ཡོད་པ་དང་། ཨ་རིའི་ནང་ཡོད་པའི་རྒྱ་རིགས་སྐབས་དོན་དཔྱད་ཞིབ་པ་དང་རྩོམ་པ་པོ་ཁྲིན་ཕའོ་ཁུང་གིས། རྒྱ་ནག་ནས་ཡུལ་སྐོར་བ་མང་པོ་ཕྱི་རྒྱལ་ཁག་ཏུ་སོང་སྟེ་མི་གཤིས་ཀུན་སྤྱོད་ཉམས་ཆག་ཏུ་ཕྱིན་པའི་ངན་རྟགས་མང་པོ་སྟོན་གྱི་ཡོད་པའི་སྐོར་ནས་(དགའ་བསུ་མ་ཐོབ་པའི་རྒྱ་ནག་བ།)ཟེར་བའི་དེབ་ཅིག་བརྩམས་ཡོད་པ་དང་། ཁོང་ལ་བརྙན་འཕྲིན་ཁང་ཞིག་གིས་དེའི་སྐོར་ལ་བཅར་འདྲི་བྱེད་སྐབས། རྒྱ་ནག་གི་ཡུལ་སྐོར་བ་ཚོས་གནམ་ཐང་ནས་འཁྲུག་པ་རྒྱག་པ་དང་གང་བྱུང་དུ་གཅིན་སྐྱག་གཏོང་བ། ལོ་རྒྱུས་ལྡན་པའི་འཛུགས་སྐྲུན་རིགས་ཀྱི་ཐོག་ཡི་གེ་སྣ་ཚོགས་འབྲི་བ་དང་གནས་ཆེན་གྱི་ཆུང་རྫིང་ནང་རྐང་པ་འཁྲུ་བ། མི་ཚོགས་ཁྲོད་སྐད་ཅོར་རྒྱག་པ་སོགས་ཀྱི་ཐ་ཤལ་གྱི་སྤྱོད་ངན་རིགས་མང་པོ་སྤེལ་བཞིན་ཡོད་པར་བརྟེན། ཐའེ་ཝན་དང་ཧོང་ཀོང་སོགས་ནས་རྒྱ་ནག་གི་ཡུལ་སྐོར་བ་ཚོར་རྩྭ་འབུ་ཆ་ག་པ་ཟེར་བ་སོགས་ཀྱི་མིང་ངན་བཏགས་ཡོད་པ་དང་། རྒྱ་རིགས་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་པེ་ཡང་གིས་ཀྱང་སྐྱུག་བྲོ་བའི་ཀྲུང་གོ་བ་ཞེས་བྲིས་ཡོད་ལ། དེང་སང་རྒྱ་ནག་ནས་ཡུལ་སྐོར་བ་མང་པོ་ཕྱི་རྒྱལ་ཁག་ཏུ་འགྲོ་བཞིན་ཡོད་པ་དང་བསྟུན། སྐྱུག་བྲོ་བའི་རྒྱ་ནག་གི་མིའི་གཟུགས་བརྙན་དེ་རྒྱ་ནག་ནས་རྒྱལ་སྤྱིའི་སྟེང་ཁྱབ་བཞིན་ཡོད་ལ། རྒྱ་ནག་གི་མི་གཤིས་ཀུན་སྤྱོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་ནས་ལྷོ་ཤར་ཨེ་ཤ་ཡའི་ཁུལ་དང་། ཡུ་རོབ། ཨ་རི་སོགས་སུ་གླེང་གཞི་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།


བྱིས་པ་ས་ཡ་ ༤༦༢ ཡི་བཞི་ཆ་གཅིག་ལ་སློབ་གསོ་མྱོང་བའི་གོ་སྐབས་མི་འདུག

$
0
0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས་འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཅིག་ནང་སློབ་ལོ་རན་པའི་བྱིས་པ་ས་ཡ་ ༧༥ ཟིང་འཁྲུག་གི་འཇིག་ཉེན་ཁྲོད་དུ་སློབ་གྲྭར་ཞུགས་པའི་གོ་སྐབས་མེད་སྐོར་བརྗོད་འདུག

tibettimes-3ཁ་སང་ཨ་ར་བྷེན་ (Arabian) གྱི་རྒྱལ་ས་ཌོ་ཧ་ (Doha) ནང་རྟེན་གཞི་བྱེད་པའི་ཨལ་རྗ་ཙི་ར་ (aljazeera) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ཅིག་གི་དམག་འཁྲུག་དང་རྐྱེན་ངན་གོད་ཆག་ཁྲོད་སློབ་ལོ་རན་པའི་བྱིས་པ་ས་ཡ་ ༧༥ ཙམ་སློག་གྲྭར་འགྲོ་བའི་གོ་སྐབས་རག་གི་མེད་སྐོར་བརྗོད་འདུག

བྱིས་པའི་ཐེབས་རྩ་ཁང་གིས་མུ་མཐུད་དུ། འཛམ་གླིང་ཤར་ནུབ་རྒྱལ་ཁབ་ཁག་ཅིག་གི་དུས་ཟིང་ཁྲོད་སློབ་ལོ་རན་པའི་བྱིས་པ་ས་ཡ་ ༤༦༢ ཡི་བཞི་ཆ་ཞིག་ལ་སློབ་གསོ་མྱོང་བའི་གོ་སྐབས་མེད་ཅིང་། ཟླ་བ་འདིའི་ནང་ཊུ་ཀིའི་རྒྱལ་ནང་དུ་སྐབས་དང་པོའི་རྒྱལ་སྤྱིའི་འགྲོ་བ་མིའི་བདེ་རྩའི་ལྷན་ཚོགས་ཤིག་འཚོགས་འཆར་ཡོད་པ་དང་། ལྷན་ཚོགས་ཀྱི་དགོས་དམིགས་གཙོ་བོ་འབྱུང་འགྱུར་ལོ་ངོ་ ༥ ཡི་ནང་སློབ་གསོ་མ་རག་བའི་བྱིས་པའི་གྲངས་འབོར་ཐེར་འབུམ་ ༤ ནས་ས་ཡ་ ༡༣།༦ དང་ཕྱི་ལོ་ ༢༠༣༠ བར་སློབ་གསོ་མ་རག་པའི་བྱིས་པ་ས་ཡ་ ༧༥ དཀའ་ངལ་སེལ་ཐབས་སྐོར་ཡིན་ཚུལ་བརྫོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གི་འགན་འཛིན་བྷུར་ནེ་ (Bourne) ཟེར་བ་ཞིག་གིས། ཤེས་ཡོན་སློབ་གསོར་བརྟེན་ནས་འགྲོ་བ་མིའི་འཚོ་གནས་ལ་འཕོ་འགྱུར་གཏང་ཐུབ་པ་དང་། རྒྱལ་ཁབ་སོ་སོའི་ནང་ཁྲིམས་འགལ་ཉེས་དོན་དང་འཇིགས་སྐུལ་དྲག་སྤྱོད་ནང་ཞུགས་པ་སོགས་ཀྱི་འཇིག་ཉེན་ལས་བྱིས་པ་སྲུང་སྐྱོབ་བྱེད་ཐབས་གཙོ་བོ་སློབ་འཇུག་བྱེད་རྒྱུ་དེ་ཡིན་པ་དང་། བྱིས་པའི་སློབ་གསོ་སྒྲུབ་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲོ་བ་མིའི་གཞི་རྩའི་བདེ་རྩའི་གནད་ཀ་ཡིན་སྟབས། ཁོ་ཚོའི་འཚོ་གནས་ལ་མཐུན་འགྱུར་དགོས་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། ཟིང་འཁྲུག་གི་རྐྱེན་པས་དེང་སྐབས་དབུས་ཨ་ཧྥི་རེ་ཁ་སྤྱི་མཐུན་རྒྱལ་ཁབ་ (Central African Republic) ནང་སློབ་གྲྭ་ཁྱོན་ཡོངས་ཀྱི་བཞི་ཆ་གཅིག་དང་། སི་རི་ཡ་ (Syria) རྒྱལ་ནང་དུ་སློབ་གྲྭ་ ༦༠༠༠ ལྷག་དྲག་ཆས་དམག་དཔུང་གི་རྟེན་གཞི་དང་ཛ་དྲག་མྱུར་སྐྱོབ་ཀྱི་ལྟེ་གནས་སོགས་སུ་གྱུར་ཡོད་པ་དང་། འདས་པའི་ལོ་ངོ་འདི་དག་རིང་གི་དུས་ཟིང་ཁྲོད་ཕ་མ་ཚོས་སོ་སོའི་བྱིས་པའི་སློབ་གསོ་བསྒྲུབ་རྒྱུ་ནི་གལ་འགངས་ཆེ་སྐོར་བརྗོད་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་བདེ་རྩའི་ལས་གཞིའི་ནང་བྱིས་པའི་སློབ་གསོ་གཙོ་བོར་བཏོན་འདུག གཞན། དཀྱིལ་ཤར་ཡུལ་གྲུ་ཁག་གི་ཟིང་འཁྲུག་ཁྲོད་སློབ་ལོ་རན་ཡང་སློབ་གསོ་མ་རག་པའི་བྱིས་པ་ས་ཡ་ ༣༤ ཡོད་པ་མ་ཟད། ཡུལ་ལུང་དེ་དག་ནང་སློབ་ལོ་རན་པའི་བྱིས་པ་བརྒྱ་ཆ་ ༤༠ སློབ་གྲྭར་འགྲོ་བའི་གོ་སྐབས་མེད་ཅིང་། ལྷག་པར་དུ་འཚོ་གནས་ཀྱི་མཐུན་རྐྱེན་ཞན་པའི་སྤྱི་ཚོགས་ཁག་ནང་སློབ་ལོ་རན་པའི་བྱིས་པ་ཞིག་སློབ་གྲྭ་ནས་ཕྱིར་བུད་རྗེས། ཡང་བསྐྱར་སློབ་གྲྭར་ཞུགས་པའི་གོ་མེད་པ་དང་། དཀའ་ངལ་དེ་ཡང་ནམ་རྒྱུན་བུད་མེད་སློབ་ཕྲུག་ཚོར་འཕྲད་ཀྱི་ཡོད་པ་བཅས་ཀྱི་དཀའ་ཁག་ལ་གཞིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས་ད་རེབ་ཀྱི་ལྷན་ཚོགས་ཐོག་འཛམ་གླིང་རྒྱལ་ཁབ་ཁག་དང་ཁེ་ལས་སྡེ་ཁག ཐེབས་རྩ་ཁག་དང་ཆོས་ཚོགས་ཁག དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་དོན་ཁང་བཅས་ཀྱི་རམ་འདེགས་ལ་བརྟེན་ནས་བྱིས་པའི་ཐེབས་རྩ་ཁག་ཅིག་གསར་འཛུགས་བྱས་ཏེ་བྱིས་པའི་སློབ་གསོ་བསྒྲུབ་ཐབས་ཀྱི་ལས་གཞི་ཁག་ཅིག་ལག་བསྟར་བྱ་འཆར་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

ཞི་རྒོལ་བ་ཞིག་ཀློད་གྲོལ་བཏང་།

$
0
0

དེ་རིང་སྔ་དྲོར་རྔ་བ་རྫོང་གི་ཁྲོམ་གཞུང་དུ་ཞི་རྒོལ་གནང་མཁན་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསྟན་པ་ལགས་ཀློད་གྲོལ་བཏང་ཡོད་འདུག

13153250_939144299516964_1721551078_nབོད་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་སྔ་དྲོར་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསྟན་པ་ལགས་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ནར་མ་སོན་པའི་གཞོན་ནུའི་བཙོན་ཁང་ཐོས་ཞན་ཟེར་བ་ཞིག་ནས་ཀློད་གྲོལ་བཏང་སྟེ། སང་ཉིན་ཕྱིར་ཕ་ཡུལ་དུ་འབྱོར་གྱི་ཡོད་པ་དང་། ཁོང་གི་ནང་མི་སོགས་ཁྲིན་ཏུའུ་རུ་ཕེབས་བསུར་ཕྱིན་ཡོད་འདུག

གྲྭ་བློ་བཟང་བསྟན་པ་ལགས་ཀྱིས་ ༢༠༡༤ ལོའི་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་རྔ་བ་རྫོང་གི་ཁྲོམ་གཞུང་དུ། སྒང་ལ་བོད་ཀྱི་རྒྱལ་དར་ཡོད་པའི་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་གནམ་ལ་འཕྱར་ཏེ་བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་ཞེས་པའི་འབོད་ཚིག་བསྒྲགས་ནས་ཁྲོམ་སྐོར་བྱས་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་མནར་གཅོད་སྣ་ཚོགས་མྱངས་མཐར་རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས། རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག ཁྲིམས་རར་ནང་མི་དང་ཁྲིམས་རྩོད་པ་གཅིག་ཀྱང་སྐད་གཏོང་དུ་མ་བཅུག་པར་ལོ་ ༢ གྱི་ཁྲིམས་ཐག་བཅད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

གཏེར་ཁ་སྔོག་འདོན་གྱི་ཉེས་སྐྱོན་བྱུང་།

$
0
0

རྒྱ་གཞུང་གིས་མི་ཉག་ལྷ་སྒང་དུ་གཏེར་ཁ་སྔོན་འདོན་བྱས་ནས་ཁོར་ཡུག་དང་རྒྱུག་ཆུར་འབག་བཙོག་བཟོས་རྐྱེན་ཉ་སོགས་སེམས་ཅན་མང་པོར་ཤི་སྐྱོན་བྱུང་གི་ཡོད་འདུག

Untitled-1སྤྱི་ཚོགས་འཕྲིན་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། དཀར་མཛེས་ཁུལ་མི་ཉག་ལྷ་སྒང་དུ་རྒྱ་གཞུང་གིས་བཙན་གྱིས་གཏེར་ཁ་སྔོག་འདོན་བྱས་པར་བརྟེན། ཁོར་ཡུག་ལ་གནོད་སྐྱོན་དང་ས་གནས་ཀྱི་རྒྱུག་ཆུར་འབག་བཙོག་ཆེན་པོ་ཐེབས་ཏེ་ཉ་སོགས་སེམས་ཅན་མང་པོར་ཤི་སྐྱོན་བྱུང་བཞིན་ཡོད་སྟབས། ས་གནས་བོད་མི་ཚོས་རྒྱུག་ཆུ་གཙང་ཉར་ཆེད་ཉ་ཤི་བོ་རྣམས་ཆུ་ལས་བསྒྲུགས་པ་དང་། གསོན་པོར་ལྷག་ཡོད་པའི་ཉ་རྣམས་རྒྱུག་ཆུ་གཞན་དུ་བསྐྱལ་ཡོད་པ་མ་ཟད། ལྷ་སྒང་ཕྱོགས་ཀྱི་བོད་མི་ཚོར་སྲོག་ཉེན་ལ་ཐུག་པའི་ཉ་རྣམས་སྐྱོབ་རོགས་བྱེད་དུ་ཡོང་དགོས་པའི་འབོད་སྐུལ་བྱས་འདུག་ལ། ཁ་སང་ནས་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དེ་ཡང་བསྐྱར་མགོ་བརྩམས་ཡོད་འདུག

ལྷ་སྒང་ཕྱོགས་ནི་ཡུལ་སྐོར་བ་མང་པོ་ཡོང་སའི་ས་ཆ་ཧ་ཅང་སྐྱིད་པོ་ཞིག་ཡིན་ལ། རྒྱ་ནག་གཞུང་གིས་སྔོན་མ་ནས་ས་ཆ་དེར་ས་བརྐོ་རྡོ་སློག་གི་ལས་གཞི་མང་པོ་སྤེལ་བཞིན་ཡོད་སྟབས། འདི་གའི་གསར་འགོད་པས་ལྷ་སྒང་ཕྱོགས་ནས་ཡིན་པའི་ཕུར་བུ་རྡོ་རྗེ་ལགས་སུ། ས་གནས་དེར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ག་དུས་ཤིག་ནས་བཟུང་སྤེལ་ཡོད་མེད་དྲིས་པར་ཁོང་གིས། དེའི་སྐོར་ལ་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མ་སོང་ཡང་། ན་ནིང་ལོར་མི་ཉག་ཕྱོགས་སུ་གཏེར་ཁ་སྔོག་འདོན་བྱས་ཏེ་ཉ་མང་པོ་ཤི་འདུག་ཟེར་ནས་སྤྱི་ཚོགས་འཕྲིན་ལམ་དུ་པར་མང་པོ་བསླེབས་སོང་། ཞེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་དུ་གཏོང་གནང་མཛད་ཡོད།

$
0
0

དེ་རིང་ཉིན་གུང་ཆུ་ཚོད་ ༡༢ སྟེང་། དྷ་རམ་ས་ལའི་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། ཉེ་ལམ་ཕྱི་ཟླ་ ༤ ཚེས་ ༢༩ ཉིན་ས་སྐྱ་ཕུ་ཚོགས་ཕོ་བྲང་གི་འཁོན་རིགས་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཞི་བར་གཤེགས་པར། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། གཞུང་ཞབས་ལས་བྱེད་ཡོངས་ཚང་འཛོམས་གནང་སྟེ། མཆོད་འབུལ་སྨོན་ལམ་དང་མྱ་ངན་ཞུས་ཡོད་པ་དང་། ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཡོངས་རྫོགས་ཀྱིས་ལས་མཚམས་བཞག་སྟེ་མྱ་ངན་ཞུས།

IMG_3436སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཡིག་ཐོག་གི་མྱ་ངན་ཞུ་ཚིག་སྒྲོགས་སྦྱང་གནང་དོན། དེ་རིང་འདིར་ལྷན་འཛོམས་གནང་བའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། སྲི་ཞུ་ལས་བྱེད་པ་ཡོངས་ལ་བློ་ཕམ་དང་བཅས་ཏེ་སྙན་གསེང་ཞུ་རྒྱུར། བོད་ཀྱི་བསྟན་འགྲོ་སྤྱིའི་གོད་ཆག་ལྟ་བུར་ཉེ་ཆར་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༩ དགོང་དྲོ་ཆུ་ཚོད་ ༨།༡༥ ཐོག འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་༸སྐྱབས་མགོན་འཇིགས་བྲལ་བདག་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ཐོག ཨ་རིའི་གྲོང་ཁྱེར་སི་ཡ་ཊལ་དུ་ངོ་མཚར་བའི་རྟགས་དུ་མ་དང་བཅས་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་ཡིད་སྐྱོའི་གསན་ཚུལ་བྱུང་འདུག་པ་དེར། བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་མྱ་ངན་གུས་བཏུད་ཞུ་རྒྱུ་དང་། འཇིགས་བྲལ་བདག་ཆེན་རིན་པོ་ཆེ་དམ་པ་དེའི་གདུང་སྲས་རྣམ་པ་དང་། བདག་མོ་སྐུ་ཞབས། ཕོ་བྲང་གི་སྐུ་འཁོར། སི་ཡ་ཀྲལ་ས་སྐྱ་དགོན་པའི་མཁན་ལས། ཕྱི་ནང་ཡུལ་གྲུ་གང་སར་གནས་པའི་ཞལ་སློབ་བཅས་ཡོངས་ལ། ཕྲན་ནས་བོད་མིའི་སྒྲིག་འཛུགས་སྤྱི་དང་བཀའ་ཤག་གི་ཚབ་ཞུས་ཏེ་ཐུགས་གསོ་གཏིང་ཟབ་ཞུ་རྒྱུ་ཡིན། འཇིགས་བྲལ་བདག་ཆེན་དམ་པ་དེ་ཉིད་ནི། ཉེ་ཆར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་མ་བསྟན་བར་སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་དུ་གཏོང་གནང་མཛད་ཡོད་པ་དང་། བསྟན་པ་སྤྱི་དང་ལྷག་པར་དཔལ་ས་སྐྱ་པའི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་བསྐྱངས་ཡོད་ན། རང་ཅག་ཡོངས་ནས་བཀའ་དྲན་རྗེས་དྲན་ཞུ་རྒྱུ་གལ་ཆེན་ཡིན། ཞེས་འཁོད་འདུག

ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མྱ་ངན་ཞུ་ཚིག་ཕུལ་བའི་ནང་། ད་ལམ་དཔལ་ས་སྐྱའི་ཆོས་བརྒྱུད་སྤྱི་འཐུས་མཆོག་ནས་འདི་གར་གནས་ཚུལ་གསན་ཐོས་བྱུང་བར། མཚན་མཆོག་གསུམ་ལྡན་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་བདག་ཆེན་གོང་མ་འཇིགས་བྲལ་རིན་པོ་ཆེ་མཆོག་བར་ལམ་སྐུ་ཁམས་བསྙུང་གཞི་བཞེས་ཚུལ་གྱིས་ཉེ་སྔོན་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༩ ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམས་ཚུལ་བསྟན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པར། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཤིན་ཏུ་ཐུགས་ཕམ་གྱི་གནས་སུ་གྱར། ཞེས་འཁོད་འདུག

 

མང་ཚོགས་ཀྱི་ཞི་རྒོལ་ལ་དྲག་གནོན་གྱི་ཉེན་ཁ་འདུག

$
0
0

དཀར་མཛེས་གར་རྒྱས་ཁའི་གཏེར་འདོན་ས་ཚིགས་ཤིག་གི་དུག་ཆ་ཤོར་ཏེ་ཉ་མང་པོ་ཤི་ཡོད་པ་དང་མི་རྒྱུ་གཉིས་ལ་ཉེན་ཁ་ཡོད་སྟབས་མང་ཚོགས་ཀྱིས་ངོ་རྒོལ་བྱས་པར་ཉེན་རྟོག་པས་དྲག་གནོན་བྱེད་འཆར་ཡོད་འདུག

སྤྱི་ཚོགས་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སི་ཁྲོན་དཀར་མཛེས་དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་གར་རྒྱས་ཁ་རུ། རྒྱ་ནག་གི་གཏེར་འདོན་ཚན་པ་ཞིག་གིས་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་དང་། ཉེ་ལམ་ལས་གཞི་དེའི་རྫས་འགྱུར་སྤྱད་པའི་དུག་ཆུ་ཤོར་ཏེ་ཉ་མང་པོ་ཤི་ཡོད་པ་མ་ཟད། ས་གནས་དེའི་མི་ཕྱུགས་ལའང་ཉེན་ཁ་ཆེན་པོ་ཆགས་ཡོད་སྟབས། ཟླ་འདིའི་ཚེས་ ༤ ཉིན་ས་གནས་དེའི་མང་ཚོགས་ཚོས་ཕ་ས་ཕ་ཡུལ་ལ་གཏོར་བརླག་གཏོང་མི་ཆོག་པ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་བཅས་ཀྱི་རེ་འདུན་འོག་ཞི་བའི་ངོ་རྒོལ་བྱས་ཡོད་སྟབས། དར་མདོ་རྫོང་སྲིད་གཞུང་གི་མངགས་བཀོད་ལྟར། དྲག་མཚོན་ཐོགས་པའི་ཉེན་རྟོག་པ་མང་པོས་མང་ཚོགས་བསྐོར་ཏེ་དྲག་གནོན་བྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

tibettimes-1
13103456_10154044160421877_1223067920667385795_n 13119121_10154044160216877_8395260424133836251_n
tibettimes-3
13151516_10154044160271877_2533148648037500711_n 13164374_939670132797714_9079057109601301367_n 13178821_10154044160161877_3451793002869379013_n

རྒྱ་ནག་གཞུང་ལ་ཡིད་ཆེས་བྱས་ན་ཁྱེད་རང་ཚོའི་ནོར་འཁྲུལ་རེད།

$
0
0

བོད་དོན་ལས་འགུལ་ག་རེ་སྤེལ་ནའང་ངས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་བོད་ནང་གི་བོད་མི་ཚོ་ཉེན་ཁའི་གནས་སུ་སྐྱེལ་བའི་བྱ་སྤྱོད་རིགས་བྱེད་ཀྱི་མིན་ཟེར།

IMG_1125 ཁ་སང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག ཨ་རིར་གནས་སྡོད་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་དང་སྤྱི་དམངས་ཟེར་བའི་ཚོགས་པ་གསར་འཛུགས་གནང་མཁན་གྲས་ཀྱི་སྐུ་ཞབས་ཐུན་པའོ་ལགས་ཀྱིས་༼རྒྱ་ནག་གི་དམངས་གཙོ་དང་བོད་ཀྱི་འབྱུང་འགྱུར༽ཟེར་བའི་བརྗོད་གཞིའི་ཐོག་མི་མང་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་སོང་བ་དང་། གཏམ་བཤད་ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་ཁག་ཅིག་གི་དབུས་དྷ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་རྒྱུན་ལས་དང་ཚོགས་མི། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་གྱི་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༥༠ མ་ཟིན་ཞིག་འཛོམས་འདུག

སྐུ་ཞབས་ཐུན་པའོ་ལགས་ཀྱིས་སྤྱི་དམངས་ཟེར་བའི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་གྱི་ཚོགས་པ་དེའི་ཕྱག་ལས་གནང་ཕྱོགས་སོགས་ངོ་སྤྲོད་གནང་བ་དང་འབྲེལ། ༼རྒྱ་ནག་གི་དམངས་གཙོ་དང་བོད་ཀྱི་འབྱུང་འགྱུར༽ཐོག་གཏམ་བཤད་གནང་སྐབས། ད་ལན་ཁོང་དྷ་རམ་ས་ལར་ཡོང་སྟེ་བོད་མི་མང་སྤྱི་འཐུས་དང་སོ་སོའི་ནང་མི་དང་འབྲེལ་ཐག་བཅད་པའི་བོད་དོན་ལས་འགུལ་བ། དེ་བཞིན་བོད་ནང་ནས་མནར་གཅོད་མྱངས་ཤིང་བཙོན་ཁང་དུ་ཡུན་རིང་བསྡད་པའི་བཙན་བྱོལ་བ་སོགས་བོད་མི་མང་པོ་ཞིག་ལ་བཅར་འདྲི་བྱས་ཡོད་པ་དང་། ཁོང་གིས་ཁྱིམ་མེད་པ་དང་རྒྱལ་ཁབ་མེད་པ། རེ་བ་བརླག་པའི་བོད་མི་བརྒྱ་ཕྲག་སྟོང་ཕྲག་མང་པོ་ངོ་ཤེས་ཀྱི་ཡོད་སྐོར་དང་། ཁོང་གིས་དཀའ་ངལ་འཕྲད་པའི་བོད་མི་ཚོར་རོགས་རམ་བྱེད་སྐབས་ཁོང་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཀྱང་དེ་ཁོ་རང་གི་ལས་འགན་ཡིན་ལ། རྒྱ་རིགས་ཚོར་མཚོན་ན། བོད་པར་ཞེ་དྲགས་ཆད་ཡོད་སྟབས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། དམངས་གཙོའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་རྒྱ་མི་རིགས་ཀྱི་ལས་འགན་ཡིན་སྐོར་བརྗོད་སོང་བ་དང་འབྲེལ། ཁོང་གི་བོད་དང་འབྲེལ་བའི་ཞུ་གཏུག་གྱོད་དོན་དང་པོ་དེ། ཕྱི་ལོ་ ༢༠༡༠ ལོར་མཐོ་སློབ་ཅིག་གི་བོད་ཀྱི་དུས་དེབ་རྩོམ་སྒྲིག་པ་ཞིག་ཁ་བྲལ་རིང་ལུགས་པའི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་དེ་ཡིན་ལ། ཁོང་རང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཞིག་ཡིན་པའི་ཆ་ནས་རྒྱ་གཞུང་གིས་ཁོང་ལ་སུན་བཙིར་སྣ་ཚོགས་བཟོ་ཡི་ཡོད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གྱོད་དོན་ཐད་ཁྲིམས་རྩོད་པ་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྐོར་སོགས་བརྗོད་སོང་། མཇུག་ཏུ་བོད་ཀྱི་དོན་གནད་དེ་༧གོང་ས་མཆོག་གི་དུས་རྒྱུན་གྱི་བཀའ་སློབ་ལམ་སྟོན་ལྟར་ང་དང་ཁོ་ཟེར་བའི་སྐད་ཆ་མིན་པར་ང་ཚོ་ཞེས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་མ་འོངས་པར་ཞི་བའི་ངང་ནས་བོད་དོན་བདེན་མཐའ་སེལ་བའི་རེ་བ་ཡོད་སྐོར་བརྗོད་སོང་།

དྲི་བ་དྲིས་ལན་གྱི་སྐབས་སུ་རྒྱ་གཞུང་གིས་ད་ལྟ་རྗོད་བཞིན་པའི་བོད་ཟེར་བ་དེའི་ནང་ཨ་མདོ་དང་ཁམས་ཚུད་ཀྱི་མེད་སྟབས། ཐུན་པའོ་ཁོང་རང་བཅས་རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་མིའི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཟེར་གྱི་ཡོད་པའི་བོད་དེའི་ས་མཚམས་ག་འདྲ་ཞིག་ལ་ངོས་འཛིན་གྱི་ཡོད་སྐོར་དྲིས་པར་ཁོང་གིས། དེ་ནི་གསལ་པོ་དང་སྟབས་བདེ་པོ་རེད། བོད་དེ་བོད་རང་སྐྱོང་ལྗོངས་ཁོ་ན་མ་རེད། དེ་ལས་རྦད་དེ་རྒྱ་ཆེ་བ་ཡོད་པ་རེད། ང་ཚོས་མོས་མཐུན་བྱེད་ས་དེ་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོག་ནས་ངོས་འཛིན་བྱེད་བཞིན་པའི་བོད་ས་ཡོངས་རྫོགས་ཡིན་པ་ལས་རྒྱ་གཞུང་གིས་རྗོད་ཀྱི་ཡོད་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཁོ་ན་མིན། ཞེས་བརྗོད་སོང་།

ཡང་བོད་རྒྱ་འབྲེལ་མོལ་ཐད་ཕྱོགས་གཉིས་ནས་ལྷག་བསམ་རྣམ་དག་གིས་འབྲེལ་མོལ་བྱེད་དགོས་པ་ལྟར་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འབད་བརྩོན་ཡོད་ཚད་གནང་ཡོད་ཀྱང་། རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་ཐོག་རྣམ་པ་ཙམ་བསྟན་པ་མ་གཏོགས་ལྷག་བསམ་རྣམ་དག་གིས་འབྲེལ་མོལ་བྱས་མེད་རྐྱེན་དོན་འབྲས་ཐོན་མེད་པ་དང་། བོད་མིའི་དབུ་ཁྲིད་རྣམས་ནས་རང་བཙན་འཐབ་རྩོད་དང་ངོ་རྒོལ་ལས་འགུལ་རིགས་སྤེལ་ན་བོད་ནང་གི་བོད་མི་ཚོར་དཀའ་ངལ་མང་བ་འཕྲད་ཀྱི་ཡོད་པར་ཐུགས་ཁྲལ་གནང་སྟེ། དེ་རིགས་ལ་བཀག་འགོག་བྱེད་ཀྱི་ཡོད་སྟབས། ཐུན་པའོ་ལགས་ཀྱིས་བོད་དོན་འཐབ་རྩོད་ཐོག་ཐབས་ལམ་མང་པོ་འཚོལ་དགོས་སྐོར་རྗོད་ཀྱི་ཡོད་པ་ལྟར། བོད་མིས་ཐབས་ལམ་ག་འདྲ་ཞིག་བཙལ་ན་ད་གཟོད་དོན་ལྡན་གྱི་འབྲས་བུ་འཐོན་ཐུབ་སྐོར་དྲིས་པར་ཁོང་གིས། བོད་རྒྱལ་འབྲེལ་མོལ་ལམ་ལྷོང་ཡོང་ཆེད་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་ཚོར་ངོ་རྒོལ་གྱི་ལས་འགུལ་རིགས་མང་པོ་མ་སྤེལ་རོགས་ཞེས་སྐུལ་མ་གནང་གི་ཡོད་པ་ངས་གོ་སོང་ལ། དེ་རྒྱ་ནག་གཞུང་གི་དགོས་འདུན་ཡང་ཡིན་ངེས་རེད། གང་ཡིན་ཟེར་ན་ཁོ་ཚོས་ངོ་རྒོལ་རིགས་མཐོང་འདོད་མེད་སྟབས་ཆ་རྐྱེན་དེ་འདྲ་ཞིག་བཏོན་ཡོད་པ་རེད། ཡིན་ནའང་། ཆ་རྐྱེན་དེ་འདྲ་དང་ལེན་བྱས་པ་དེ་ནོར་འཁྲུལ་རེད། འབྲེལ་མོལ་དང་ངོ་རྒོལ་གཉིས་ལོགས་ཀ་ཡིན་པས་མཉམ་དུ་ཡོང་ཆོག་པ་རེད།

ཕྱི་རྒྱལ་བ་ཧ་ཅང་མང་པོས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གཞུང་ལ་གོ་ལོག་ཐེབས་ཏེ། རྒྱ་ནག་དམར་ཤོག་ཚོགས་པ་དེ་དེང་རབས་ཅན་གྱི་ཆབ་སྲིད་ཚོགས་པ་ཞིག་དང་། རྒྱ་ནག་གཞུང་དེ་ཨ་རི་དང་རྒྱ་གར། ཉི་ཧོང་བཅས་ཀྱི་གཞུང་ལྟ་བུའི་རྒྱུན་ལྡན་གྱི་གཞུང་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། དེ་ནོར་འཁྲུལ་རེད། རྒྱ་ནག་གཞུང་དེ་གཞུང་ཞིག་མ་རེད། ཁྲིམས་འགལ་གྱི་ཤོག་ཁག་ཅིག་རེད། རྒྱ་ནག་དམར་ཤོག་ཚོགས་པས་ཁས་ལེན་བྱས་པ་དེ་ཚོ་ནམ་ཡང་ལག་བསྟར་བྱེད་ཀྱི་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལག་ལེན་བསྟར་རྒྱུ་ཡིན་སྐོར་བྲིས་ཡོད་པ་དང་། དེ་བཞིན། ཕྱི་ལོ་ ༡༩༥༩ ལོར་བོད་དང་རྒྱ་ནག་བར་གྱི་ཆིངས་ཡིག་དང་། རྒྱ་ནག་དང་དབྱིན་ཇིའི་བར་གྱི་ཆིངས་ཡིག གཞན་ཡང་། ཧོང་ཀོང་གི་གནད་དོན་ཐད་ཀྱི་ཁས་ལེན་ཚང་མར་རྒྱ་གཞུང་གིས་རྒྱབ་འགལ་བྱས་ཡོད་སྟབས། རྒྱ་ནག་གཞུང་ལ་ཡིད་ཆེས་བྱས་ན་ཁྱེད་རང་ཚོའི་ནོར་འཁྲུལ་རེད། ཕྱི་ལོ་ ༡༩༤༩ ལོ་ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ནང་བྱུས་ཉེས་མང་པོ་བྱུང་བ་ང་ཚོས་མཐོང་ཡོད་པ་དང་། བོད་མི་ཚོས་འབྲེལ་མོལ་བྱུང་ན་རེད་མ་བྱུང་ནའང་རེད་ཁྲིམས་མཐུན་གྱི་ངོ་རྒོལ་མུ་མཐུད་རྒྱུན་སྐྱོང་དགོས་པ་རེད་བསམ་གྱི་འདུག གལ་སྲིད་འབྲེལ་མོལ་བྱུང་ན་ཁ་ཤས་ཀྱིས་ཡོངས་གྲགས་ཀྱི་ཐོག་ནས་འབྲེལ་མོལ་གནང་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་ལྟར། གསར་འགོད་པ་དང་རྒྱལ་སྤྱིའི་ཚོགས་པ་ཁག་གི་ཐེ་གཏོགས་ཡོད་པའི་ཐོག་ནས་ཡོངས་གྲགས་ཀྱིས་འབྲེལ་མོལ་བྱེད་དགོས་པ་ལས། ཡོངས་གྲགས་མིན་པའི་ཐོག་ནས་འབྲེལ་མོལ་བྱས་ན་འབྲས་བུ་འཐོན་རྒྱུ་ཡོད་པ་མ་རེད།

ང་ཚོས་ག་རེ་བྱེད་ཐུབ་པ་རེད་ཟེར་ན། བོད་པ་དང་བོད་དོན་ལས་འགུལ་བ་མང་པོས་མུ་མཐུད་ལས་འགུལ་སྣ་མང་སྤེལ་ཏེ་ཆབ་སྲིད་བཙོན་མའི་གནད་དོན་ཁྱབ་བསྒྲགས་དང་། ཟས་བཅད་ངོ་རྒོལ་དང་འགྲོ་བ་མིའི་ཐོབ་ཐང་སྐུལ་འདེད། རྒྱལ་སྤྱིའི་ཚོགས་པ་ཁག་དང་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་བ་དང་། ཕྱི་རྒྱལ་གྱི་གཞུང་དང་དོན་གཅོད་ཁག་ནས་རྒྱབ་སྐྱོར་འཚོལ་ཐབས་སོགས་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་བྱུས་ལ་ངེས་པར་དུ་ཁ་གཏད་གཅོག་དགོས་པ་རེད། གལ་སྲིད་ཆབ་སྲིད་ཚོགས་པ་གཅིག་གི་འོག་གནད་དོན་ཞིག་སེལ་ཐབས་དགོས་ན་རེ་བ་ཡོད་པ་མ་རེད། ཅེས་བརྗོད་སོང་བ་དང་འབྲེལ། བོད་མིས་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་ཁོང་གིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཡང་བོད་ནང་གི་བོད་མི་ཚོ་ཉེན་ཁའི་གནས་སུ་སྐྱེལ་བའི་བྱ་སྤྱོད་རིགས་སྤེལ་རྒྱུ་མིན་སྐོར་སོགས་བརྗོད་སོང་།

གཏམ་བཤད་གོ་སྒྲིག་གནང་མཁན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་གསར་འགོད་པར། སྐུ་ཞབས་ཐུན་པའོ་ལགས་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་པ་ཞིག་ཡིན་པ་མ་ཟད། དཀའ་ངལ་ནང་ལྷུང་བའི་བོད་རིགས་མང་པོ་ཞིག་ལ་རོགས་རམ་གནང་མྱོང་བའི་ཉམས་མྱོང་ཡོད་པའི་སྙན་གྲགས་ཅན་གྱི་ཁྲིམས་རྩོད་པ་ཞིག་ཆགས་བསྡད་ཡོད་པ་རེད། ད་ལན་ཁོང་དྷ་རམ་ས་ལ་གཅིག་པུ་མ་རེད་རྒྱ་གར་ནང་ཐེངས་དང་པོར་བསླེབས་པའི་གོ་སྐབས་དང་བསྟུན་ཏེ། ང་ཚོ་ཚོགས་པ་གཉིས་ཀྱི་ངོས་ནས་གཏམ་བཤད་འདི་གོ་སྒྲིག་བྱས་པ་ཡིན་ལ། གཙོ་བོ་ཁོང་གིས་རྒྱ་ནག་ནང་འགྱུར་ལྡོག་གསར་པ་ག་རེ་བྱུང་གི་ཡོད་མེད་དང་། འགྱུར་ལྡོག་ལ་བརྟེན་ནས་དམངས་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་ཡི་ཡོད་སྟབས། མ་འོངས་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དམངས་གཙོ་ཆགས་པ་ཡིན་ན། བོད་པའི་གནད་དོན་ལ་འགྱུར་ལྡོག་ག་འདྲ་འགྲོ་ཡི་ཡོད་མེད་སྐོར་འགྲེལ་བརྗོད་གནང་སོང་། ཞེས་བརྗོད་བྱུང་།

IMG_1130ཚོགས་བཅར་བ་བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ལ་སྐུ་ཞབས་ཐུན་པའོ་ལགས་ཀྱི་གཏམ་བཤད་ལ་མཐོང་ཚོར་ག་འདྲ་བྱུང་སྐོར་དྲིས་པར་ཁོང་གིས། ཕྱི་ལོ་ ༡༩༩༧ ཙམ་ནས་བཟུང་དྷ་རམ་ས་ལ་རུ་རྒྱ་རིགས་དམངས་གཙོའི་འཐབ་རྩོད་པ་མང་པོ་ཞེ་དྲགས་ཤིག་རིམ་པར་ཕེབས་ཡོད་པ་དང་། མང་པོ་ཕེབས་ཡོད་པའི་ནང་ནས་ཁོང་རང་རྒྱ་ནག་ནང་རང་ལ་བསྡད་དེ་བྱས་རྗེས་འཇོག་མཁན་ཞིག་དང་སྤྱི་ཡོངས་ནས་འདུན་པ་ཡོད་མཁན་ཞིག་ཡིན་སྟབས། དེ་རིང་ཁོང་རང་གི་གཏམ་བཤད་དེའང་ཚོར་བ་ཙམ་མ་ཡིན་པར་རྒྱ་ནག་ནང་གི་དངོས་ཡོད་གནས་སྟངས་ག་རེ་ཡིན་པ་དེ་བཤད་སོང་། ནམ་རྒྱུན་ང་ཚོས་རྒྱ་ནག་ནང་ལ་དངོས་སུ་མ་སྙོབ་པ་ཡིན་ནའང་གང་ལ་གང་འཚམ་ཤེས་ཀྱི་ཡོད་པ་རེད་བཱ། ཁོང་རང་གིས་དྲང་པོ་དྲང་བཞག་གིས་ང་ཚོས་སྙོབ་པ་དང་མི་སྙོབ་པ་ག་རེ་ཡོད་པ། དེ་བཞིན་ང་ཚོས་འཇོན་པ་དང་མ་འཇོན་པ་ག་རེ་ཡོད་ཀྱང་། ང་ཚོའི་ངོས་ནས་མུ་མཐུད་འཐབ་རྩོད་བྱེད་དགོས་པ་རེད་ཟེར་བ་དེ་བསླབ་བྱ་ཡག་པོ་ཞིག་རེད་བསམ་སོང་། ཞེས་དང་། ཡང་ཁོང་གིས་དེ་རིང་འདིར་ཁོང་རང་ཕེབས་པ་དེས་གང་འཚམ་ཕན་ཐོགས་འདུག་བསམ་སོང་། གང་ཡིན་ཟེར་ན། ཁོང་ཕར་ལ་བཞུགས་པའི་སྐབས་ཀྱི་གནས་སྟངས་དང་བཞུགས་སྒར་ལ་ཕེབས་པའི་གནས་སྟངས་གཉིས་བར་གནམ་སའི་ཁྱད་པར་ཡོད་སྟབས། དེ་རིང་ཁོང་འདིར་ཡོད་པ་དང་ཕར་ན་ཡོད་པའི་སྐབས་ཀྱི་བསམ་བློའི་གཉིས་བར་གང་འཚམ་ཞིག་ཐུགས་ཕན་གསོས་འདུག་བསམ་པའི་ཚོར་སྣང་ཆེན་པོ་ཞིག་བྱུང་སོང་། ཞེས་བརྗོད་བྱུང་།

 

གསར་འགོད་པ། པདྨ་མཚོ།

བོད་དེ་ནག་ཐོམ་ཐོམ་ཞིག་མཐོང་གི་འདུག་ཀྱང་རེ་བ་ཐག་ཉེ་ས་ཞིག་ཏུ་ཡོད་པ་རེད་བསམ་གྱི་འདུག

$
0
0

ཉེ་སྔོན་བཞུགས་སྒར་དྷ་རམ་ས་ལར་ཚོགས་པའི་སྐབས་བཅུ་གཅིག་པའི་མི་རིགས་ཁག་གི་ན་གཞོན་དབུ་འཁྲིད་ཀྱི་ཟབ་སྦྱོང་ཚོགས་འདུའི་ཐོག ཁ་ན་ཌའི་མཛངས་མ་ཨི་ནཱ་སི་ཊཱ་ཞི་ལིན་ (Anastasia Lin )ལགས་བསླེབས་ཡོད་པ་དང་སྟབས་བསྟུན། འདི་གའི་གསར་ཁང་ནས་མོ་རང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་པ་ཞིག་ཡིན་པའི་ཆ་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཤེས་རྟོགས་ཅི་ཙམ་ཡོད་མེད་དང་། མ་འོངས་པར་བོད་དོན་ཐད་ཕྱག་ལས་ག་རེ་གནང་འཆར་ཡོད་མེད་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་ཡོད།

IMG_1106དྲི་བ། ཁྱེད་རང་ད་ལན་དྷ་རམ་ས་ལར་ཡོང་དོན་ག་རེ་ཡིན་ནམ།
ལན། ང་འདིར་ཡོང་དོན་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ་དང་། དེ་བཞིན་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཚོར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་དང་། གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ལ་བཙན་གནོན་གཏོང་གི་ཡོད་པའི་སྐོར་གླེང་སློང་བྱེད་པའི་འདུ་འཛོམས་ཤིག་འདིར་ཚོགས་ཀྱི་ཡོད་སྟབས། ང་རང་འདུ་འཛོམས་ནང་མཉམ་ཞུགས་བྱེད་དུ་ཡོང་བ་ཡིན།

དྲི་བ། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ད་ལན་གྱི་ཚོགས་འདུའི་ཐོག་གདན་འདྲེན་ཞུས་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་གསུམ་ལ་རྒྱ་གར་གཞུང་གིས་ཐོངས་མཆན་སྤྲད་ཡོད་པ་མ་རེད། ཁྱེད་རང་འདིར་ཡོང་བར་གནོན་ཤུགས་དང་དཀའ་ངལ་དེ་འདྲ་འཕྲད་སོང་ངམ། ཚོགས་ཞུགས་པ་གསུམ་ལ་ཐོངས་མཆན་མ་སྤྲད་པ་དེར་ཁྱེད་རང་ལ་བསམ་ཚུལ་ག་རེ་ཡོད།
ལན། ང་ལ་དཀའ་ངལ་ཅི་འཕྲད་མ་སོང་། ང་འདིར་མ་ཡོང་གོང་དུ་དེའི་སྐོར་ནས་ཅི་ཡང་ཤེས་ཀྱི་མེད་ལ། དམིགས་བསལ་གྱིས་རྒྱ་གར་ནི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། རྒྱ་གར་ནང་ཆོས་ལུགས་དང་སྐད་རིགས་མི་འདྲ་བ་ཧ་ཅང་མང་པོ་ཞིག་དར་ཞིང་འཆམ་མཐུན་ངང་གནས་ཡོད་པ་དེར་ང་རང་ཧང་སང་བྱུང་།   མ་འོངས་པར་རྒྱ་ནག་ནང་སྐད་རིགས་མི་འདྲ་བ་དང་རིག་གཞུང་མི་འདྲ་བ་མང་པོ་འཆམ་མཐུན་གྱིས་གནས་དགོས་ན། རྒྱ་གར་ནི་མ་འོངས་རྒྱ་ནག་གི་མིག་དཔེ་རླབས་ཆེན་ཞིག་རེད་བསམ་གྱི་འདུག གལ་སྲིད་དེ་ལྟར་མ་བྱུང་བ་ཡིན་ནའང་རྒྱ་གར་ནང་ཆེས་མ་མཐའ་ཡང་མ་འོངས་པར་དེ་ཚོ་ཐག་གཅོད་བྱེད་པའི་ཐོབ་ཐང་ཡོད་པ་དེ་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག ད་ལན་འདིར་ཡོང་སྟེ་རེ་བ་ཞིག་དང་ལྷན་དུ་ང་རང་གི་མིག་རྒྱ་བསྐྱེད་བྱུང་། མི་གསུམ་ལ་ཆོངས་མཆན་མ་སྤྲད་པའི་སྐོར་གྱི་གནས་ཚུལ་དེ་ཞིབ་ཕྲ་ཤེས་མ་སོང་ཡང་། གོ་ཐོས་སུ་གནས་ཚུལ་དེ་རྙོག་འཛིང་ཅན་ཞིག་ཡིན་སྟབས། ངས་གནད་དོན་དེའི་ཐད་ཅི་ཡང་བཤད་ཐུབ་ཀྱི་མི་འདུག

དྲི་བ། ཁྱེད་རང་ཐོག་དང་པོར་བཙན་བྱོལ་བོད་མིའི་ལྟེ་གནས་དྷ་རམ་ས་ལར་བསླེབས་དུས་ཚོར་སྣང་ག་འདྲ་བྱུང་།
ལན། ང་རང་ཆུང་དུས་ནས་བོད་ལ་འགྲོ་འདོད་ཞེ་དྲགས་ཡོད་པས་སི་ཁྲོན་གྱི་བོད་ཁུལ་དུ་ཐེངས་གཅིག་འགྲོ་མྱོང་ཡོད་པ་མ་ཟད། ང་ཆུང་ཆུང་ཡིན་སྐབས་ནས་ནང་ཆོས་དང་ནང་པ་ཚོར་དགའ་སྣང་ཆེན་པོ་ཡོད་སྟབས། བོད་ལ་ཐེངས་གཅིག་ཕྱིན་པ་དེས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ། སྔར་ལས་བོད་བརྒྱུད་ནང་བསྟན་ལ་དགའ་བོ་ཡོད་པ་ཞིག་ཆགས་སོང་། སྐབས་དེར་ང་ལྷ་སར་སོང་སྟེ་བོད་བརྒྱུད་ནང་བསྟན་གྱི་བཙུན་མ་ཞིག་བྱེད་འདོད་བྱུང་། ཡིན་ནའང་། ངའི་ཨ་མ་ལགས་ཀྱིས་ང་བཙུན་མ་བྱེད་པར་མོས་མཐུན་བྱས་མ་སོང་། དེ་ནས་ངས་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་མང་པོ་ཉོས་ཏེ་ལྟ་ཀློག་བྱས་ཀྱང་དཔེ་ཆ་དེ་ཚོ་གོ་ཧ་ཅང་ཁག་པོ་འདུག བོད་བརྒྱུད་ནང་བསྟན་དེ་ཆོས་ལུགས་གཞན་གྱི་རིག་པའི་གཞུང་དང་མི་འདྲ་བར་གོ་ཁག་པོ་འདུག གང་ཡིན་ཟེར་ན་གཞུང་ལུགས་ཧ་ཅང་རྒྱ་ཆེན་པོ་རེད་འདུག གང་ལྟར་ངས་བོད་བརྒྱུད་ནང་བསྟན་ལ་བཅངས་བའི་རྨི་ལམ་དེ་སྟོང་པར་གྱུར་སོང་།

ང་ཁ་ན་ཌར་བསླེབས་རྗེས་དེར་བོད་པ་མང་པོ་ཡོད་པ་དང་། ང་ལ་བོད་རིགས་གྲོགས་པོའང་མང་པོ་ཡོད། དཔེར་ན། ང་ཚོ་ཁ་ན་ཌའི་བློན་ཆེན་ཇཱ་སོན་ཁིན་ནི་ལགས་ཀྱི་བློ་འདོན་ཁང་དུ་བསྟན་འཛིན་ཁང་གསར་ཟེར་བ་ཞིག་ཡོད་པ་དང་། ཁོ་རང་བོད་པ་རེད། དེ་སྔོན་ངས་བློན་ཆེན་ཁོང་གི་ལས་ཁུངས་ནང་ཆོས་ལུགས་རང་དབང་སྐོར་ལ་དུས་ཡུན་གང་འཚམ་ཞིག་རིང་ལས་ཀ་བྱས་པ་ཡིན། ལས་ཀ་དེའི་ཁྲོད་ནས་གློ་བུར་གྱི་སྐུལ་མ་ཆེན་པོ་ཞིག་གིས་དྷ་རམ་ས་ལར་ཡོང་འདོད་ཆེན་པོ་བྱུང་། ད་ལན་ངའི་རྨི་ལམ་མངོན་འགྱུར་བྱུང་བ་རེད།

དྲི་བ། ཁྱེད་རང་གིས་བོད་ཆས་ཆ་ཚང་ཞིག་གྱོན་བསྡད་ཡོད་པའི་འདྲ་པར་ཁག་ཅིག་སྤྱི་ཚོགས་འཕྲིན་ལམ་ཁག་ཏུ་མཐོང་རྒྱུ་འདུག་ལ། མི་མང་པོས་ཁྱེད་རང་བོད་རིགས་བུ་མོ་ཞིག་དང་འདྲ་པོ་ཡོད་སྐོར་ཡང་རྗོད་ཀྱི་འདུག བོད་ཆས་གྱོན་ན་ག་འདྲ་འདུག
ལན། བོད་ཆས་སྙིང་རྗེ་བོ་ཞེ་དྲགས་འདུག་སྟེ་ལྗིད་ཁོག་ཚ་བོ་དང་མཐུག་པོ་ཞེ་དྲགས་འདུག ངས་ཁྱེད་རང་གིས་གྱོན་ཡོད་པའི་ཕྱུ་པ་སྲབ་སྲབ་དེ་འདྲ་པོ་ཞིག་བཟོ་དགོས་བསམ་སོང་སྟེ་ཡོང་མ་སོང་། ཁྱེད་རང་གི་དེ་དཔེ་སྙིང་རྗེ་པོ་འདུག

དྲི་བ། ཁྱེད་རང་ཐོག་མར་བོད་དང་། བོད་དོན་ལ་འབྲེལ་བ་ཇི་ལྟར་ཆགས་སོང་།
ལན། ང་རང་རྒྱ་ནག་ཏུ་ཡོད་སྐབས་བོད་བརྒྱུད་ནང་བསྟན་ལ་དགའ་པོ་ཡོད་པ་ཙམ་མ་གཏོགས་བོད་ཀྱི་ཆབ་སྲིད་གནད་དོན་དང་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་སོགས་ཀྱི་སྐོར་ལ་ཅི་ཡང་ཤེས་ཀྱི་མེད། ང་རྒྱ་ནག་ནང་ཡོད་དུས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོར་ཆོས་ལུགས་ཐལ་དྲག་རིང་ལུགས་པ་ཞེས་བརྗོད་ཀྱི་ཡོད་པ་དང་། ཁོང་ཚོའི་སྐོར་ནས་གནས་ཚུལ་སྡུག་ཅག་མང་པོ་སྤེལ་སོང་། ང་རྒྱ་ནག་ནང་ཡོད་སྐབས་གནས་ཚུལ་དེ་ཚོར་ཡིད་ཆེས་བྱས་བསྡད་པ་ཡིན། ཕྱིས་སུ་ང་ཁ་ན་ཌར་བསླེབས་རྗེས་ཨ་མ་ལགས་ཀྱིས་ངའི་བློ་སྒོ་འབྱེད་པའི་ཆེད་དུ་ཆོས་འཁོར་རྩ་རླུང་སྐོར་ནས་དེབ་ཆུང་ཞིག་སྤྲད་བྱུང་། སྐབས་དེར་ངས་ཁོང་ཚོ་ནང་ཆོས་ཉམས་ལེན་པ་ཞིག་སྟེ། བདེན་པ་དང་བྱམས་སྙིང་རྗེ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་ཞིང་། མ་འགྲིག་པ་གང་ཡང་མཐོང་མ་སོང་། དེབ་དེ་ཀློག་སྐབས་རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ནས་བསྒྲགས་པའི་གནས་ཚུལ་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་དོན་དངོས་གཉིས་ཀྱི་བར་ཧེ་བག་དེ་འདྲ་ཆེན་པོ་ཡོད་པ་མཐོང་དུས་ང་རང་དངོས་གནས་ཧང་སང་བྱུང་།

རྒྱ་ནག་གཞུང་གི་བརྒྱུད་ལམ་ཁག་ནས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོས་མི་གསོད་པ་དང་རང་ཉིད་མེར་བསྒྲོན་ཏེ་ཐལ་དྲག་པའི་བྱ་སྤྱོད་ལ་བརྟེན་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་སྐོར་བསྒྲགས་ཡོད་པ་རེད། ཡིན་ནའང་། ངས་བཀླགས་པའི་དེབ་དེའི་ནང་ཆོས་འཁོར་རྩ་རླུང་ནི་བོད་བརྒྱུད་ནང་བསྟན་དང་ཡི་ཤུ་ཆོས་ལུགས་ལྟ་བུའི་ཧ་ཅང་ཞི་བདེ་ལྡན་པ་ཞིག་རེད། དེ་ནས་ངས་བོད་ཚུད་པའི་རྒྱ་ནག་ནང་གི་གནོད་སྐྱོན་ཕོག་པའི་རྩོམ་པ་པོ་དང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་སོགས་ཀྱི་སྐོར་ནས་དེབ་མང་པོ་བཀླགས་རྗེས། གཞི་ནས་བོད་ཀྱི་གནད་དོན་དེ་ཤེས་རྟོགས་བྱུང་བ་དང་། ངས་དབྱིན་ཡིག་གི་ཐོག་ནས་བོད་དོན་སྐོར་གྱི་ལོ་རྒྱུས་ཧ་ཅང་གནད་འགངས་ཆེན་པོ་ཞིག་བཀླགས་པ་ཡིན། དེ་ནི་ངས་ཇི་ལྟར་བོད་དོན་སྐོར་ཤེས་རྟོགས་བྱུང་བའི་བརྒྱུད་རིམ་ཞིག་རེད།

དྲི་བ། རྒྱ་གཞུང་གི་བཙན་གནོན་འོག་བོད་དང་ཡུ་གུར་མི་རིགས་སོགས་གྲངས་ཉུང་མི་རིགས་ཚོར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པ་ཤེས་གསལ་ལྟར། ཁྱེད་རང་གིས་ད་ལྟའི་བོད་ནང་གི་དཀའ་ངལ་ཆེ་ཤོས་དེ་ག་རེ་རེད་བསམ་གྱི་ཡོད།
ལན། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཚོར་བཙན་གནོན་བྱེད་ཀྱི་ཡོད་པའི་ཁྲོད་ནས་ས་ཆའི་གནད་དོན་དེ་གཅིག་རེད། ང་རང་གི་ལྟ་ཚུལ་ཡིན་ན། གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོག་གནོད་སྐྱོན་གཏོང་བཞིན་ཡོད་པ་དེ་ཚབས་ཆེ་ཤོས་རེད་བསམ་གྱི་འདུག རིག་གཞུང་ལྟ་བུ་ཡིན་ན་ལོ་ངོ་སྟོང་ཕྲག་གི་ཡར་སྔོན་ནས་དར་ཡོང་བ་ཞིག་རེད། ངས་སྔོན་ཆད་ནས་གནད་དོན་དེར་སེམས་འཚབ་བྱེད་བཞིན་ཡོད་ལ། གནོད་སྐྱོན་ཚབས་ཆེ་ཤོས་ཤིག་རེད་བསམ་གྱི་ཡོད། ཡིན་ནའང་། ང་རང་ཧ་ཅང་དགའ་བོ་བྱུང་བ་ཞིག་ལ་དྷ་རམ་ས་ལ་ནི་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་སའི་ལྷ་ཡུལ་ཆུང་ཆུང་ཞིག་རེད་འདུག

ད་ལན་ངས་རྒྱ་ནག་ནས་ཡོང་བའི་བོད་པ་ཚོའི་ལོ་རྒྱུས་མང་པོ་གོ་བྱུང་ལ། ཁོ་ཚོས་སོ་སོ་སློབ་ཆུང་དུ་ཡོད་སྐབས་ཀྱི་དད་མོས་གནང་ཕྱོགས་སོགས་བརྗོད་སྐབས་ང་རང་ཧང་སང་བྱུང་། དངོས་གནས་གནས་ཚུལ་དེ་ཚོ་གོ་ཐོས་བྱུང་རྒྱུ་ཧ་ཅང་ཁག་པོ་ཡོད་པ་རེད་ལ། ངས་དེ་ཚོ་གསལ་པོ་ཤེས་ཚོར་ཐུབ་ཀྱི་འདུག གང་ཡིན་ཟེར་ན། ང་རང་ཆོས་འཁོར་རྩ་རླུང་ཉམས་ལེན་བྱེད་མཁན་ཞིག་ཡིན་ཞིང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རྣམས་ལའང་རྒྱ་ནག་གཞུང་གིས་བཙན་གནོན་བྱེད་བཞིན་ཡོད་པ་རེད། རྒྱ་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོའི་ནང་བསམ་བློར་མནར་གཅོད་གཏོང་བཞིན་པ་དེ་ཧ་ཅང་བཟོད་དཀའ་བ་ཞིག་རེད། ཕྱི་ལུས་པོའི་མནར་གཅོད་དེ་དེ་ཙམ་གྱིས་དཀའ་ངལ་ཆེན་པོ་མ་རེད་བསམ་གྱི་འདུག རྒྱ་ནག་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་དད་མོས་ལ་བཙན་གནོན་གྱིས་ཆེ་མཐོང་ཡོད་ཚད་རྡོག་རོལ་གཏོང་བཞིན་པ་དེ་ཧ་ཅང་བཟོད་དཀའ་བ་ཞིག་ཆགས་བསྡད་ཡོད་པ་རེད།

ངས་བལྟས་ན་ད་ལྟ་བོད་ནང་གི་འགལ་བ་ཆེ་ཤོས་དེ་རྒྱ་མི་རིགས་ཀྱང་བཤད་མ་དགོས་པ་རེད་དེ། རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་ཚོར་དངོས་གནས་ག་རེ་དགོས་ཀྱི་ཡོད་མེད་ཤེས་ཀྱི་མེད་པ་དེ་རེད། བོད་མི་ཚོས་སོ་སོའི་རིག་གཞུང་དང་སྐད་ཡིག་གཅེས་འཛིན་བྱས་ཏེ། རང་ཉིད་ཀྱི་འདོད་པ་ལྟར་འཚོ་གནས་བྱེད་འདོད་ཡོད་པ་རེད། ཡིན་ནའང་། རྒྱ་ནག་དམར་ཤོག་ཚོགས་པས་དེ་ཚོ་ཤེས་རྟོགས་ཐུབ་ཀྱི་མེད་པ་འདྲ། རྒྱ་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་སྟངས་འཛིན་བྱེད་པའི་ཐབས་ཤེས་གཏོང་བཞིན་ཡོད་པ་དང་། དམར་ཤོག་གི་གཞུང་ཞིག་གིས་བླ་སྤྲུལ་གྱི་ཡང་སྲིད་སྟངས་འཛིན་བྱེད་པ་དེ་དངོས་གནས་དགོད་བྲོ་བ་ཞིག་རེད། དྲག་ཤུགས་ལ་བརྟེན་ནས་མིའི་རིགས་ཀྱི་དད་མོས་ལ་སྟངས་འཛིན་བྱེད་པ་དེ་དཀའ་ངལ་ཆེ་ཤོས་ཤིག་ཡིན་སྟབས། རྒྱ་གཞུང་གིས་བོད་མི་ཚོའི་ཐོག་ལ་དྲག་ཤུགས་བཀོལ་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཞུས་པའི་དད་གུས་བཀོག་འགོག་བྱེད་བཞིན་པ་དེ་བོད་མིའི་སེམས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད་བསམ་གྱི་འདུག བོད་རིགས་བྱིས་པ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ལ་མཆོད་འབུལ་བྱེད་སྐབས་རྒྱ་གཞུང་གིས་བྱེད་དུ་མ་བཅུག་པ་རེད་ཟེར་བའི་ལོ་རྒྱུས་ཤིག་ངས་གོ་བྱུང་། བྱ་སྤྱོད་དེ་འགལ་བ་ཧ་ཅང་ཆེན་པོ་ཞིག་དང་། ཆོས་ལུགས་ལ་བཙན་གནོན་གཏོང་བའི་བྱ་སྤྱོད་ཚབས་ཆེན་ཞིག་རེད་བསམ་གྱི་འདུག

དྲི་བ། མི་མང་པོ་ཞིག་གིས་ཞི་ཅིན་ཕིན་གྱི་སྣེ་ཁྲིད་འོག་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་འགྲོ་ཐུབ་པའི་རེ་བ་རྒྱག་གི་ཡོད་པ་རེད། ཁྱེད་རང་གི་ངོས་ནས་རྒྱ་ནག་ནང་བཟང་ངན་གྱི་འགྱུར་བ་ག་འདྲ་ཞིག་འགྲོ་ཡི་ཡོད་པ་མཐོང་གི་འདུག
ལན། རྒྱ་ནག་ནང་འགྱུར་བ་གཏོང་བའི་ཐོབ་ཐང་དེ་མི་གཅིག་ལ་དབང་བ་ཞིག་མ་རེད་བསམ་གྱི་འདུག རྒྱ་ནག་ནི་མི་གྲངས་དུང་ཕྱུར་ ༡.༧ ཡོད་པའི་རྒྱལ་ཁབ་ཅིག་ཡིན་ནའང་། གནད་དོན་ཆེ་ཤོས་དེ་ང་རང་ནང་བཞིན་མི་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པའི་ཀླད་པར་བཅོས་ལྷད་གཏོང་བའི་སྲིད་བྱུས་འོག་འཚར་ལོངས་བྱུང་གི་ཡོད་སྟབས། ཁོང་ཚོས་བོད་ནང་ག་རེ་བྱུང་གི་ཡོད་མེད་སོགས་ཅི་ཡང་ཤེས་ཀྱི་མེད་ལ། བོད་རིགས་སྤུན་ཟླ་ཚོར་དངོས་གནས་གནད་དོན་ག་རེ་ལྷག་གི་ཡོད་མེད་གོ་ཐོས་བྱུང་རྒྱུ་ཧ་ཅང་ཁག་པོ་རེད། དེ་འདྲའི་མི་མཐུན་པ་དང་ཁེངས་རློམ་ཆེན་པོའི་བྱ་སྤྱོད་དེ་ནི་གནད་དོན་ཆེ་ཤོས་ཤིག་དང་། རྒྱ་ནག་དམར་ཤོག་གཞུང་གིས་མི་མང་ཁ་བྲལ་དུ་གཏོང་བའི་ཐབས་ཇུས་ཤིག་རེད། ངས་བལྟས་ན་དབང་ཤུགས་ལྡན་པ་དེ་མི་སུ་ཡིན་མིན་ལ་མ་ལྟོས་པར་དེ་འདྲའི་གནས་བབ་འོག་འབྲེལ་ལམ་ཞིག་ཡོང་ཐབས་ཡོད་པ་མ་རེད།

དྲི་བ། རྒྱ་ནག་གཞུང་གིས་ཁྱེད་རང་ཕྱི་ལོ་ ༢༠༡༥ ལོའི་འཛམ་གླིང་མཛངས་མའི་འགྲན་སྡུར་ནང་ཞུགས་པར་ཐོངས་མཆན་མ་སྤྲད་པ་དེར་ཁྱེད་ཀྱིས་ངོས་འཛིན་ག་འདྲ་གནང་གི་ཡོད།
ལན། རྒྱ་ནག་གཞུང་གིས་ང་ལ་ཐོངས་མཆན་མ་སྤྲད་པའི་ཕྱི་ཉིན་དེར་ངས་གནམ་ཐང་དུ་གསར་འགོད་ལྷན་ཚོགས་ཤིག་བསྡུས་ཏེ། རྒྱ་གཞུང་གིས་ཕྱི་ལོ ༢༠༢༢ ལོའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། འགྲན་ཚོགས་དེ་མགྱོགས་པོར་བསླེབ་ཀྱི་ཡོད་སྟབས། འགྲན་ཚོགས་དེའི་ནང་རྒྱ་ནག་ནང་གི་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་དང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཚོ་ག་འདྲ་ཆགས་ཀྱི་རེད་ཅེས་འཕྲལ་གྱི་དྲི་བ་ཞིག་བཏང་བ་ཡིན། གལ་སྲིད་རྒྱ་ནག་གཞུང་དང་ལྟ་བ་ལངས་ཕྱོགས་ཐ་དད་ཡིན་པ་ཚོ་རྒྱལ་སྤྱིའི་རྩེད་འགྲན་ལས་ལོགས་སུ་ཕུད་པ་ཡིན་ན། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་རྩེད་འགྲན་དེ་གོ་སྒྲིག་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་ང་ལ་ཐོངས་མཆན་མ་སྤྲད་པ་དེ་ང་ལ་ཞེད་པ་མ་རེད། ང་ཚོས་གནས་ཚུལ་མི་འདྲ་བ་མང་པོ་ཞིག་འཁུར་ཡོང་སྟེ། རྒྱ་ནག་མི་མང་ལ་རྒྱལ་ཁབ་ཕྱི་རུ་ག་རེ་བྱུང་གི་ཡོད་མེད་ཤེས་སུ་འཇུག་ངེས་རེད་བསམ་ནས་དེ་ལ་ཞེད་ཀྱི་ཡོད་པ་རེད།

དྲི་བ། ཁྱེད་རང་ལོ་ན་ ༡༣ ཐོག་ཨ་མ་ལགས་ཀྱིས་ཁྲིད་དེ་ཁ་ན་ཌར་ཕྱིན་ཞིང་། ད་ལྟ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་པ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོ་བོད་མི་བཙན་བྱོལ་བའི་གཞོན་སྐྱེས་མང་པོ་ཞིག་ཀྱང་ཁྱེད་རང་ལྟར་ཕྱིའི་རྒྱལ་ཁབ་ཁག་གི་ནང་འཚར་ལོངས་བྱུང་ཞིང་དེང་དུས་ཀྱི་སློབ་གསོ་ཐོབ་ཀྱི་ཡོད་པ་རེད། ཕྱིའི་ལུང་པར་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་ག་རེ་གནང་དགོས་པ་རེད་བསམ་གྱི་ཡོད།
ལན། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་ཧ་ཅང་ནུས་ཤུགས་ཆེན་པོ་ཅན་ཞིག་སྟེ་བོད་མི་ནང་ཁུལ་དུ་འབྲེལ་ལམ་དང་ཆིག་སྒྲིལ་གྱི་ནུས་པ་ཧ་ཅང་བརྟན་པོ་ཆགས་ཡོད་པ་ཞིག་མཐོང་གི་འདུག་ལ། བོད་པ་ནི་འཛམ་གླིང་ཐོག་གི་རིག་གཞུང་རང་བཞིན་གྱི་ཐོག་ནས་ཆིག་སྒྲིལ་གྱི་རྣམ་པ་ཆེས་བརྟན་ཤོས་ཀྱི་གྲངས་ཉུང་མི་རིགས་ཤིག་རེད་བསམ་གྱི་ཡོད། ཁྱེད་རང་ཚོས་ཐ་ན་བྱིས་པ་ཆུང་ཆུང་ཞིག་ཡིན་ནའང་སོ་སོའི་རིག་གཞུང་གི་རྐང་ཧ་ཅང་ཡག་པོ་བཙུགས་ཐུབ་འདུག་པས། ཁྱེད་ཚོས་སོ་སོའི་མི་རིགས་ཀྱི་ཆེད་དུ་བཙན་བྱོལ་ནང་ལས་ཀ་དངོས་གནས་རླབས་ཆེན་པོ་སྒྲུབ་ཀྱི་འདུག ཐེངས་ཤིག་ང་ཨ་རིར་གནས་སྤོ་བྱས་ཟིན་པའི་བོད་རིགས་བྱིས་པ་ཆུང་ཆུང་ལོ་ལྔ་ཡིན་པ་ཞིག་ལ་ཐུག་བྱུང་། ཁོས་སོ་སོའི་རིག་གཞུང་དང་འབྲེལ་བའི་གནས་ཚུལ་མང་པོ་ཤེས་ཀྱི་འདུག ང་དཀྱིལ་འཁོར་ལ་ཧ་ཅང་དགའ་པོ་ཡོད་པས་དྷ་ས་ནས་གཅིག་ཉོས་ཏེ་ཁྱིམ་དུ་བཤམ་དགོས་བསམ་སོང་། དཀྱིལ་འཁོར་དེ་སུ་ཡིས་མཐོང་བ་ཡིན་ནའང་དེ་ལ་བྱིན་རླབས་ཆེན་པོ་འཇུག་ངེས་རེད་ཟེར་བ་ཞིག་གོ་བྱུང་། དེ་བཞིན་ངས་ནང་ཆོས་ཀྱི་དཔེ་ཆ་ཁ་ཤས་ཤིག་ཉོ་དགོས་བསམ་སོང་བས། ངས་བོད་པའི་བྱིས་པ་ཆུང་ཆུང་དེར་དེ་ག་རེ་རེད། འདི་ག་རེ་རེད་ཅེས་དྲིས་པ་ན་ཁོས་ཚང་མའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་བཅས་ཤེས་ཀྱི་འདུག  ཁྱེད་རང་ཚོས་དངོས་གནས་སོ་སོའི་མི་རིགས་ཀྱི་ཆེད་དུ་བྱ་བ་རླབས་ཆེན་པོ་སྒྲུབ་ཀྱི་འདུག་ལ། མ་འོངས་པའི་བྱ་གཞག་གི་ཐད་ལ་ཡིན་ནའང་བོད་མི་ཚོས་ཏན་ཏན་ལེགས་པོ་བསྒྲུབ་ཐུབ་ངེས་རེད་བསམ་གྱི་འདུག

ད་ལྟ་ཁྱེད་རང་ཚོས་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་ནུས་པ་ཆིག་སྒྲིལ་བྱེད་པར་ལས་ཀ་ཡག་པོ་བྱེད་བཞིན་འདུག ཁྱེད་རང་ཚོར་རྒྱབ་སྐྱོར་བྱེད་མཁན་གྱི་ནང་དཔེར་ན་རི་ཆ་ཌི་གྷེར་སོགས་འཛམ་གླིང་ཐོག་སྙན་གྲགས་ཡོད་པའི་གློག་བརྙན་འཁྲབ་སྟོན་པ་མང་པོ་འདུག ང་རང་ལ་མཚོན་ན། ཁ་ན་ཌའི་འཛམ་གླིང་མཛངས་མའི་སྡིངས་ཆ་འདི་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། ཐད་ཀར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་མེད་ལ་མ་ལྟོས་པར་རྩ་དོན་ཞིག་གི་ཆེད་དུ་ང་ཚོས་སྡིངས་ཆ་ག་འདྲ་ཞིག་ཡིན་ནའང་བེད་སྤྱོད་གཏོང་ཆོག་པ་རེད།

དྲི་བ། ཁ་ན་ཌའི་མཛངས་མའི་མིང་ཐོག་ནས་མ་འོངས་པར་ཁྱེད་ལ་འཆར་གཞི་ག་རེ་ཡོད། དམིགས་བསལ་གྱིས་བོད་དོན་ཐོག་ག་རེ་གནང་འཆར་ཡོད།
ལན། ད་ལྟ་ངས་(Bleeding edge)ཟེར་བའི་གློག་བརྙན་དེའི་ཐོག་ནུས་པ་གཙོ་བོ་འདོན་གྱི་ཡོད། གློག་བརྙན་དེ་ལ་ཨ་རིའི་གྷ་བྷི་རེལ་གཟེངས་རྟགས་(Gabriel award)ཀྱང་ཐོབ་ཡོད་པ་རེད། དེའི་ནང་དུ་རྒྱ་གཞུང་གིས་མི་ཚོའི་གྲོད་ཁོག་གཤགས་ནས་ནང་ཁྲོལ་བཙོང་སྟེ་ཁེ་བཟང་བླངས་བའི་སྐོར་གླེང་ཡོད་པ་རེད། ཞིབ་འཇུག་པ་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། ནང་ཁྲོལ་གསོན་བཀོག་བྱེད་ས་དེ་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཁོ་ན་མིན་ཡང་རྩ་རླུང་སྒོམ་སྒྲུབ་པས་གྲངས་འབོར་ཆེན་པོ་ཟིན་ཡོད་པ་དང་། དེ་བཞིན་གདུག་རྩུབ་ཀྱི་སྲིད་བྱུས་ཤུགས་ཆེ་རུ་བཏང་བའི་གྲངས་ཉུང་ཁུལ་དང་། བོད་ཀྱི་ནང་དུའང་ལག་བསྟར་བྱས་ཡོད་ཚོད་རེད། རྒྱུ་མཚན་ཅི་ཡིན་ཟེར་ན་བོད་ཀྱི་བཙོན་པ་མང་པོ་ཞིག་ལ་ཁྲག་དང་བྲང་ཁོག་ལ་བརྟག་དཔྱད་བྱས་ཡོད་པ་དང་། བྱེད་སྟངས་དེ་གཏན་ནས་རྒྱུན་ལྡན་མ་རེད། གང་ཡིན་ཟེར་ན་རྒྱ་ནག་གཞུང་གིས་བཙོན་པའི་འཕྲོད་བསྟེན་ལ་དོ་སྣང་གང་ཡང་བྱེད་ཀྱི་ཡོད་པ་མ་རེད། ཁོ་ཚོས་བརྟག་དཔྱད་བྱས་པ་དེ་བཙོན་པའི་ནང་ཁྲོལ་ག་འདྲ་ཡོད་མེད་ཤེས་རྟོགས་ཐུབ་པའི་ཆེད་དུ་རེད། རྒྱ་ནག་གཞུང་གིས་མིའི་ནང་ཁྲོལ་བཙོང་བའི་འཇིགས་ཡེར་བའི་གནད་དོན་དེ་དངུལ་གྱི་ཆེད་དུ་མིའི་ཚེ་སྲོག་བཙོང་བ་དང་གཅིག་པ་ཡིན་སྟབས། དེ་ནི་ངས་དོ་སྣང་ཤུགས་ཆེ་རུ་གཏོང་འདོད་པའི་གནད་དོན་ཞིག་ཡིན།

མ་འོངས་པར་ངས་ནུས་པ་གང་ཡོད་ཀྱིས་བསྒྲུབ་དགོས་པ་གཞན་ཞིག་ནི་བོད་རྒྱ་གཉིས་བར་གྱི་འབྲེལ་ལམ་གོང་འཕེལ་དུ་གཏོང་རྒྱུ་དེ་ཡིན། རྒྱ་ནག་ནང་གི་མི་མང་པོ་ཞིག་གིས་བོད་ལ་གནད་དོན་ག་རེ་བྱུང་གི་ཡོད་མེད་ཤེས་ཀྱི་མེད་ལ། གཅིག་བྱས་ན་ཁོ་ཚོར་ཤེས་འདོད་ཀྱང་ཡོད་པ་མ་རེད།  གང་ལྟར་ངས་ཁོང་ཚོར་བོད་ལ་གནད་དོན་ག་རེ་བྱུང་གི་ཡོད་མེད་དང་།  བོད་མི་ཚོས་ཟླ་བ་དང་ཟླ་བར་གོམ་པ་བརྒྱབ་སྟེ་ཧི་མ་ལ་ཡ་བརྒལ་ནས་རྒྱལ་ཁབ་གཞན་གྱི་ནང་ག་རེ་བྱས་ནས་སྐྱབས་བཅོལ་དུ་ཡོང་བཞིན་ཡོད་པ་དང་། བོད་མི་ཚོས་སོ་སོའི་རིག་གཞུང་རྒྱུན་འཛིན་བྱེད་ཐུབ་པའི་རེ་འདོད་འཆང་ཡོད་པ་སོགས་འགྲེལ་བརྗོད་བྱེད་ཐུབ་པ་ཡིན་ན། རྒྱ་ནག་ནང་ལོགས་ཀྱི་མི་ཚོས་ཤེས་རྟོགས་ཐུབ་ཀྱི་རེད་ལ། ནུབ་ཕྱོགས་ཀྱི་མི་ཚོས་ལྷག་པར་དུ་ཤེས་ཐུབ་ངེས་རེད་དྲན་གྱི་འདུག གལ་སྲིད་ང་ཚོས་འབྲེལ་ལམ་དེ་འདྲ་ཞིག་བསྐྲུན་ཐུབ་པ་ཡིན་ན། ཉིན་ཞིག་རྒྱ་ནག་དམར་ཤོག་ཚོགས་པ་ཐོར་ཞིག་ཏུ་ཕྱིན་སྐབས་རྒྱ་ནག་གི་མི་ཚོས་གནད་དོན་མ་འདྲ་བ་དེ་ཚོ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཐོག་ག་རེ་གསུང་གི་ཡོད་མེད་བཅས་གསལ་པོ་ཤེས་ཐུབ་སྟབས། བོད་མི་ཚོས་སོ་སོའི་མངོན་འདོད་ག་རེ་ཡིན་པ་དེ་བསྒྲུབ་པར་ཁོ་ཚོས་དགའ་བསུ་བྱེད་ངེས་རེད་བསམ་གྱི་འདུག

དྲི་བ། རྒྱ་ནག་དམར་ཤོག་ཚོགས་པར་མཚོན་ན། ༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་འདི་ནི་བོད་དོན་ཐག་གཅོད་བྱེད་པའི་གོ་སྐབས་ལེགས་ཤོས་ཤིག་ཡིན་པར་ངོས་འཛིན་བྱེད་མཁན་མང་པོ་ཡོད་པ་རེད། ཁྱེད་རང་གིས་དེའི་ཐད་གང་འདྲ་བསམ་གྱི་འདུག
ལན། བོད་དོན་བདེན་མཐའ་སེལ་བར་ཐོག་མར་བོད་པ་ཚོས་སོ་སོའི་མངོན་འདོད་ག་རེ་ཡིན་མིན་དེ་ཐག་གཅོད་བྱེད་དགོས་པ་རེད་བསམ་གྱི་འདུག མིག་སྔར་གྱི་དཀའ་ངལ་ངས་གོང་དུ་བཤད་པ་ལྟར་རྒྱ་ནག་དམར་ཤོག་ཚོགས་པས་འབྲེལ་ལམ་གྱི་སྒོ་ཕྱེ་ཡི་མེད་པ་དེ་རེད། གང་ལྟར་ཁོ་ཚོར་ག་རེ་བཤད་པ་ཡིན་ནའང་སྒོང་ང་རྡོ་ཐོག་ཏུ་གཞུས་པ་ལྟར་སྒོང་ང་ཆག་རྒྱུ་རང་རེད། ཁྱེད་རང་གིས་མི་ཞིག་ལ་གྲོས་མོལ་བྱེད་འདོད་ཀྱང་ཉན་རོགས་མ་བྱས་པ་དང་། ཁྱེད་རང་གིས་སྒོ་བརྡུངས་ཡང་མ་ཕྱེས་པ་ཡིན་ན། དེ་ནི་ཕྱོགས་གཅིག་ཁོ་ནར་ལྷུང་བའི་བྱ་སྤྱོད་ཅིག་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་དང་འཛམ་གླིང་མི་མང་ལ་དཔེ་མཚོན་རང་བཞིན་དང་སྣང་བརྙན་འདི་འདྲ་ཞིག་བསྐྲུན་ཡོད་སྟབས། མ་འོངས་པར་ཁོང་སྐུ་འཚོ་བཞུགས་ཡོད་མེད་ལ་མ་ལྟོས་པར་ཁོང་གི་ནུས་སྟོབས་དེ་འཛམ་གླིང་ཐོག་མུ་མཐུད་དུ་གནས་ཐུབ་ངེས་རེད་དྲན་གྱི་འདུག བོད་མིའི་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་ཆིག་སྒྲིལ་ནུས་པ་ཧ་ཅང་ཤུགས་ཆེན་པོ་ཡིན་སྟབས། མ་འོངས་པར་གནས་ཚུལ་ཞིག་བྱུང་བ་ཡིན་ནའང་བོད་མི་ཚོ་མུ་མཐུད་ཆིག་སྒྲིལ་ཡོང་ངེས་རེད་བསམ་གྱི་འདུག

དྲི་བ། ང་ཚོའི་གསར་ཤོག་འདི་བརྒྱུད་ནས་རྒྱ་ནག་གཞུང་ལ་བརྡ་ལན་ག་རེ་སྤྲོད་རྒྱུ་ཡོད།
ལན། རྒྱ་ནག་གཞུང་གིས་ཤེས་དགོས་པ་ཞིག་ལ་མིའི་རིགས་ཀྱི་དད་མོས་ཟེར་བ་དེ་བཙན་འཕྲོག་བྱེད་ཐུབ་པ་ཞིག་མ་རེད་ལ། རིག་གཞུང་ཟེར་བ་དེའང་མིའི་རིགས་ཀྱི་ཟུང་ཁྲག་དང་གཏིང་ཟབ་ཀྱིས་འབྲེལ་བསྡད་པ་ཞིག་ཡིན་སྟབས། ག་ཚོད་ཀྱིས་བཙན་གནོན་བྱས་ཀྱང་རིག་གཞུང་ཞིག་མེད་པ་བཟོ་ཐུབ་ངེས་མ་རེད། མདོར་ན་མིའི་རིགས་ཀྱི་དད་མོས་དང་རིག་གཞུང་ག་རེ་མོ་ཞིག་རྩ་མེད་དུ་གཏོང་བར་འབད་བརྩོན་ག་འདྲ་ཞིག་བྱས་ཀྱང་འབྲས་བུ་འཐོན་རྒྱུ་ཡོད་པ་མ་རེད། རྒྱ་ནག་མི་མང་གིས་ནམ་ཞིག་མིག་ཁ་ཕྱེས་ཏེ་བོད་རིགས་སྤུན་ཟླ་ཚོས་དཀའ་སྡུག་ག་རེ་མྱོང་བཞིན་ཡོད་མེད་ཤེས་རྟོགས་ཐུབ་པའི་རེ་བ་ཡོད།

དྲི་བ། གོ་སྐབས་འདི་བརྒྱུད་ནས་བོད་མི་ཚོར་ག་རེ་བརྗོད་འདོད་ཡོད།
ལན། བོད་མི་ཚོར་ནུས་ཤུགས་ཆེན་པོ་འདི་འདྲ་ཡོད་པ་དེར་ང་རང་ཧ་ལས་བྱུང་། དྷ་རམ་ས་ལ་གཙོ་བོར་གྱུར་བའི་འཛམ་གླིང་གང་སར་ཡོད་པའི་བོད་པ་ཚོ་སོ་སོའི་མངོན་འདོད་དང་སྒྲུབ་དགོས་པ་དེའི་ཐོག་དོ་ཁུར་ཧ་ཅང་ཆེན་པོ་འདུག བོད་པ་དང་རྒྱ་ནག་ནང་ཡོད་པའི་རྒྱ་མི་ཚོ་བསྡུར་བ་ཡིན་ན། རྒྱ་མི་ཚོ་དངུལ་གྱིས་སེམས་ཡོངས་སུ་བཀུག་སྟེ་སེམས་གཙོ་རིང་ལུགས་བོར་བརླག་ཏུ་ཕྱིན་འདུག ང་རང་གི་ངོས་ནས་བོད་པ་ཚོར་སེམས་པ་ཧ་ཅང་གཙང་མ་ཞིག་ཡོད་པ་དེ་མུ་མཐུད་རྒྱུན་སྐྱོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ད་ལྟ་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་འོག་བོད་དེ་ནག་ཐོམ་ཐོམ་ཞིག་མཐོང་གི་འདུག་ཀྱང་། རེ་བ་ནི་ཧ་ཅང་ཐག་ཉེ་ས་ཞིག་ཏུ་ཡོད་པ་རེད་བསམ་གྱི་འདུག

 

གསར་འགོད་པ། པདྨ་མཚོ།


ཏཱ་ལའི་བླ་མར་མཇལ་བཅར་ཞུ་མཁན་ཚོར་དགག་བྱ་མེད།

$
0
0

༧གོང་ས་མཆོག་ནི་གུས་བརྩི་ལྡན་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྟབས་ཕྱི་ཕྱོགས་ནས་ཁོང་ལ་ཆོས་ཕྱོགས་ཀྱི་མཇལ་བཅར་ཞུ་མཁན་ཚོར་རྒྱ་གར་གཞུང་གིས་བཀག་འགོག་གང་ཡང་མེད་སྐོར་བརྗོད་འདུག

mea-official-spokesperson-vikas-swarup_64b93108-12ea-11e6-8267-dc0f985e6284ཁ་སང་རྒྱ་གར་ (PTI) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་གར་གཞུང་གིས་༧གོང་ས་ཏཱ་ལའི་བླ་མར་ཆོས་ཕྱོགས་ཀྱི་མཇལ་བཅར་ཞུ་མཁན་ཚོར་དགག་བྱ་གང་ཡང་མེད་སྐོར་དང་། དྷ་རམ་ས་ལར་པེ་ཅིན་གཞུང་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་བསྐོངས་མེད་སྐོར་བརྗོད་འདུག

རྒྱ་གར་ནང་སྲིད་ལྷན་ཁང་གི་མགྲིན་པ་ཚབ་བེ་ཀ་སི་ཝ་རུ་ཕི་ (Vikas Swarup) ཟེར་བ་ཞིག་གིས། མི་སྒེར་ཁག་ཅིག་༧གོང་ས་ཏཱ་ལའི་བླ་མར་མཇལ་བཅར་དུ་ཡོང་བ་མ་གཏོགས། དྷ་རམ་ས་ལར་པེ་ཅིན་གཞུང་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཚོགས་ཡོད་པ་མ་རེད། ཁྱེད་ཚོས་ཤེས་གསལ་ལྟར། ཏཱ་ལའི་བླ་མ་མཆོག་ནི་གུས་བརྩི་ལྡན་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྟབས། ཕྱི་ཕྱོགས་ནས་ཁོང་ལ་ཆོས་ཕྱོགས་ཀྱི་མཇལ་བཅར་ཞུ་མཁན་མང་པོ་ཡོང་གི་ཡོད་པ་མངོན་གསལ་ཡིན་ཞིང་། རྒྱ་གར་གཞུང་གིས་ཆོས་ཞུ་བ་ཚོར་བཀག་འགོག་གང་ཡང་མེད་སྐོར་བརྗོད་འདུག

གནས་ཚུལ་འདིའི་ནང་། ཟླ་སྔོན་མར་རྒྱ་གར་གཞུང་གིས་རྒྱ་རིགས་བུད་མེད་ལུ་ཅིན་ཧྭ་ (Lu Jinghua) དང་ར་ཝང་ (Ra Wong) གཉིས་དྷ་རམ་ས་ལར་ཡོང་བའི་མཐོང་མཆན་ཕྱིར་འཐེན་བྱས་ཡོད་པ་དང་། ཕྱི་སྡོད་རྒྱ་རིགས་བུད་མེད་ལུ་ཅིན་ཧྭ་ལགས་ནི་ཕྱི་ལོ་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་འོས་ལངས་སྐབས་ཀྱི་ལས་འགུལ་བ་ཞིག་དང་། ར་ཝང་ལགས་ནི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་ཞིག་བཅས་ཡིན་སྐོར་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

མི་ལོ་ ༤༠ ཞབས་ཞུར་ཆེ་བསྟོད་དང་བཀའ་དྲིན་རྗེས་དྲན།

$
0
0

 གྱང་གསར་ཚེ་རིང་དོན་གྲུབ། (ཧྥ་རན་སིའི་སྐུ་ཚབ་དོན་གཅོད་འབྲེལ་མཐུད་པ།)

tibettimes

༄༅། གུས་པ་ཉེ་ཆར་སྒེར་དགོངས་ཞུས་ནས་རྒྱ་གར་དུ་འགྲོ་དགོས་བྱུང་། དོན་དག་གཙོ་བོ་ནི་ ༢༠༡༦ ཟླ་བ་ ༥ ཚེས་ ༡ ཉིན་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་མི་ལོ་ཧྲིལ་པོ་བཞི་བཅུའི་རིང་བོད་གཞུང་མང་ཞབས་ཞུ་བསྒྲུབས་པར་བཀའ་དྲིན་རྗེས་དྲན་དང་། ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དང་གསོལ་སྟོན་ཞིག་བདེ་སྲུང་ལས་བྱེད་ཐུན་མོང་ནས་གོ་སྒྲིག་གནང་ཡོད་པར་བཅར་རྒྱུ་དེ་ཡིན།

བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དེ་གོང་ཚེས་ཉིན་གྱི་སྔ་དྲོ་ཕྱག་ཚོད་དགུ་དང་ཕྱེད་ཀའི་ཐོག་མཛེས་སྡུག་ལྡན་པའི་རྡ་སའི་རི་ཆུང་སྟེང་ཆགས་པའི་ནོར་བུ་གསོལ་མགྲོན་ཁང་དུ་གྲ་སྒྲིག་གནང་འདུག སྐུ་མགྲོན་གཙོ་བོར་དཔལ་ལྡན་བཀའ་ཁྲི་དང་བདེ་སྲུང་བཀའ་བློན་གཅིག་ལྕོག་ཟུར་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། དམིགས་བསལ་སྐུ་མགྲོན་དུ་བདེ་སྲུང་ཟུར་པ་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་ཕེབས་འདུག

དེ་མིན་སྐུ་མགྲོན་གྱི་ཁོངས་སུ་ས་གནས་རྒྱ་གར་དཔོན་རིགས་ཁ་ཤས་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་དང་། བདེ་སྲུང་དྲུང་ཆེ་དང་ལས་བྱེད་ཟུར་པ། གཙུག་ལག་ཁང་ཁོར་ཡུག་སྲུང་སྐྱོན་ཚན་པའི་འགན་འཛིན་ཐོག་བདེ་སྲུང་ལས་བྱེད་རྣམ་པ་བཅས་ཁྱོན་མི་གྲངས་ ༡༡༨ ཙམ་མཉམ་འཛོམས་བྱུང་འདུག་པའི་ཁོངས་སུ་ཡུ་རོབ་དང་། ཨ་རི། བལ་ཡུལ་ནང་ཡོད་པའི་བདེ་སྲུང་ལས་བྱེད་ཟུར་པ་ཡང་འདུག་པ་དེ་དག་གིས་ཆེ་ཆུང་འཚམས་ཞིང་བཀོད་པ་མཛེས་པའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་ཁེངས་ཤིང་། དེ་ཉིན་བདེ་སྲུང་ལས་བྱེད་ཆེ་ཕྲ་ཚང་མ་བྲེལ་ལ་ཤིན་ཏུ་ཆེ་ཡང་མཛད་སྒོ་དང་། གསོལ་སྟོན། སྤྲོ་སྐྱིད་བཅས་ཀྱི་གྲ་སྒྲིག་ལས་དོན་རྣམས་དེ་འདྲའི་ཚགས་ཚུད་པ་ལ་ཨང་བསམ་པའི་ཚོར་བ་བྱུང་།

བདེ་སྲུང་སྐུ་ཕྱྭའི་དྲུང་ཆེ་ཕ་ཟུར་དབང་ཕྱུག་ལགས་ནས་དགའ་བསུའི་གསུང་བཤད་གནང་སྐབས། སྐུ་མགྲོན་གཙོ་བོས་དབུས་སྐུ་མགྲོན་ཡོངས་དང་། བདེ་སྲུང་ལས་ཟུར་རྣམ་པ་ཡོངས་ལ། མགྲོན་འབོད་དང་ལེན་གྱིས་མཛད་སྒོར་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་རིང་གི་མཛད་སྒོ་འདི་ནི་བདེ་སྲུང་ལས་བྱེད་རྣམས་ཀྱི་འབད་བརྩོན་དང་། དེའི་ཐོག་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་མཁན་བདེ་སྲུང་ལས་བྱེད་ཟུར་པ་རྣམས་དང་། དེ་སྔ་བཀའ་ཟུར་མཆོག་དང་ལོ་མང་རིང་ལས་དོན་གྱི་འབྲེལ་བ་ཡོད་པའི་བློ་དཀར་གྱི་མི་སྣའི་དཔལ་འབྱོར་གྱི་རྒྱབ་སྐྱོར་དང་། བསམ་བློའི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ས་ཐག་རྒྱང་རྐྱེན་དང་དུས་ཚོད་དབང་གིས་དངོས་སུ་ཕེབས་མ་ཐུབ་པའི་བདེ་སྲུང་ཟུར་པ་ཚོའི་ལུས་པོ་ཕྱི་ལ་ཡོད་ཀྱང་། བསམ་པ་ཚོགས་ཁང་འདིའི་ནང་ཡོད་པར་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས།

མགྲོན་གྱི་གཙོ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་སྐབས། བཀའ་ཟུར་མཆོག་སྔོན་མ་ཌལ་ཧོར་སློབ་གྲྭར་སློབ་སྦྱོང་གནང་སྐབས་ཀྱི་ཐུགས་གཤིས་དང་། བདེ་སྲུང་དྲུང་ཆེ་དང་བཀའ་བློན་གྱི་མཛད་འཁུར་བཞེས་སྐབས་མཉམ་དུ་ཕྱག་ལས་གནང་བའི་ཐུགས་ཀྱི་མྱོང་ཚོར། གནད་དོན་ཐག་གཅོད་དང་། དབྱེ་ཞིབ་དཔྱད་པ་གནང་སྟངས་སྐོར་སོགས་གསུང་སྟེ། མདོ་དོན་བཀའ་ཟུར་མཆོག་གིས་མི་ལོ་བཞི་བཅུའི་ཞབས་ཞུར་གདེང་འཇོག་ཧ་ཅང་ཆེན་པོ་མཛད།

སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་སྐབས། ང་སྔོན་མ་བདེ་སྲུང་དུ་ལོ་མང་པོ་བསྡད་པ་རེད། དངོས་གྲུབ་ལགས་ནི་གཤིས་ཀ་ཧ་ཅང་འཇམ་ཞིང་བཟང་བ་དང་། བབ་རླིང་བརྟན་གསུམ་གྱི་ཕྱག་ལས་གནང་མཁན་ཡིན་པའི་སྐོར་དང་། ལོ་མང་དངོས་གྲུབ་ལགས་དང་མཉམ་ཕྱག་ལས་གནང་རིང་ཉིན་མ་གཅིག་རླུང་ལངས་པ་གཟིགས་མྱོང་མེད། དངོ་གྲུབ་ལགས་དང་། ཁོང་གི་ནང་མི་ཚང་མ་མི་ཚེ་སྐྱིད་པོ་ཡོང་བའི་སྨོན་ལམ་ཡོད་ཅེས་གསུང་སོང་།

བཀའ་ཟུར་མཆོག་དང་ལྷན་དུ་ལོ་མང་ཕྱག་ལས་གནང་མྱོང་བའི་བདེ་སྲུང་དྲུང་ཟུར་བློ་བཟང་སྦྱིན་པ་མཆོག་དང་། བདེ་སྲུང་ལས་བྱེད་ཟུར་པའི་སྐུ་ཚབ་བདེ་སྲུང་དྲུང་ཟུར་ཡེ་ཤེས་ཆོས་གྲགས་ལགས། སྐུ་ངོ་མཆོག་གི་རྒྱ་གར་གྲོགས་པོ་རྙིང་པ་སྐུ་ཞབས་ནོར་བུ་རམ་གྱིས་ཀྱང་གསུང་བཤད་མདོར་བསྡུས་རེ་གནང་སོང་བ་ཚང་མས་ཐུགས་མྱོང་གཞི་ལ་བཞག་ནས་བཀའ་ཟུར་མཆོག་གི་ཕྱག་ལས་གནང་སྟངས་ལ་གདེང་འཇོག་ཆེན་པོ་གནང་།

མཛད་སྒོ་གཙོ་སྐྱོང་པས་བཀའ་ཟུར་མཆོག་ལ་ཡི་རང་མངོན་བསྟོད་གྱི་ཕྱག་བྲིས་ཤིག་སྒྲོག་སྦྱང་གནང་བའི་ནང་། སྐུ་ངོ་མཆོག་གིས་མི་ལོ་ཧྲིལ་པོ་ ༤༠ རིང་བོད་བསྟན་སྲིད་མི་རིགས་ཀྱི་བདེ་དོན་ཆེད། ལྷག་བསམ་སྙིང་སྟོབས་ཆེན་པོས་༸རྒྱལ་བའི་སྐུ་ཕྱྭ་དང་། བདེ་སྲུང་གི་ཕྱི་ནང་གསང་བའི་ལས་དོན། འཛིན་སྐྱོང་བཅས་ཀྱི་ཆེད་དུ་ཞབས་འདེགས་གཟེངས་ཐོན་ངོ་གནོང་མི་དགོས་པ་བསྒྲུབས་པ་གནང་བར་བཀའ་དྲིན་ཆེ་ཞེས་ཞུ་ཆེད། ལྷག་བསམ་དཀར་བའི་མཚོན་དོན་དུ་རིན་ཆེན་གཉིས་པ་ལས་གྲུབ་པའི་སྐལ་བཟང་མཆོད་ཀོང་ཞིག་དང་། རྣམ་དཔྱོད་ཕུལ་དུ་བྱུང་བའི་མཚོན་དོན་དུ་འཇམ་དཔལ་དབྱངས་ཀྱི་ཞལ་ཐང་འཚེམས་དྲུབས་མ། འཇོན་ནུས་ཟླ་མེད་ཀྱི་མཚོན་དོན་དུ་ཡི་རང་མངོན་བསྟོད་ཀྱི་ཡི་གེ་འདི་བཅས་གུས་ཚོ་བདེ་སྲུང་ལས་བྱེད་ཐུན་མོང་ནས་འབུལ་ལམ་ཞུས་ཤིང་། སྐུ་ངོ་མཆོག་གི་ཡུམ་བདེ་སྐྱིད་ལགས་དང་སྐུ་ཟླ་ངག་དབང་ཆོས་འཛོམས་ལགས་ཀྱིས་ཀྱང་སྐུ་ངོ་མཆོག་གི་ཕྱག་ལས་ལ་རྒྱབ་སྐྱོར་རྒྱུན་མཐུད་དུ་གནང་བར་བསྔགས་བརྗོད་བཅོས་མིན་ཞུ་རྒྱུ་དང་། སླད་སྐུ་ངོ་ཆོག་གང་དུ་ཕེབས་ཀྱང་སྐུ་ཁམས་གསལ་ཐང་ཐོག་ང་ཚོར་མུ་མཐུད་ལམ་སྟོན་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག

བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་མཚོན་དོན་སྐལ་བཟང་མཆོད་ཀོང་དང་། འཇམ་དབྱངས་སྐུ་ཐང་། ཡི་རང་སྔོན་བསྟོད་ཀྱི་ཕྱག་བྲིས་བཅས་སྐུ་གྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་གྱི་ཕྱག་ནས་བཀའ་ཟུར་མཆོག་ལ་ཕུལ་བ་གནང་།

དང་སློབ་འགོ་ལས་ཡོངས་དང་། གཙུག་ལག་ཁང་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་གྱིས་བཀའ་ཟུར་མཆོག་ལ་བཀའ་དྲིན་རྗེས་དྲན་དང་། ཐུགས་རྗེ་ཆེ་ཞུའི་མཚོན་དོན་འབུལ་སྐྱེས་རེ་གྲ་སྒྲིག་གནང་ཡོད་པ་དེ་ཁག་སོ་སོར་བདེ་སྲུང་སྐུ་ཕྱྭའི་དྲུང་ཆེ་དང་། འཛིན་སྐྱོང་དྲུང་ཆེ་བཀའ་ཟུར་མཆོག་ལ་ཕུལ་བ་གནང་སོང་།

དེ་རྗེས་བདེ་སྲུང་ལས་བྱེད་ཁག་ཅིག་ནས་བཀའ་ཟུར་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་མཉམ་གཞས་ཞིག་གཟིགས་འབུལ་ཞུས་སོང་བ་དེའི་གཞས་མདངས་བོད་ནས་ཡིན་པ་དང་། གཞས་ཚིག་ལས་བྱེད་ཚོས་བརྩམས་འདུག བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་བཞིས་སྲོལ་རྒྱུན་གླུ་གཞས་ནང་མ་དང་། སྟོད་གཞས་གཟིགས་འབུལ་དང་། བདེ་སྲུང་ལས་བྱེད་ངག་དབང་གཡང་འཕེལ་ལགས་ཀྱིས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས་བཀའ་ཟུར་མཆོག་ལ་བསྟོད་པའི་ཆེད་རྩོམ་སྙན་ངག་སྐུར་འབྱོར་སྙན་སྒྲོན་ཞུས་ཞིང་། བདེ་སྲུང་ལས་བྱེད་ཐུན་མོང་ནས་དཔར་སྐྲུན་ཞུས་པའི་མི་ལོ་བཞི་བཅུའི་ཞབས་ཞུར་གདེང་འཇོག་ཞེས་པའི་རྩོམ་ཡིག་ཕྱོགས་སྒྲིག་གི་དེབ་གཅིག་སྐུ་མགྲོན་ཚང་མར་འགྲེམས་སྤེལ་གནང་།

བདེ་སྲུང་འཛིན་སྐྱོང་དྲུང་ཆེ་འཕགས་པ་ཚེ་རིང་ལགས་ནས་སྐུ་མགྲོན་གཙོ་བོ་དང་། དམིགས་བསལ་སྐུ་མགྲོན་གྱིས་དབུས་ཕྱག་རོགས་དང་། རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་མཚམས་སྐུ་མགྲོན་དང་། བདེ་སྲུང་ལས་ཟུར་ཚང་མས་སྐུ་ངོ་མཆོག་ལ་མཇལ་དར་སྒྲོན་འབུལ་ཞུས་བསྟུན་ཚོ་ཁག་བྱས་ནས་བཀའ་ཟུར་མཆོག་དང་སྐུ་པར་ལྷན་སྒྲོན་གནང་། ཕྱག་ཚོད་ ༡༢ ཐོག་མཛད་སྒོ་དངོས་གཞི་ལེགས་པར་གྲུབ་སྟེ། ཉིན་གུང་གསོལ་སྟོན་པད་མ་ཐང་གསོལ་མགྲོན་ཁང་དུ་འདེགས་འབུལ་ཞུས།

འོ་རེད། ང་རང་རིག་པ་སྐྱོ་བས་བཀའ་ཟུར་མཆོག་གིས་མཛད་སྒོར་བཀའ་སློབ་གནང་བ་ཚང་མ་མི་དྲན་ཡང་། གང་དྲན་ཆེས་སྙིང་བསྡུས་ཤིག་འདིར་བྲིས་ན་འདི་ལྟར་ཏེ།

“མཛད་སྒོ་དེ་འདྲ་གོ་སྒྲིག་ཞུས་པར་རང་ཉིད་འཚེར་པོ་འདྲ་པོ་བྱུང་ལ། དམིགས་བསལ་མཛད་སྒོའི་ཐོག་ལ་ཟམ་གདོང་རིན་པོ་ཆེ་མཆོག་དང་། མངའ་རིས་རིན་པོ་ཆེ་ཕེབས་པ་ལན་པོ་མེད་ཀྱང་། བུང་བ་གསེར་གཟིགས་ཀྱིས་ཕེབས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། རྣམ་པ་ཚོ་ཚང་མས་མཁྱེན་གསལ་ལྟར་ངའི་ལོ་རྒྱུས་ནང་རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རང་བྱས་ནས་སླེབས་པ་ཞིག་ཡིན་པ་ལས་ཆབ་སྲིད་པ་དེ་འདྲ་གང་ཡང་མ་རེད། ཕྱི་ལོ་ ༢༠༠༧ ལོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བུང་བ་གསེར་གཟིགས་ཀྱིས་བཀའ་བློན་བསྐོ་བཞག་གནང་བ་ལྟར་ཁས་ལེན་བྱ་དགོས་བྱུང་། ཆོས་ཕྱོགས་ནས་༸སྐྱབས་མགོན་རིན་པོ་ཆེའི་ཞབས་འོག་ལ་ལས་ཀ་བྱ་རྒྱུ་བྱུང་བར་དགའ་སྤོབས་དང་། འཇིག་རྟེན་ངོས་ནས་གཏམ་སྙན་གྲགས་ཤིག་ཀྱང་ཐོབ་པ་རེད། རྣམ་པ་ཚོའི་གསོལ་ལྕོགས་ཐོག་ལ་ཡོད་པའི་དེབ་དེ་ཉིན་ཤས་སྔོན་ལ་ལས་ཁུངས་ནས་ང་ལ་དེབ་ཁ་ཤས་གནང་བྱུང་བར་བལྟ་སྐབས་འགྲེམས་སྤེལ་བྱ་རྒྱུར་འོས་བབ་ཡོད་མེད་རང་ཉིད་ཀྱིས་ཤེས་ཀྱི་ཡོད་པར་བརྟེན་འགྲེམས་སྤེལ་བྱ་རྒྱུར་འོས་བབ་ཡོད་མེད་ཤེས་ཀྱི་མི་འདུག དེབ་འདི་ནི་ངོ་ཤེས་དང་ལས་བྱེད་ཁ་ཤས་ཀྱིས་ཚོར་བ་མཚོན་པའི་རྩོམ་ཡིག་ཕྱོགས་སྒྲིག་རེད་འདུག ང་སྐྱེས་ས་ནི་བོད་ཀྱི་ས་ཁུག་ལུང་ཁུག་གཅིག་ནང་ཡིན་པ་དང་། ད་ལྟ་བསམ་སྐབས་རང་ཉིད་བཙན་བྱོལ་ལ་སླེབས་པ་དེ་ནི་རྐྱེན་ངན་གྲོགས་ཤར་ལྟ་བུ་བྱུང་འདུག ང་ཆུང་དུས་སྐབས་ཀྱི་ཐལ་རྩེད་རྩེད་རོགས་ལོ་མཉམ་ཞིག་རྡོར་གདན་དུས་དབང་སྐབས་སུ་སླེབས་པ་ཐུག་འཕྲད་བྱུང་། ཁོང་གིས་བཤད་པ་དང་། ཁོང་གི་ཕྱིའི་རྣམ་པ་ལས་མཐོང་ཐོས་བྱུང་བར་གཞིགས་ན་རྒྱ་གཞུང་གིས་འགྲེལ་བརྗོད་བྱས་པ་ལྟར་མེད་པ་གསལ་པོ་རེད་འདུག ངའི་རོགས་པ་དེ་ནི་འབྲི་ཀློག་མ་ཤེས་པར་ཡིག་རྨོངས་སུ་ལུས་འདུག་ཀྱང་། རང་ཉིད་གཞུང་གི་བཀའ་དྲིན་གྱིས་ཡིག་རྨོངས་སུ་མ་ལུས་པར་སློབ་སྦྱོང་གི་གོ་སྐབས་ཐོབ་པ་རེད། རང་ཉིད་ད་བར་མི་ལོ་བཞི་བཅུའི་རིང་ལས་དོན་ནང་ཞུགས་པ་དང་ཕྱིས་སུ་ཆང་ས་རྒྱབ་པ་རེད། ངའི་བུ་མོས་ཐེངས་གཅིག་ང་ལ། པ་ལགས་ཁྱེད་རང་གི་ཆང་ས་དང་པོ་དེ་ལས་ཀ་མཉམ་དུ་རྒྱབ་པ་དང་། ཆང་ས་གཉིས་པ་ཨ་མ་ལགས་མཉམ་དུ་རྒྱབ་པ་རེད་ཅེས་བརྗོད་བྱུང་བ་བསམ་ཞིབ་བྱ་དགོས་ཞིག་བྱུང་། དགུང་གྲངས་མཐོ་བའི་ངའི་ཨ་མ་ལགས་དང་། བཟའ་ཟླས་ད་བར་རྒྱབ་སྐྱོར་ཇི་བྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་བར་བདེ་སྲུང་གི་ལས་དོན་ཐོག་གྲུབ་འབྲས་བྱུང་ཡོད་པ་ཡིན་ན། བདེ་སྲུང་ལས་ཁུངས་ཀྱི་སྐུ་བགྲེས་འདས་སོན་རྣམ་པ་དང་། ད་ལྟའི་ལས་བྱེད་ཡོངས་ཀྱིས་ཕྱག་རོགས་དང་འབད་བརྩོན་གནང་བ་ལས་བྱུང་པ་ཞིག་ཡིན།” སོགས་གསུང་སོང་བ་བཅས། གུས་པ་ལྔ་པའི་གཅིག་ཉིན་མཛད་སྒོར་བཅར་སྐབས་ཀྱི་དངོས་མཐོང་གནས་ཚུལ་དང་དེ་འབྲེལ་གྱི་སྐུ་པར་ཁག་ཅིག་དྲན་ཐོའི་ཚུལ་དུ་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཕ་རན་སིར་ཕྱིར་ལོག་བྱེད་ཁར་བྲེལ་འཚུབ་ངང་བཀོད་པའོ།

སྤེན་པ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་།

$
0
0

བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་འདུག

tibettimes

ད་ལྟ་རང་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩(༡) འོག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོ་དོན་ཚན་ ༡ ནང་གསེས་ ༣ བཅས་ཀྱི་དགོངས་དོན་ལྟར་དཔལ་ལྡན་བཀའ་ཤག་ནས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ཨ་རི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་དང་འབྲེལ་ཨ་རིའི་ལས་གཉེར་ཐོངས་མཆན་ཐོན་ཚེས་དང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ གང་སྔ་ནས་ལས་ཁུར་མགོ་འཛུགས་གནང་རྒྱུ་གནང་སོང་། ཞེས་གསལ་བསྒྲགས་གནང་སོང་།

གསར་འགོད་པས་ཁ་པར་བརྒྱུད་སྤྱི་འཐུས་ཚོགས་གཙོ་མཆོག་ལ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཁ་སང་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་དང་སྟབས་བསྟུན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་མཆོག་ཐུན་མོང་ནས་ཐུགས་ཐག་བཅད་པ་ལྟར། ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་རྒྱུ་ཡིན་པའི་བཀའ་ཕེབས་ཡོད་སྐོར་གསུངས་བྱུང་།

ཁ་ན་ཌའི་མེ་སྐྱོན་ཆེན་མོ།

$
0
0

ཁ་ན་ཌའི་ནུབ་རྒྱུད་མངའ་སྡེ་ཨལ་བྷར་ཊིའི་ནང་མེ་སྐྱོན་ཆེན་པོ་བྱུང་སྟེ་སྡོད་མང་ཁྲི་ ༩ མ་ཟིན་ཙམ་གྱིས་རང་ཁྱིམ་བསྐྱུར་ཏེ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་འདུག

Landscape_view_of_wildfire_near_Highway_63_in_south_Fort_McMurray_(cropped)ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་ཁ་ན་ཌའི་མངའ་སྡེ་ཨལ་བྷར་ཊི་(Alberta)ཡི་བྱང་ཤར་གྱི་ནགས་ཚལ་ཆེན་མོའི་ནང་མེ་སྐྱོན་བྱུང་སྟེ། ནགས་ཚལ་གྱིས་མཐའ་ནས་བསྐོར་བའི་གྲོང་ཁྱེར་ཧྥོར་ཊི་མེག་མཱ་རི་(Fort McMurray)ནང་ཚིག་སྐྱོན་ཆེན་པོ་བྱུང་ཡོད་པ་དང་། གྲོང་ཁྱེར་དེའི་ཡུལ་མི་དང་སི་རི་ཡ་ནས་ཡོང་བའི་སྐྱབས་བཅོལ་བ་བཅས་མི་གྲངས་ ༨ ༨༠༠༠ ལྷག་གིས་སྡོད་ཁྱིམ་རྒྱབ་ཏུ་བསྐྱུར་ཏེ་གནས་གཞན་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་། བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཐེངས་འདིའི་མེ་སྐྱོན་ཁྲོད་མི་ལ་ཤི་རྨས་བྱུང་མེད་ཀྱང་། སྡོད་ཁང་ ༡༦༠༠ ལྷག་གི་གཙོས་ཁང་རྩེག་དང་རླངས་འཁོར་སོགས་ལ་ཚིག་སྐྱོན་ཆེན་པོ་བྱུང་སྟེ། ཁ་ན་ཌའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མེ་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

མངའ་སྡེ་གཞུང་གིས་དཀའ་ངལ་འཕྲད་པའི་མི་མང་ལ་སྣེ་ལེན་གྱི་ལྟེ་གནས་ཁང་ ༨ གསར་འཛུགས་བྱས་ཏེ། སྡོད་ཁྱིམ་བསྐྱུར་ནས་བྲོས་བྱོལ་དུ་ཡོང་བའི་མི་མང་ལ་སྡོད་གནས་དང་བཟའ་བཏུང་གི་མཐུན་རྐྱེན་སྦྱོར་གྱི་ཡོད་པ་དང་སྦྲགས། མེ་གསོད་མི་སྣ་ ༡༠༠༠ ལྷག་དང་། ཐད་འཕུར་གནམ་གྲུ་ ༡༥༠ ཙམ། དེ་བཞིན་མེ་གསོད་གནམ་གྲུ་ ༢༢ བཅས་ཆེད་གཏོང་གིས་མེ་གསོད་ཐབས་བྱེད་བཞིན་ཡོད་ཀྱང་། བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། སྡོད་མང་ཁུལ་གྱི་མེ་སྐྱོན་ཚོད་འཛིན་བྱེད་ཐུབ་ཡོད་ཀྱང་། ཚ་བ་དང་སྐམ་གཤིས་ཆེ་བ། ལྷག་རླུང་རྒོད་པའི་རྒྱུན་ལྡན་མིན་པའི་གནམ་གཤིས་ཀྱིས་ནགས་ཚལ་ཁུལ་གྱི་མེ་ཤུགས་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་བར་ས་ཁྱོན་སྤྱི་ལེ་ཆིག་སྟོང་ལྷག་མེ་ཡིས་ཚིག་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཁ་ན་ཌའི་སྲིད་བློན་ཇ་སི་ཊིན་ཊིར་ཌོ་(Justin Trudeau) ལགས་ཀྱིས་གྲོས་ཚོགས་ནང་། རྒྱ་གྲམ་དམར་པོའི་ཚོགས་པ་ནས་དྲ་རྒྱ་དང་ཁ་པར་སོགས་ཀྱི་བརྒྱུད་ལམ་ནས་རོགས་དངུལ་བསྡུ་རུབ་བྱེད་བཞིན་ཡོད་པ་དང་། རྒྱ་གྲམ་དམར་པོ་ཚོགས་པས་རོགས་དངུལ་ཅི་ཙམ་བསྡུ་ཐུབ་ན། སྲིད་གཞུང་ནས་གྲངས་འབོར་དེ་རང་གི་རོགས་དངུལ་སྤྲོད་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

དབྱར་ཀའི་གུང་གསེང་སྐབས་བོད་ཡིག་སྦྱོངས་ཨཱ།

$
0
0

རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ལོ་ལྟར་འཚོགས་བཞིན་པའི་དབྱར་ཀའི་གུང་གསེང་སྐབས་འཚོགས་བཞིན་པའི་སློབ་ཕྲུག་ཚོའི་བོད་ཡིག་ཟུར་སྦྱོང་འཛིན་གྲྭ་དེ་མགོ་འཛུགས་གནང་ཡོད་འདུག

ཟླ་འདིའི་ཚེས་ ༦ ཉིན་ནས་བཟུང་། རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབས་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་རུ། རྒྱ་གར་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་ཀྱི་བོད་པའི་སློབ་ཕྲུག་ཚོར་དབྱར་ཀའི་གུང་གསེང་དང་བསྟུན་ཏེ། ལོ་ལྟར་གོ་སྒྲིག་གནང་བཞིན་པའི་སློབ་ཁྲིད་འཛིན་གྲྭ་སྐབས་དྲུག་པ་དེ་མགོ་འཛུགས་གནང་ཡོད་འདུག

འདི་ལོའི་ཟུར་སྦྱོང་འཛིན་གྲྭར་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནས་སློབ་ཕྲུག་ ༥༠ དང་སྦེལ་ཀོབ་ནས་སློབ་ཕྲུག་ ༢༠ ། ཧུན་སུར་ནས་སློབ་ཕྲུག་ ༩༠ བཅས་འཛིན་རིམ་ལྔ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་ཁྱོན་ ༢༠༠ ལ་ཉེ་བ་ཡོད་འདུག ཐེངས་འདིའི་ཟུར་སྦྱོང་དེ་ཟླ་བ་རྗེས་མའི་ཚེས་ ༦ ཉིན་བར་དུས་ཡུན་ཟླ་བ་གཅིག་ཡིན་པ་དང་། དེའི་རིང་བོད་ཀྱི་སྐད་ཡིག་དང་རིགས་ལམ། ནང་ཆོས་ངོ་སྤྲོད་སོགས་གནང་རྒྱུ་དང་ཕྱི་དྲོར་རིགས་ལམ་གྱི་རྩོད་པ་སོགས་གནང་འཆར་ཡོད་པ་རེད།

གངས་ཅན་རིག་གནས་སློབ་གྲྭའི་སློབ་དགེ་ཡོན་ཏན་ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། ཟུར་སྦྱོང་འཛིན་གྲྭ་འདིའི་སློབ་ཁྲིད་བྱེད་ཐབས་ནི། འཛིན་རིམ་ཁག་གསུམ་ལ་ཆ་བགོས་ཀྱིས་སློབ་འཁྲིད་གནང་གི་ཡོད་པ་མ་ཟད། ཉིན་དང་པོའི་དབུ་འཛུགས་སྟེང་སློབ་སྤྱི་དང་དགེ་རྒན་ཚོས་སྒྲིག་ལམ་ཀུན་སྤྱོད་སོགས་ཉིན་རེའི་བྱེད་སྒོ་ཁག་ངོ་སྤྲོད་དང་རྒྱུད་སྨད་གྲ་ཚང་ལ་མཆོད་མཇལ་སོགས་གནང་ཡོད་འདུག

ཁོང་གིས་མུ་མཐུད་དུ་ངོ་སྤྲོད་གནང་བར། རྒྱུད་སྨད་གྲ་ཚང་གངས་ཅན་རིག་གནས་སློབ་གྲྭའི་བོད་ཀྱི་རིག་གནས་ཟུར་སྦྱོང་འཛིན་གྲྭ་འདི་༧གོང་ས་མཆོག་གི་བཀའ་དགོངས་ལྟར་ ༢༠༡༠ ལོ་ནས་དབུ་འཛུགས་ཀྱིས་ད་བར་ལོ་ངོ་དྲུག་འགྲོ་བཞིན་ཡོད་དང་། དབྱར་ཀའི་གུང་གསེང་སྐབས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་བོད་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་ཉིན་ ༥༠ རིང་སློབ་འཁྲིད་དང་། དགུན་ཁའི་གུང་གསེང་སྐབས་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་སློབ་འཁྲིད་གནང་གི་ཡོད་པ་མ་ཟད། སློབ་རྒྱུན་རིང་གི་ཞལ་ལག་དང་བཞུགས་གནས་ཡོངས་རྫོགས་རིན་མེད་ཐོག་གོ་སྒྲིག་གནང་གི་ཡོད་འདུག

13165830_1736696276542587_6477419580553018686_n (1) 13173667_1736695349876013_5857846158991522605_n 13174231_1736696203209261_5795370749952636182_n (1)

རྒྱ་གར་ལྷོ་ཕྱོགས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

Viewing all 4854 articles
Browse latest View live


<script src="https://jsc.adskeeper.com/r/s/rssing.com.1596347.js" async> </script>