Quantcast
Channel: བོད་ཀྱི་དུས་བབ།
Viewing all articles
Browse latest Browse all 4854

མ་ཡོན་གྱིས་བོད་ནང་སློབ་གསོའི་རོགས་སྐྱོར་བྱ་རྒྱུ་ཡིན་འདུག

$
0
0

རྒྱ་ནག་གི་ཕྱུག་བདག་ཆེན་མོ་མ་ཡོན་ཐེབས་རྩ་ཁང་གིས་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་སློབ་སྤྱི་དང་དགེ་རྒན། སློབ་ཕྲུག་བཅས་མི་གྲངས་ ༣༠༠༠ ལྷག་ལ་རོགས་རམ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུགཁ་སང་རྒྱ་ནག་གི་ཕྱུག་བདག་ཆེན་མོ་མ་ཡོན་ཐེབས་རྩ་ཁང་གིས། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་དགེ་རྒན་ཚོར་ཟབ་སྦྱོང་སྤྲོད་པ་སོགས་སློབ་གསོའི་རོགས་སྐྱོར་ཆེད་རྒྱ་སྒོར་ས་ཡ་ ༡༠༠ གཏང་རྒྱུ་ཡིན་འདུག་ལ། འདི་ནི་ཕྱི་ལོ་ ༢༠༡༧ ལོ་ནས་མ་ཡོན་ཐེབས་རྩ་ཁང་གིས་སློབ་གསོའི་ཐོག་འགྲོ་གྲོན་ཤུགས་ཆེན་གཏོང་རྒྱུ་བྱས་པའི་ཆ་ཤས་ཤིག་ཡིན་སྐོར་བསྒྲགས་འདུག

མ་ཡོན་ཐེབས་རྩ་ཁང་གི་སྤྱི་ཁྱབ་དྲུང་ཡིག་ཡས་ཤུ་ཧོང་(Yu Xiuhong)ཞེས་པ་ཞིག་གིས། ང་ཚོས་ལྷ་ས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭར་དགེ་རྒན་ཟབ་སྦྱོང་ལྟེ་གནས་ཤིག་བཙུགས་ཏེ། མ་འོངས་པའི་ལོ་ངོ་ ༡༠ རིང་བོད་ཀྱི་སྤྱི་བཏང་སློབ་མ་ཁྱོན་ ༨༠༠ དང་དགེ་རྒན་ ༡༤༠༠།  དེ་བཞིན། སློབ་སྤྱི་ ༡༠༠༠ བཅས་ལ་རོགས་རམ་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

མ་ཡོན་ཐེབས་རྩ་ཁང་གི་འཆར་གཞི་ལྟར་ན། ལྷ་ས་དགེ་འོས་མཐོ་རིམ་ཆེད་གཉེར་སློབ་གྲྭའི་དགེ་རྒན་ཚོ་རྒྱ་ནག་གི་ཞིང་ཆེན་གཞན་གྱི་སློབ་གྲྭ་ཁག་གི་དགེ་རྒན་ཟབ་སྦྱོང་ལས་གཞིའི་ནང་ཞུགས་འཇུག་རྒྱུ་ཡིན་པ་དང་།  ཕྱི་ལོ་ ༢༠༡༧ ལོར་མ་ཡོན་ཐེབས་རྩ་ཁང་གིས་ཡོངས་བསྒྲགས་བྱས་པ་ལྟར། གྲོང་ཁྱེར་གྱི་སློབ་གསོའི་ཐོག་སྔར་ལྷག་རམ་འདེགས་བྱས་ཏེ། སློབ་མཐར་ཕྱིན་པ་རྣམས་ནས་གྲོང་གསེབ་དང་ས་ཆ་ཁུག་ཀྱོག་ཁག་གི་སློབ་གསོ་འཕེལ་རྒྱས་གཏོང་ཐབས་སུ་དམིགས་པ་ཡིན་ལུགས་བརྗོད་ཡོད་པ་རེད།

སློབ་གསོའི་ལས་གཞི་འདི་དང་འབྲེལ་ཏེ། འདི་ལོའི་ཕྱི་ཟླ་ ༡ པོའི་ནང་། རྒྱ་ནག་གིས་ཆ་བགོ་བྱས་པའི་སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཐུབ་བསྟན་རྒྱ་མཚོ་ཞེས་པའི་བོད་རིགས་དགེ་རྒན་ཞིག་གིས།  ས་ཁུག་ཀྱོག་གི་གྲོང་གསེབ་ཞིག་ཏུ་སློབ་མ་ཚོར་དྭང་བླངས་ཐོག་སློབ་གསོ་སྤྲད་པར་རྒྱ་སྒོར་ཁྲི་ ༡༠༠ ཡི་གཟེངས་བསྟོད་བྱ་དགའ་སྤྲད་ཡོད་པ་དང་། གཟེངས་བསྟོད་ཀྱི་ལས་གཞི་དེ་མ་ཡོན་ཐེབས་རྩ་ཁང་གིས་ཕྱི་ལོ་ ༢༠༡༥ ལོར་ཐོག་མར་མགོ་བཙུགས་ཏེ་ལོ་རེར་རྒྱ་ནག་ནང་གཟེངས་སུ་ཐོན་པའི་དགེ་རྒན་ ༡༠༠ ལ་ཆེད་བསྟོད་གཟེངས་རྟགས་དང་རྒྱ་སྒོར་ཁྲི་ ༡༠༠ རེའི་བྱ་དགའ་སྤྲོད་རྒྱུ་བྱས་པ་ཞིག་འདུག

མ་ཡོན་ཐེབས་རྩ་ཁང་ནི་ཕྱི་ལོ་ ༢༠༡༤ ལོར་ཐོག་མར་བཙུགས་ཤིང་། འདས་ལོའི་ཕྱི་ཟླ་ ༩ པའི་ནང་མ་ཡོན་ཨ་ལི་བྷ་བྷ་ཚོང་ལས་ཁང་གི་སྤྱི་གཉེར་བའི་ལས་གནས་ནས་རྩ་དགོངས་ཞུས་རྗེས། ཁོས་སེམས་ཁམས་དང་སློབ་གསོའི་ཐོག་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བརྗོད་དེ། མ་ཡོན་ཐེབས་རྩ་ཁང་གི་འགན་འཛིན་གྱི་ལས་ཀ་གཉེར་ཏེ་ད་བར་རྒྱ་ནག་ནང་སློབ་གསོའི་ཐོག་ལས་གཞི་དུ་མ་ཞིག་སྤེལ་བཞིན་ཡོད་འདུག་ལ། དེ་སྔོན་དབྱིན་ཡིག་དགེ་རྒན་ཞིག་ཡིན་པ་དང་། ཁོང་དགེ་རྒན་གྱི་ལས་རིགས་ཐོག་དབྱིངས་ཡོད་མཁན་ཞིག་ཡིན་འདུག

ཕྱུག་བདག་ཆེན་མོ་མ་ཡོན་ལགས་ཕྱི་ལོ་ ༡༩༦༤ ཟླ་ ༡༠ ཚེས་ ༡༥ ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་རུ་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་།  ཆུང་དུས་ནས་དབྱིན་ཡིག་སྦྱོང་བར་དགའ་མོས་ཆེ་བ་ལྟར་ཧང་ཀྲོའུ་དགེ་རྒན་སློབ་ཆེན་དུ་སློབ་ཞུགས་ཀྱིས་ཕྱི་ལོ་ ༡༩༨༨ ལོར་དབྱིན་སྐད་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་ཏེ། དགེ་རྒན་གྱི་ལས་ཀ་གཉེར་ཡོད་ཀྱང་། ཕྱིས་སུ་དྲ་ཐོག་ཚོང་ལས་ཐོག་དོ་དབྱིངས་བསླེབས་ཏེ་མ་རྩ་ཆུང་བའི་ཚོང་ལས་ཙག་ཙིག་ལ་ཞུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༨ ནང་འཛམ་གླིང་གི་དཔལ་འབྱོར་དུས་དེབ་གྲགས་ཆེ་ཤོས་ཧྥོར་བྷི་སི་(Forbes)ཡི་ཐེར་འབུམ་གྱི་བདག་པོ་ཞེས་པའི་ལེ་ཚན་ནང་དུ་ཨེ་ཤ་ཡའི་ཚོང་འབྲེལ་ཀུན་གྱི་མ་རྐང་དང་། ཡོང་འབབ། མ་འཇོག་ཐོབ་ཆ་བཅས་ཞིབ་བསྡུར་བྱས་ཏེ། ཨ་ལི་བྷ་བྷའི་སྦྱིན་བདག་ཆེན་མོ་ཁོང་ཨེ་ཤ་ཡའི་ཕྱུག་བདག་ཨང་དང་པོར་གྱུར་ཡོད་པ་དང་། ད་ལྟ་མ་ཡོན་ནི་ཨ་སྒོར་ཐེར་འབུམ་ ༣༥།༦  ཅན་གྱི་ཕྱུག་བདག་ཅིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post མ་ཡོན་གྱིས་བོད་ནང་སློབ་གསོའི་རོགས་སྐྱོར་བྱ་རྒྱུ་ཡིན་འདུག appeared first on བོད་ཀྱི་དུས་བབ།.


Viewing all articles
Browse latest Browse all 4854


<script src="https://jsc.adskeeper.com/r/s/rssing.com.1596347.js" async> </script>