Quantcast
Channel: བོད་ཀྱི་དུས་བབ།
Viewing all articles
Browse latest Browse all 4854

ཤེས་རིག་བརྡ་ཆད་ལྟ་བཤེར་མཉེན་ཆས་དབུ་འབྱེད་གནང་།

$
0
0

ཤེས་རིག་བརྡ་ཆད་ཚན་པའི་བརྡ་ཆད་དཔེ་དེབ་དབུ་འབྱེད་ཐོག་ཤེས་རིག་བཀའ་བློན་མཆོག་ནས་སྐད་ཡིག་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་གཞོན་སྐྱེས་རྣམས་ཀྱིས་བེད་སྤྱོད་མ་བྱས་པས་ཡིན་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། གངས་སྐྱིད་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྡ་ཆད་ཚན་པས་བརྡ་ཆད་དེབ་ཕྲེང་བཅུ་གཉིས་དང་བརྡ་ཆད་ལྟ་ཀློག་བྱེད་སའི་(TibTerm)ཞེས་པའི་ཁ་པར་མཉེན་ཆས་ཤིག་བཅས་དབུ་འབྱེད་གནང་སོང་བ་དང་། དབུ་འབྱེད་མཛད་སྒོའི་སྟེང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས། དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་དང་འགན་འཛིན་ལས་ཚབ་དང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམས་བཅས་འཛོམས་འདུག

དབུ་འབྱེད་མཛད་སྒོའི་ཐོག་མར་ཤེས་རིག་བརྡ་ཆད་ཚན་པས་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ནས་བརྡ་ཆད་གཏན་འབེབབ་བྱེད་ཕྱོགས་དང་། བརྡ་ཆད་ཚན་པ་ནས་ད་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་མང་ཚོགས་ལ་ཐ་སྙད་ཐོག་གོ་རྟོགས་ཇི་ལྟར་སྤེལ་ཐུབ་ཡོད་སྐོར་ངོ་སྤྲོད་གནང་རྗེས། ཤེས་རིག་དྲུང་ཆེ་ལགས་ནས་བརྡ་ཆད་དེབ་ཕྲེང་བཅུ་གཉིས་དབུ་འབྱེད་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ལས་འགན་གཙོ་བོ་དེ། བོད་མི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་དང་བོད་ཀྱི་སྐད་ཡིག་ཐོག་དོ་སྣང་བྱེད་རྒྱུ་དེ་ཡིན་པ་དང་། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་རྒྱུན་འཛིན་སླད་ཤེས་རིག་བརྡ་ཆད་ཚན་པ་གསར་བཙུགས་གནང་བ་ཞིག་ཡིན་པ་དང་། ཤེས་རིག་བརྡ་ཆད་ཚན་པས་ད་བར་བརྡ་ཆད་དེབ་ཕྲེང་བཅུ་གཉིས་གཏན་འབེབས་གནང་ཟིན་ཡོད་པ་རྣམས་མང་ཚོགས་ཁྲོད་བཀྲམས་ཡོད་པ་དང་། མི་མང་གིས་དེ་དག་བེད་སྤྱོད་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། མི་མང་གིས་བེད་སྤྱོད་མ་བྱས་ཚེ་ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་ཟིན་པའི་བརྡ་ཆད་རྣམས་ཕན་མེད་དུ་འགྱུར་རྒྱུ་ཡིན་པས། ཐ་སྙད་གཏན་འབེབས་དེ་དག་སྤྱི་ཚོགས་ནང་གཅིག་གྱུར་གྱི་ལམ་ནས་བདེ་སྤྱོད་གཏོང་དགོས་སྐོར་བརྗོད་སོང་།

དེའི་རྗེས་ཤེས་རིག་བཀའ་བློན་མཆོག་ནས་བརྡ་ཆད་མཉེན་ཆས་དབུ་འབྱེད་དང་འབྲེལ་འཛམ་གླིང་གི་སྐད་ཡིག་ཁག་བེད་སྤྱོད་ག་འདྲ་ཡོད་མེད་འཚོལ་བཤེར་བྱེད་ས་དང་བོད་ཀྱི་སྐད་ཡིག་དེ་སྒྲ་གཟུགས་གཉིས་ལྡན་གྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཅིག་ཡིན་པའི་སྐོར་ལ་མོས། རྒྱལ་སྤྱིའི་སྟེང་མི་རིགས་རྩད་ཞིབ་རིག་པ(ethnologue.com)ཞེས་པའི་དྲ་ཚིགས་ཤིག་ཡོད་པ་དང་། དྲ་ཚིགས་དེའི་དམིགས་ཡུལ་གཙོ་བོ་འཛམ་གླིང་གི་སྐད་ཡིག་ཁག་བེད་སྤྱོད་གཏོང་བཞིན་པ་དག་གི་གྲངས་འབོར་གསལ་བཏོན་དང་། སྐད་ཡིག་རྣམས་ཉམས་རྒུད་དུ་སོང་བ་རྣམས་སྲུང་སྐྱོབ་དང་དར་སྤེལ་གྱི་ལས་དོན་སོགས་གཉེར་གྱི་ཡོད་པ་དང་། གཞན་ཡང་དྲ་ཚིགས་དེ་འཛམ་གླིང་ནང་སྐད་ཡིག་ཇི་ཙམ་ཡོད་མེད་སོགས་འཚོལ་བཤེར་བྱེད་སའི་ཁུངས་གཏུགས་བྱེད་ས་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་སྐོར་དང་། བོད་ཀྱི་སྐད་ཡིག་དེ་ རྒྱལ་ཁབ་གཞན་དང་མི་འདྲ་བར་བོད་ཀྱི་སྐད་ཡིག་ལ་སྐད་གདངས་དང་འབྲི་གཟུགས་ཡོད་པས་སྐད་ཡིག་ཕྱུག་པོ་ཡིན་པ་དང་། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་པ་ལྟར་སྐད་ཡིག་མེད་ན་རིག་གཞུང་རྒྱུན་འཛིན་བྱེད་མི་ཐུབ་པ་དང་། བོད་ཀྱི་སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་དེ་བོད་པ་ཚོས་ལས་འགན་དང་། སློབ་ཕྲུག་ཚོས་བོད་ཡིག་བོད་སྐད་རྩ་ཆེན་དུ་རྩིས་ཏེ་བོད་ཡིག་ལ་སློབ་སྦྱོང་འབད་བརྩོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་བོད་པ་ཚོས་བོད་སྐད་བཤད་རྒྱུ་གལ་ཆེན་པོ་ཆགས་ཡོད་པ་དང་། སྐད་ཡིག་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་བོད་མི་གཞོན་སྐྱེས་རྣམས་ནས་རང་གི་སྐད་ཡིག་བེད་སྤྱོད་མ་བྱས་པའི་རྐྱེན་གྱིས་ཡིན་སྐོར་གསུངས་སོང་།

མཇུག་ཏུ་ཤེས་རིག་བརྡ་ཆད་ཚན་པའི་ལས་བྱེད་དབུ་མ་བ་འཕྲིན་ལས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སོང་བ་དང་། འདི་ལོའི་ཕྱི་ཟླ་ ༦ ཟླ་མཇུག་ནས་ཤེས་རིག་བརྡ་ཆད་ཚན་པས་རྒྱ་གར་ལྷོ་ཕྱོགས་བོད་མིའི་སློབ་གྲྭ་ཁག་དང་མང་ཚོགས་ཁྲོད་བརྡ་ཆད་གཏན་འབེབས་དང་བེད་སྤྱོད་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

The post ཤེས་རིག་བརྡ་ཆད་ལྟ་བཤེར་མཉེན་ཆས་དབུ་འབྱེད་གནང་། appeared first on བོད་ཀྱི་དུས་བབ།.


Viewing all articles
Browse latest Browse all 4854


<script src="https://jsc.adskeeper.com/r/s/rssing.com.1596347.js" async> </script>