Quantcast
Channel: བོད་ཀྱི་དུས་བབ།
Viewing all articles
Browse latest Browse all 4854

ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོ།

$
0
0

ཉེ་སྔོན་འདི་གའི་གསར་འགོད་པ་སུ་ཇཱ་བོད་ཁྱིམ་དུ་ཕྱིན་ཏེ་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོ་ཞེས་པའི་ལས་གཞི་དེར་རྒྱུས་ལོན་བྱས་པ་ཡིན་ལ། ལས་གཞི་དེ་བརྒྱུད་སློབ་གླིང་དེའི་དགེ་རྒན་དང་མ་ཚབ་རྣམ་པ། དེ་བཞིན་སློབ་ཕྲུག་བཅས་ཀྱིས་ཡ་རབས་བཟང་སྤྱོད་གོང་སྤེལ་གཏོང་ཕྱོགས་སྐོར་གྱི་ཕྱག་དེབ་ལ་ལྟ་ཀློག་དང་བགྲོ་གླེང་། ཉེ་འཁོར་རྒན་གསོ་ཁང་དང་སྨན་ཁང་སོགས་སུ་བྱམས་དང་སྙིང་རྗེ་ཡི་སྤྱོད་པ་ཉམས་སུ་མྱོང་བའི་བྱེད་སྒོ་འདྲ་མིན་སྤེལ་བཞིན་འདུག

བྱེད་སྒོ་དེ་དག་གི་མྱུ་གུ་འབུས་སའམ་མགོ་འཛུགས་ས་ནི་སློབ་གླིང་དེར་ཡོད་པའི་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་དཔེ་ཀློག་ཁང་ཞེས་པ་དེ་ཡིན་སྟབས། གསར་འགོད་པ་ཆེད་དུ་དཔེ་ཀློག་ཁང་དེར་ཕྱིན་པ་ཡིན།  ཧ་ཅང་དཀྱུས་མ་ཞིག་ནས་དམིགས་བསལ་བ་ཞིག་ཏུ་བསྐྲུན་པའི་འཛིན་ཁང་དེའི་མདུན་ཕྱོགས་ཀྱི་གྱང་ངོས་སུ་ནག་པང་དཀྱུས་རིང་པོ་ཞིག་དང་། དེའི་སྒང་ལ་གཟབ་ནན་གྱིས་གཟིགས་བསྡད་ཡོད་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཆེན་པོ་ཞིག་བཤམ་འདུག་ལ། འཛིན་ཁང་གི་གཡས་གཡོན་ཀུན་དུ་དཔེ་སྒྲོམ་ཆུང་ངེ་བ་བཅུ་གྲངས་ཤིག་གི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་བོད་རྒྱ་དབྱིན་གསུམ་གྱི་བརྩམས་ཆོས་མ་འདྲ་བ་གྲངས་ ༢༠༠ མ་ཟིན་ཙམ་ཞིག་དང་། ནག་པང་གི་གཡོན་ཕྱོགས་སུ་༧གོང་ས་མཆོག་གི་བཀའ་སློབ་ལ་ལྟ་ཉན་བྱེད་པའི་བརྙན་འཕྲིན་འབྲིང་ཙམ་ཞིག་དང་།  རྩིག་གྱང་ངོས་སུ་རྒྱལ་སྤྱིའི་གསར་ཁང་ཁག་གི་ཡིག་ཐོག་བཅར་འདྲི་དང་མཛད་འཕྲིན་གལ་ཆེན་རིགས། དེ་བཞིན་ཀློག་བདེ་པོ་ཡོང་ཆེད་བཀའ་སློབ་ཚན་པ་ཁག་སྦྱར་འདུག གཞན་ཡང་།  མཚམས་རེར་ཕྱི་ནས་གདན་འདྲེན་ཞུས་པའི་བརྩམས་ཆོས་སྐོར་གྱི་གསུང་བཤད་པ་རྣམས་ལ་འབུལ་བའི་ལས་རྟགས་ཅན་གྱི་ཇ་ཕོར་འགའ་ཡོད་པ་ལས་འབྲེལ་མེད་ཀྱི་ཅ་དངོས་གང་ཡང་མཐོང་རྒྱུ་མི་འདུག་པས། འཛིན་ཁང་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཕྱག་དེབ་ལྟ་ཀློག་ཁོ་ནར་དམིགས་པ་ཞིག་ཡིན་པ་ནང་དུ་འཛུལ་བ་དང་གསལ་པོ་ཤེས་ཐུབ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བརྩམས་ཆོས་ཀློག་པ་པོའི་ལས་གཞི་དེ་ནི་བོད་ནས་སྐྱེས་ཤིང་ལོ་ ༨ ཙམ་ཐོག་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བའི་སུ་ཇཱའི་སྤྱི་ཚོགས་ཚན་རིག་དགེ་རྒན་ངག་དབང་ཚེ་བརྟན་ལགས་གྱིས་ལོ་བཞིའི་ཡར་སྔོན་དུ་སློབ་གྲྭའི་འཛིན་སྐྱོང་གི་ཆོག་མཆན་འོག་མགོ་འཛུགས་གནང་པ་ཞིག་རེད་འདུག་ལ། དང་ཐོག་དགེ་རྒན་དཀྱུས་མ་ཁོང་ལྟ་བུ་ཞིག་ལ་བརྩམས་ཆོས་ཀློག་པ་པོ་ ༡༠༠ ལྷག་ལ་ཕྱག་དེབ་མཁོ་སྤྲོད་བྱེད་པའི་ནུས་པ་མེད་སྟབས། སློབ་གྲྭའི་དཔེ་མཛོད་ཀྱི་ཕྱག་དེབ་ཁག་ཀློག་པར་སྐུལ་ཡོད་པ་དང་། རིམ་གྱིས་སྟབས་བདེ་རུ་བཏང་སྟེ་ནང་དོན་འདྲ་མིན་ཡོད་པའི་ཤོག་ངོས་གཅིག་ཅན་གྱི་གསུང་དུམ་མང་པོ་དཔར་ཏེ། གུང་ཟས་ཀྱི་རྗེས་སུ་འཛིན་གྲྭའི་གཡས་གཡོན་དུ་སྐར་མ་འགའི་ནང་ཀློག་འདོད་ཡོད་མཁན་ཚོར་ཀློག་ཏུ་བཅུག་པ་དང་། རིམ་གྱིས་ཕྱག་དེབ་གསར་པ་ཉོ་བར་སྦྱིན་བདག་བྱེད་མཁན་དང་རང་ཉིད་ཀྱིས་བཀླགས་ཟིན་པའི་ཕྱག་དེབ་ཞལ་འདེབས་སུ་གནང་མཁན་གང་འཚམ་བྱུང་བ་མ་ཟད། སློབ་གྲྭའི་འཛིན་སྐྱོང་ནས་ཀྱང་ཆེད་དུ་འཛིན་ཁང་ཞིག་མཁོ་སྤྲོད་གནང་ཡོད་པ་དང་། ཐའེ་ཝན་ནས་ཡིན་པའི་བུད་མེད་ཅིག་གིས་འཛིན་ཁང་ནང་ལོགས་སུ་བཟོ་བཅོས་བྱེད་པར་རོགས་དངུལ་སྤྲད་པ་དང་། དེ་བཞིན་སུ་ཇཱའི་སློབ་ཟུར་འགས་གདན་སོགས་ཞལ་འདེབས་སུ་ཕུལ་ཏེ། དཔེ་ཀློག་ཁང་དེ་མིང་དོན་དང་མཚུངས་བའི་དཔེ་ཀློག་གི་ཁོར་ཡུག་སྤྲོ་སྣང་ལྡན་པ་ཞིག་ཆགས་འདུག་ལ། ད་ལྟ་ནང་གི་འཆར་འགོད་ཙམ་མིན་པར་འཆར་ཅན་ལྟར་གཟའ་མཇུག་ནམ་ཡིན་ལ་ཁོར་ཡུག་ཆུང་ཆུང་དེའི་ནང་དཔེ་ཀློག་དང་བགྲོ་གླེང་། བསམ་ཚུལ་བརྗེ་ལེན་སོགས་བྱེད་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧ ལོར་༧གོང་ས་མཆོག་གི་ཕྱག་དེབ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་གི་ལོ་དང་། ཕྱི་ལོ་ ༢༠༡༨ ལོར་བཙན་བྱོལ་ནང་གི་རང་དབང་གི་ལོར་རྩིས་ཏེ་ཆེད་དུ་ལོ་འཁོར་བགྲོ་གླེང་དང་གཏམ་བཤད་སོགས་གོ་སྒྲིག་གནང་འདུགགསར་འགོད་པས་ལས་གཞི་དེའི་སྐོར་ལ་རྒན་ངག་དབང་ཚེ་བརྟན་ལགས་དང་ལྷན་དུ་ཁ་བརྡ་བྱེད་སྐབས་ཁོང་གིས། འདོད་མོས་བཞིན་དགེ་ལས་ཚོ་ལའང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཕྱག་དེབ་བཀྲམས་ཏེ་བདུན་ཕྲག་འགའི་རྗེས་བགྲོ་གླེང་བྱེད་པ་དང་། མ་ཚབ་ཚོས་བྱིས་པ་སྐྱོང་དུས་བྱམས་བརྩེ་དགོས་པ་དང་བྱིས་པ་ཚོར་དབྱེ་འབྱེད་མེད་པ་བྱ་རྒྱུ་དེ་གལ་ཆེན་མཐོང་སོང་པས། གཅིག་མཚུངས་སུ་ཁྱིམ་ཚང་གི་མ་ཚབ་ཚོས་ཕྱག་དེབ་ཁག་ལས་བྱམས་བརྩེ་དང་དྲང་བདེན་ཅེས་པའི་དོན་ཚན་ཟུར་འདོན་གྱིས་ལྟ་ཀློག་གནང་རྗེས་མཉམ་དུ་འཛོམས་ཏེ་དེའི་སྐོར་ལ་གོ་བསྡུར་བྱེད་་པ་དང་།  མ་ཚབ་ཚོས་ཀྱང་རང་ཉིད་ཀྱི་ཉམས་མྱོང་བཤད་རེས་བྱས་ཏེ། བྱམས་བརྩེ་དང་དྲང་བདེན་སྐོར་ལ་བརྩམས་ཆོས་ཀློག་རྒྱུར་དབྱིངས་བསླེབས་སོང་ལ་ཕན་ཐོགས་ཆེན་པོ་བྱུང་སོང་ཟེར་མཁན་བྱུང་བས། ལས་གཞི་འདིའི་ཁྲོད་ནས་རང་ཉིད་འདོད་པ་ཁེངས་ཤོས་དེ་བྱུང་སོང་། ཅེས་བརྗོད་བྱུང་།

ཡང་རྒན་ངག་དབང་ཚེ་བརྟན་ལགས་ཀྱིས། ༧གོང་ས་མཆོག་གི་དགོངས་པ་ནི་ཧ་ཅང་རྒྱ་ཆེན་པོ་ཡིན་པ་དང་། འཛམ་གླིང་གི་དབུ་འཁྲིད་མང་པོར་མཇལ་འཕྲད་གནང་བ་དང་ཕྱོགས་གང་ཅིའི་ཐད་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་སྟབས། སྤྱིར་འགྲོ་བ་མི་དང་ཡང་སྒོས་སུ་བོད་མིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་ཀྱི་དཀའ་ངལ་ཆེ་མ་ཆུང་གསུམ་མཐའ་དག་སེལ་ཐབས་སུ་རིན་པོ་ཆེའི་བཀའ་དགོངས་ལས་ལྷག་ང་ཚོར་རིག་པ་གཏོང་རྒྱུ་མེད་པ་ལྟ་བུ་ཞིག་དང་། འཛམ་གླིང་སྤྱིའི་དཀའ་ངལ་ཁག་སེལ་ཐབས་ཀྱི་ལམ་སྟོན་སྤུས་དག་ཤོས་དང་སྟབས་བདེ་ཤོས། མགྱོགས་ཤོས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བརྩམས་ཆོས་ནང་ཡོད་པས། མི་ཚང་མས་༧གོང་ས་མཆོག་གི་བརྩམས་ཆོས་ཀློག་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད་སྐོར་བརྗོད་བྱུང་།རྒན་ངག་དབང་ཚེ་བརྟན་ལགས་དང་དྭང་བླངས་དགེ་རྒན་འགས་སྣེ་འཁྲིད་པའི་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོའི་ལས་གཞི་དེའི་དམིགས་ཡུལ་གཙོ་བོ་ནི་སྐུ་མདུན་གྱི་བརྩམས་ཆོས་དག་ཀློག་པ་དང་ལྟ་ཉན་བྱེད་པ་དང་། དེའི་ཐོག་ཕན་ཚུན་གོ་བསྡུར་དང་བསམ་ཚུལ་སྤེལ་རེས་བྱེད་པ། ལྟ་ཀློག་དང་གོ་བསྡུར་བྱས་པ་རྣམས་འཚོ་བ་དངོས་ནང་ལག་ལེན་བྱེད་པ་དང་། སྤྱི་ཚོགས་ཁྱོན་ཡོངས་དང་ཁྱད་པར་སློབ་གྲྭ་དང་དགོན་སྡེའི་ནང་དཔེ་ཀློག་གི་གོམས་གཤིས་སྤེལ་ཐབས་བཅས་ཡིན་པ་ལྟར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བརྩམས་ཆོས་རྣམས་བཀླགས་རྗེས་སློབ་མ་སོ་སོའི་འདོད་མོས་ལྟར་སློབ་གྲྭའི་གཡས་གཡོན་གྱི་རྒས་གསོ་ཁང་སོགས་སུ་རོགས་རམ་བྱེད་དུ་འགྲོ་ཡི་ཡོད་པ་དང་། སློབ་གྲྭའི་གུང་གསེང་སྐབས་ཁྱིམ་མཚེས་སོགས་ཉེ་འཁོར་གྱི་རོགས་རམ་མཁོ་མཁན་ལ་རོགས་པ་བྱེད་པ་དང་རེ་འགས་སྨན་ཁང་ལ་སོང་ནས་ནད་པར་ལྟ་རྟོག་བྱེད་ཀྱི་ཡོད་པ་དང་། འཚོ་བ་དངོས་ཀྱི་ཉམས་མྱོང་རྣམས་བསགས་རྗེས་བསྐྱར་དུ་དེའི་ཐད་ལ་བསམ་ཚུལ་བརྗེ་རེས་སོགས་བྱས་ནས་ཁ་ཡོད་ལག་ཡོད་ཀྱིས་དོན་ཕན་ལྡན་པ་ཞིག་ཡོང་བར་འབད་བརྩོན་གནང་བཞིན་འདུག

ད་ལྟ་སློབ་གྲྭ་དང་དགོན་སྡེ་ཁག་ཅིག་ནང་ལས་གཞི་དེ་ཕྱིན་ཡོད་པས་མ་འོངས་པར་རྒྱ་སྐྱེད་ནས་སྤྱི་ཚོགས་ཁྱོན་ཡོངས་ནང་མགོ་འཛུགས་གནང་འཆར་ཡོད་མེད་དྲིས་པར་རྒན་ངག་དབང་ལགས་ཀྱིས། ངའི་སེམས་ལ་རྒྱ་གར་གྱི་སློབ་གྲྭའི་ནང་དུའང་ལས་གཞི་འདི་མགོ་འཛུགས་ཐུབ་ན་ཡག་པོ་འདུག་བསམ་གྱི་ཡོད། ཡིན་ནའང་སྤྱི་ཚོགས་གཞན་པར་གོམ་པ་དང་པོ་སྤོ་དུས་ཏོག་ཙམ་ཁག་པོ་ཡོད་པ་རེད། སྐུ་མདུན་གྱི་དགོངས་པ་རེད་ཅེས་ལབ་ན་ཡང་རེ་འགས་ནང་པའི་ལྟ་གྲུབ་སྤེལ་མི་ཡོང་ངམ་བསམ་མཁན་དེ་འདྲའང་ཡོང་སྲིད་པ་རེད། སྤྱིར་སྐུ་མདུན་གྱི་དགོངས་པ་ང་ཚོ་ལས་མི་རིགས་གཞན་པ་ཚོས་མང་བ་ཧ་གོ་ན་བསམ་གྱི་འདུག གཞན་དང་བསྡུར་ན་རང་བཞིན་གྱིས་ང་ཚོ་ཏོག་ཙམ་དྲག་པ་ཡོད་པ་རེད། ཡིན་ནའང་ས་གནས་གཞན་ལ་ག་ཚོད་ཁྱབ་ཐུབ་ཐུབ་བྱུང་ན་བསམ་གྱི་ཡོད། ད་ལྟ་ང་ལ་ཆ་རྐྱེན་གང་ཡང་མེད་པ་རེད། ངས་དགེ་རྒན་བྱེད་ཞོར་དུ་ལས་གཞི་འདི་བྱེད་ཀྱི་ཡོད་པས། ལས་ཁུངས་དང་ཚོགས་པ་དེབ་སྐྱེལ་སོགས་གང་ཡང་ཡོད་པ་མ་རེད། ཡག་པོ་ཞིག་བྱུང་ཚེ་ཕྱིའི་རྒྱལ་ཁབ་ཁག་གི་ནང་ལའང་རྒྱ་སྐྱེད་ཐུབ་པ་བྱུང་ན་རང་ཉིད་མ་ཤི་བར་དུ་བྱེད་རྒྱུའི་ལས་ཀ་ཞིག་རེད། འཛམ་གླིང་གི་མིའི་རིགས་ཡོད་ས་ཚང་མར་བསླེབས་ཐུབ་པའི་དམིགས་ཡུལ་བཟུང་ནའང་འགྲིག་པ་རེད། རྗེས་མ་གལ་སྲིད་ཆེན་པོ་ཆགས་ན་ལས་མི་དང་ཚོགས་པ་སོགས་ཀྱི་ཆ་རྐྱེན་མང་པོ་ཞིག་དགོས་པ་རེད། ཅེས་བརྗོད་བྱུང་།

ཡང་ལས་གཞི་དེ་ལག་བསྟར་ཁྲོད་དཀའ་ཁག་ཅི་ཡོད་དྲིས་པར་ཁོང་གིས། སློག་གྲྭ་དང་ཚོགས་སྡེ་ཁ་ཤས་ནང་འོག་ནས་སློབ་མ་དང་ཚོགས་མིས་ལས་ཀ་བྱེད་འདོད་ཡོད་ནའང་། ཚོགས་པའི་མགོ་འཛིན་དེས་སྐབས་སྐབས་སུ་ཁ་ཡ་མི་བྱེད་པ་དེ་འདྲ་ཡོང་གི་འདུག ཡང་ཁ་ཤས་ཀྱིས་ཡིན་དང་ཡིན་མཐུན་རྐྱེན་གང་དགོས་སྦྱོར་གྱི་ཡིན་གསུང་མཁན་ཡང་ཡོད་པ་དང་། ། མཐུན་རྐྱེན་སྦྱོར་མ་ཐུབ་རུང་དུས་ཚོད་འདོན་པ་སོགས་བྱེད་ཀྱི་འདུག ང་ཚོའི་སྤྱི་ཚོགས་ནང་ལས་གཞི་གསར་པ་ཞིག་འཁྱེར་ཡོང་དུས་དེའི་ཡག་སྡུག་ལ་མ་བལྟས་པར་ཕྱི་ནས་འཁྱེར་ཡོང་ཡོད་ཚེ་དེར་ཡ་མེད་གཏོང་གི་ཡོད་པ་དང་ཚོགས་པའི་མིང་ཁོ་ནར་ལྟ་ཡི་ཡོད་པ་ལྟ་བུ་ཞིག་ཚོར་སོང་། སྤྱིར་སྐུ་མདུན་གྱི་དགོངས་པ་དང་འབྲེལ་ནས་ལས་གཞི་ཞིག་སུས་བྱས་ནའང་ཁྱད་པར་ཡོད་པ་མ་རེད། སྤྱིར་བརྩམས་ཆོས་ཀློག་པ་པོ་རྣམས་ནི་ཚང་མ་རང་ཉིད་ཀྱི་འདོད་མོས་བཞིན་ཀློག་གི་ཡོད་སྟབས་ངས་མཐོང་སྣང་དཔེ་ཡག་པོ་ཀློག་གི་འདུག ཅེས་བརྗོད་བྱུང་།མཐའ་མ་དེར་ལས་གཞི་དེའི་མིང་འདོགས་སྟངས་ཐད་ལ་ཁོང་གིས། ལས་གཞི་འདིར་དབྱིན་ཡིག་ནང་ (Readers of Dalai Lama) བཏགས་པ་རེད་ལ། བོད་ཡིག་ནང་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོ་ཞེས་བཏགས་པ་རེད། ཁ་ཤས་ཤིག་གིས་དབྱིན་སྐད་ཀྱི་ (His Holiness) སྐྱབས་མགོན་ཞེས་པའི་ཚིག་དེ་མི་འདུག་ལབ་ཀྱི་འདུག ངའི་བསམ་བློའི་ནང་སྐུ་མདུན་གྱི་བརྩམས་ཆོས་ཀློག་མཁན་ཚང་མས་དད་པ་ཁོ་ནར་བརྟེན་ནས་ཀློག་གི་ཡོད་པ་མ་རེད། ཡིན་ནའང་ཁོང་ཚོས་༧རྒྱལ་བ་རིན་པོ་ཆེ་མཁས་པ་ཆེན་པོ་ཞིག་ལ་རྩིས་ཀྱི་ཡོད་སྟབས། དབྱིན་ཡིག་ནང་ཚང་མས་ཏཱ་ལའི་བླ་མ་ཞུ་ཡི་ཡོད་པའི་ཐོག་ནས་བོད་མིང་ལའང་ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོ་ཞེས་བཏགས་པ་རེད། ཁ་ཤས་ཀྱིས་སྐྱབས་མགོན་ལབ་དུས་དེ་ནི་ཆོས་ཀྱི་ལས་གཞི་ཞིག་མིན་ནམ་བསམ་མཁན་ཡང་ཡོད་པས་སྐྱབས་མགོན་དང་༧གོང་ས་མཆོག་སོགས་མཚན་གྱི་མགོར་སྦྱར་མེད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། ཀླུ་མགོན་ཐར།

The post ཏཱ་ལའི་བླ་མའི་བརྩམས་ཆོས་ཀློག་པ་པོ། appeared first on བོད་ཀྱི་དུས་བབ།.


Viewing all articles
Browse latest Browse all 4854


<script src="https://jsc.adskeeper.com/r/s/rssing.com.1596347.js" async> </script>